ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

༄༅། །བོད་ཀྱི་སྲོལ་རྒྱུན་ཟློས་གར་རྩོམ་རིག་གི་འཕེལ་འགྱུར་སྐོར་གླེང་བ།

སྤེལ་དུས 2024-01-10 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། སངས་རྒྱས་སྐྱབས།
  ནང་དོན་གནད་བསྡུས། རྩོམ་ཡིག་འདིར་རྩོམ་ཆོས་ཀྱི་རྣམ་པ་གཞིར་བཟུང་སྟེ། བོད་ཀྱི་སྲོལ་རྒྱུན་ཟློས་གར་རྩོམ་རིག་ནི་ཨ་ཅེ་ལྷ་མོའི་ཟློས་གར་རྩོམ་རིག་དང་རྣམ་ཐར་ཟློས་གར་རྩོམ་རིག་ཅེས་རྣམ་པ་གཉིས་སུ་མངོན་སྟངས་དང་། སྲོལ་རྒྱུན་ཟློས་གར་རྩོམ་རིག་གི་གསར་རྩོམ་ཐད་ནས་གྲུབ་འབྲས་ཆེན་པོ་ལོན་ཐུབ་མེད་པ་དེ་གཙོ་བོ་སྔ་མའི་མཁས་དབང་དག་གི་རིག་གནས་ཀྱི་འདུ་ཤེས་འཛིན་ལུགས་དང་སྙན་ངག་མེ་ལོང་མ། དགའ་ལྡན་ཕོ་བྲང་དུས་སྐབས་ཀྱི་སྲིད་ལུགས་ཇུས་གཏོགས་བཅས་ཕྱོགས་གསུམ་ནས་ཤུགས་རྐྱེན་ཐེབས་ཚུལ་སོགས་ཀྱི་སྐོར་ལ་དཔྱད་པ་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་ཟློས་གར་རྩོམ་རིག་གི་འཕེལ་འགྱུར་སྐོར་ལ་ཞིབ་དཔྱོད་གསེད་བཀྲོལ་གནང་འདུག
  བརྡ་ཆད་གཙོ་བོ། ཨ་ཅེ་ལྷ་མོ་ཟློས་གར་རྩོམ་རིག རྣམ་ཐར་ཟློས་གར་རྩོམ་རིག རྩོམ་ཆོས། འཕེལ་འགྱུར།
         བོད་ལ་རིག་གནས་ཆེ་ཆུང་བཅུའི་རྣམ་བཞག་དར་བ་ནས་བཟུང་ཟློས་གར་རིག་པ་ཞེས་པའི་ཐ་སྙད་འདི་རིག་གནས་ཆུང་བ་ལྔའི་ཡ་གྱལ་དུ་བྱས་ཏེ་དངོས་སུ་བྱུང་ཡོད་ལ། དེ་འབྲེལ་གྱི་ཟློས་གར་རྩོམ་ཐབས་ཀྱི་གཞུང་ལུགས་ཙམ་པོ་བ་དང་འགྱུར་རྩོམ་རེ་གཉིས་ཀྱང་བྱུང་ཡོད། ཡིན་ནའང་དུས་དང་རྐྱེན་གྱི་དབང་གིས་ཟློས་གར་རིག་པ་འདི་བོད་ཀྱི་རིག་གནས་གཞན་དག་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་བྱུང་ཐུབ་མེད། བོད་ཀྱི་ཟློས་གར་རྩོམ་རིག་གི་སྤྱིའི་འཕེལ་འགྱུར་གྱི་ངོས་ནས་བལྟས་ན་སྲོལ་རྒྱུན་ཟློས་གར་རྩོམ་རིག་དང་དེང་རབས་ཟློས་གར་རྩོམ་རིག་ཅེས་རྣམ་པ་གཉིས་སུ་དགར་ཆོག་ལ། སྲོལ་རྒྱུན་ཟློས་གར་རྩོམ་རིག་དེའང་ཨ་ཅེ་ལྷ་མོའི་ཟློས་གར་རྩོམ་རིག་དང་རྣམ་ཐར་ཟློས་གར་རྩོམ་རིག་ཅེས་རིགས་གཉིས་སུ་དབྱེ་ཆོག་པར་འདོད་དོ། །
  དང་པོ། ཨ་ཅེ་ལྷ་མོའི་ཟློར་གར་རྩོམ་རིག
         དུས་རབས་བཅུ་བཞི་ནས་བཅོ་ལྔ་བའི་བར་དུ་སྐུ་འཚོ་ཞིང་གཞེས་ལ། ལྷ་མོའི་ཟློས་གར་འཁྲབ་སྟོན་གྱི་སྲོལ་འབྱེད་པ་པོ་ཐང་སྟོང་རྒྱལ་པོ། མཚན་གཞན་ལ་ལྕགས་ཟམ་པ་དང་ཁྲོ་བོ་དཔལ་ལྡན་དུ་འབོད་པའི་བཀའ་བརྒྱུད་པའི་གྲུབ་ཆེན་དེས་བོད་ཡུལ་གྱི་འགྲོ་བའི་དོན་དུ་ཆུ་ལ་ཟམ་པ་བཙུགས་པ་དང་། ཟམ་པ་འཛུགས་པའི་མཐུན་རྐྱེན་བསྒྲུབ་པའི་དོན་དུ་ལྷ་མོའི་ཟློས་གར་གྱི་འཁྲབ་སྟོན་ལ་བརྟེན་ནས་མ་དངུལ་དང་མ་བཅོས་རྒྱུ་ཆ་སོགས་བསྡུས་པས། འཁྲབ་སྟོན་ལ་མཁོ་བའི་འཁྲབ་བྱའི་གཞུང་དེ་ཡང་ལྷ་མོའི་ཟློས་གར་གྱི་འཁྲབ་སྟོན་དང་མཉམ་དུ་བྱུང་ཡོད་པ་ཟློས་གར་སྒྱུ་རྩལ་གྱི་ཆོས་ཉིད་དོ། །ཟློས་གར་འཁྲབ་སྟོན་གྱི་རྣམ་པ་ཞིག་གྲུབ་པ་ནས་བཟུང་དེ་ལ་འཁྲབ་སྟོན་གྱི་གཞི་འཛིན་སའི་འཁྲབ་བྱའི་གཞུང་ཞིག་ངེས་པར་ཡོད་ལ། དེ་ཡིག་ཐོག་གི་རྩོམ་ཆོས་ཤིག་ཏུ་གྲུབ་ཡོད་མེད་ཅི་རིགས་ཡིན། རྩོམ་ཆོས་ཇི་ལྟ་བའི་རྣམ་པ་གཞིར་བཟུང་ན། རྩོམ་ཆོས་དེ་དངོས་ཡོད་རྩོམ་ཆོས(现实文本)དང་འདོད་བློའི་རྩོམ་ཆོས།(意向文本)ཕུགས་བསམ་རྩོམ་ཆོས(理想文本)བཅས་རྣམ་པ་རིགས་གསུམ་དུ་བཀར་ཆོག དངོས་ཡོད་རྩོམ་ཆོས་ནི་མིག་སྔར་མཐོང་ཐོས་སུ་འགྱུར་པའི་རྩོམ་ཆོས་དང་། ཡང་ན་འདས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མཐོང་ཐོས་སུ་གྱུར་མྱོང་བའི་རྩོམ་ཆོས་ལ་གོ རྩོམ་ཆོས་དེ་ནི་རྩོམ་པ་པོའི་རིག་པའི་ཕྱི་ནང་གང་དུ་གནས་ཀྱང་རུང་ལ། འདས་པའི་ལོ་ཟླའི་ནང་དུ་ཡུན་ཐུང་ཙམ་ལ་མ་གཏོགས་གནས་མ་ཐུབ་ཀྱང་ཆོག འདོད་བློའི་རྩོམ་ཆོས་ནི་རྩོམ་པ་པོའི་འདོད་བློ་རྐྱང་པའི་ངོས་ན་གནས་ཡོད་པའི་རྩོམ་ཆོས་ལ་གོ ཕུགས་བསམ་རྩོམ་ཆོས་ནི་འགྲེལ་མཁན་ཞིག་གི་རིག་པ་རྐྱང་པའི་ངོས་སུ་གནས་པའི་རྩོམ་ཆོས་ལ་ཟེར་བ་དང་། འགྲེལ་མཁན་གང་དེས་རྩོམ་པ་པོས་བརྩམས་ཟིན་པའམ་རྩོམ་རུང་པར་འདོད་པ་གང་ཞིག དོན་དངོས་སུ་རྩོམ་པ་པོས་གསར་རྩོམ་གྱི་ལག་ལེན་བྱེད་མ་མྱོང་བ་ཞིག་ལ་ཟེར།[1] དེ་བས་དངོས་ཡོད་རྩོམ་ཆོས་ནི་རྩོམ་པ་པོའི་རིག་པའི་ཕྱི་ནང་གང་རུང་དུ་གནས་ཡོད་པ་གང་ཞིག དེ་ལ་ཡི་གེའི་གཟུགས་སུ་གྲུབ་ཟིན་པའི་མངོན་གྱུར་གྱི་རྩོམ་ཆོས་དང་ཡི་གེའི་གཟུགས་སུ་མ་གྲུབ་པའི་མངོན་མེད་ཀྱི་རྩོམ་ཆོས་གཉིས་སུ་སྣང་ཞིང་། ཨ་ཅེ་ལྷ་མོའི་ཟློས་གར་རྩོམ་རིག་ནི་གཙོ་བོ་ལུས་ངག་གི་འཆད་ཉན་ལ་བརྟེན་ནས་རྒྱུད་འཛིན་བྱེད་བཞིན་ཡོད་པས་ན་མངོན་མེད་རྩོམ་ཆོས་ཀྱི་རིགས་སུ་གཏོགས། ཟློས་གར་གྱི་བསམ་བློ་དང་བྱུང་རིམ། མི་སྣ་ཚང་མ་འཁྲབ་སྟོན་པའི་སྟེང་དུ་གནས་ཡོད་ལ། འཁྲབ་གཞུང་མི་དགོས་ཤིང་། འཁྲབ་གཞུང་གནད་བསྡུས(提纲)ཡང་མེད། གཙོ་བོ་ལུས་ངག་གི་སྟེང་ནས་ཕན་ཚུན་བར་འཆད་ཉན་སྤེལ་བཞིན་ཡོད། དཔེར་ན་ཀྲུང་གོའི་དམངས་ཁྲོད་ཀྱི་ཟློས་གར་ཁ་ཤས་དེ་ལྟར་ཡིན། ཡིན་ཡང་འདི་ཙམ་ལ་དམིགས་ཏེ་ཟློས་གར་རྩོམ་རིག་མེད་པར་ཁ་ཚོན་གཅོད་མི་ནུས། དོན་དངོས་ཐོག་འདིའི་སྐབས་སུ་ཡོད་པ་ནི་མངོན་མེད་ཀྱི་འཁྲབ་གཞུང་ཞིག་ཡིན་ལ། ཡང་ན་ངག་ཐོག་རྩོམ་ཆོས་ཞེས་བརྗོད་ཀྱང་ཆོག[2]ཅེས་པ་ལྟར། བོད་ཀྱི་སྲོལ་རྒྱུན་ཟློས་གར་ཚོགས་པ་གང་ཡིན་ཡང་གཙོ་བོ་ལྷ་མོ་ཚོགས་པ་གང་དེའི་དགེ་རྒན(戏师)གྱིས་གོང་མའི་མདུན་ནས་སྦྱངས་ཡོང་བའི་འཁྲབ་བྱའི་གཞུང་གི་འཁྲབ་ཚིག་དང་འཁྲབ་འཁྱེར་སོགས་རང་གིས་གང་སྦྱངས་པ་ལྟར་ཚོགས་པའི་ནང་གི་འཁྲབ་སྟོན་པ་དག་ལ་དངོས་བརྒྱུད་ཀྱིས་ཁྲིད་ཀྱིན་ཡོད་པ་ལས་དམིགས་བསལ་གྱི་འཁྲབ་གཞུང་རྩོམ་མཁན་མེད་པར་སྣང་། གོམས་སྲོལ་འདི་ནི་སྔར་མ་ཟད་པའི་ད་ལྟའང་དེ་ལྟར་རྒྱུན་འཁྱོངས་བྱས་འདུག གུས་པ༢༠༡༩ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་དུ་ནོར་བུ་གླིང་ཀ་དང་རྫོང་རྒྱབ་ཀླུ་ཁང་དུ་སོང་ནས་ལྷ་ས་གྲོང་ཁྱེར་ཁོངས་བོད་ལྗོངས་གནའ་རབས་ལྷ་མོ་ཚོགས་པ་དང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་ལྷ་མོ་ཚོགས་པ་གཉིས་ཀྱི་དགེ་རྒན་ལ་བཅར་འདྲི་བྱས་པ་ལྟར་ན། ད་ལྟའང་འཁྲབ་ཚིག་སོགས་ནི་དགེ་རྒན་ཁོང་གཉིས་ཀྱིས་དེ་སྔོན་དགེ་རྒན་གྱི་མདུན་ནས་སྦྱངས་པ་དག་འཁྲབ་སྟོན་པ་དག་ལ་ཚིག་རྐང་རེ་རེ་བཞིན་ངག་ནས་བརྒྱུད་འཁྲིད་བྱས་པ་ཙམ་ལས་གཞི་འཛིན་སའི་ཡིག་ཐོག་གི་འཁྲབ་གཞུང་མེད[3]ཅེས་པ་དང་། བོད་ཀྱི་ཟློས་གར་ལ་ཞིབ་འཇུག་གནང་མཁན་སངས་རྒྱས་དོན་གྲུབ་ཀྱིས་ཀྱང་སྤྱིར་དམངས་ཁྲོད་ཀྱི་ཨ་ཅེ་ལྷ་མོ་ལ་འཁྲབ་གཞུང་མེད་དེ། ངག་ཐོག་ནས་བརྒྱུད་འཁྲིད་བྱེད་བཞིན་ཡོད། དེའི་རྐྱེན་གྱིས་ཨ་ཅེ་ལྷ་མོ་འཁྲབ་སྟོན་དང་གཤར་སྦྱོང་བྱེད་སྐབས་ཡིག་ཐོག་གི་འཁྲབ་གཞུང་མེད་པ་དང་། དགེ་རྒན་གྱི་ངག་ཐོག་འཁྲབ་གཞུང་ཁོ་ནར་བརྟེན་ནས་ཁྲིད་སྦྱོང་བྱེད་བཞིན་པ་རེད[4]ཅེས་གསུངས་ཤིང་། འདི་དག་ལས་ཀྱང་བོད་རང་གི་ཟློས་གར་རྩོམ་རིག་གི་སྔ་མའི་རྣམ་པ་ཇི་འདྲ་ཞིག་ཡིན་པ་ཤེས་ཐུབ་པར་སྙམ།
         བོད་ཀྱི་ཨ་ཅེ་ལྷ་མོའི་ཟློས་གར་རྩོམ་རིག་གམ་ལྷ་མོའི་འཁྲབ་གཞུང་ནི་ཡིག་ཐོག་རྩོམ་ཆོས་སུ་གྲུབ་མེད་པའི་མངོན་མེད་འཁྲབ་གཞུང(隐形剧本)གི་རྣམ་པ་ཡིན་པས། ཡིག་ཐོག་རྩོམ་ཆོས་ཇི་བཞིན་དཔར་སྐྲུན་འགྲེམ་སྤེལ་བྱེད་ཐབས་བྲལ། དེར་བརྟེན། ཨ་ཅེ་ལྷ་མོའི་ཟློས་གར་རྩོམ་རིག་གི་བརྩམས་ཆོས་ལའང་ངག་ཐོག་འཁྲབ་གཞུང་གི་རྣམ་པར་མངོན་པའི་རྣམ་ཐར་ཆེན་མོ་བརྒྱད་གཙོ་བྱས་པའི་བོད་ཀྱི་སྲོལ་རྒྱུན་ཨ་ཅེ་ལྷ་མོའི་ཟློས་གར་ཚོགས་པ་སོ་སོའི་འཁྲབ་བྱའི་རྣམ་གྲངས་ཀུན་ལ་རིགས་འགྲེ་བྱ་ཆོག་གོ །
         དཔྱོད་ལྡན་ཁ་ཤས་ཀྱིས་ལྷ་མོ་ཚོགས་པ་ཆེ་ཁག་ཚང་མར་རང་རང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཁྲབ་གཞུང་ཡོད་ཀྱང་ཚོགས་པའི་དབར་འགྲན་རྩོད་ཆེ་བས་ཕན་ཚུན་གསང་རྒྱ་དམ་པོར་བྱེད་པ་ལས་སུས་ཀྱང་སུ་ལ་སྟོན་པར་མི་བྱེད་ལ་ཡིག་ཐོག་ཏུ་ཕབ་ནས་ཕྱི་བསྒྲགས་དེ་བས་མི་བྱེད་ཟེར་མོད། ཡིན་ཡང་དེ་ནི་བདེན་པའི་གཏམ་དུ་མ་མཐོང་སྟེ། ཅིའི་ཕྱིར་ཅེ་ན། གཅིག་ནས་ལྷ་མོའི་ཟློས་གར་འཁྲབ་གཞུང་ནི་ངག་ཐོག་རྩོམ་ཆོས་ཀྱི་རྣམ་པས་ལུས་ངག་གི་འཆད་ཉན་བརྒྱུད་དེ་རྒྱུད་འཛིན་བྱེད་ཀྱིན་ཡོད་པ་དང་། གཉིས་ནས་སྔོན་གྱི་དགེ་རྒན་དང་འཁྲབ་སྟོན་པ་སུ་ཡིན་རུང་འཚོ་བ་སྐྱོང་བཞིན་པའི་འབངས་མི་ཕལ་པ་ཡིན་པས། ཁོ་ཚོར་སྐད་ངག་དང་ལུས་ཀྱི་སྟངས་སྟབས་སོགས་འཁྲབ་སྟོན་ལ་མཁོ་བའི་རྩལ་དགུ་ཅི་རིགས་འཛོམས་རུང་ཕལ་ཆེ་བ་ཡིག་རྨོངས་པ་ཤ་ཏག་ཡིན། གསུམ་ནས་ལྷ་མོའི་འཁྲབ་སྟོན་དེའང་རྩེད་འཇོ་དང་མི་ཆོས་སློབ་གསོའི་ངོས་ན་མེད་པར་དད་པ་དག་སྣང་གི་དབང་དུ་སོང་སྟེ་ཆོས་ལུགས་ཀྱི་ཆོ་ག་ལྟ་བུ་ཞིག་ཏུ་གྲུབ་ཡོད་པས་ན། ལྷ་མོ་ཚོགས་པ་གང་དེའི་རང་གི་འཁྲབ་སྟོན་གྱི་གཞི་འཛིན་སའི་ངག་ཐོག་འཁྲབ་གཞུང་དེ་འཁྲབ་སྟོན་སྐབས་སུ་མ་གཏོགས་ཕྱིར་མི་སྒྲོག་པ་ནི་འཛེམ་བྱ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་སོགས་ཀྱི་རྐྱེན་གྱིས་འཁྲབ་སྟོན་ལ་ངེས་པར་མཁོ་བའི་འཁྲབ་བྱའི་གཞུང་དེ་ཀུན་གྱི་ཐོས་ལམ་དང་མཐོང་ལམ་དུ་མ་མངོན་པ་མ་གཏོགས། འགྲན་རྩོད་རྐྱང་རྐྱང་ཞིག་གི་ངོས་ནས་ཕྱིར་མ་བསྒྲག་པ་ཡིན་ཟེར་ན་ཅུང་ཁས་ལེན་དཀའ་བའི་གནས་སུ་འཁུམས།
         དེ་བས་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་ནི་ཟློས་གར་རྩོམ་རིག་མིན་ནམ་ཞེ་ན། དེ་དག་ནི་ངག་ཐོག་རྩོམ་ཆོས་སམ་མངོན་མེད་འཁྲབ་གཞུང་འགྲུབ་པར་བྱེད་པའི་ས་བོན་ནམ་གཞི་འཛིན་ས་ཡིན་པ་ལས། དེ་དག་བརྒྱད་པོ་ཟློས་གར་རྩོམ་རིག་ཡིན་ཟེར་ན་ར་མགོ་ལུག་སྦྱར་གྱི་བྱེད་སྟངས་འབའ་ཞིག་ཏུ་མཐོང་། སྐལ་བཟང་མིག་སྒྲོན་དུ། གཤམ་དུ་ངོ་སྤྲོད་བྱ་རྒྱུའི(ཟློས་གར་ཆེན་པོ་བརྒྱད)ཟློས་གར་རྣམས་ནི་དོན་དུ་སྒྲུང་རྩོམ་ཡིན་པས་ཟློས་གར་གྱི་བརྩམས་ཆོས་མཚན་ཉིད་པའི་གྲས་སུ་མི་ཐེ་མོད། དེ་ཡང་འཁྲབ་གཞུང་གི་གཞི་འཛིན་ས་ཡིན་པས་འདིར་ཟློས་གར་གྱི་གྲས་སུ་བགྲངས་པ་ཡིན་ཞིང་བོད་དུ་བརྩམས་ཆོས་འདི་དག་སྒྲུང་གི་ཚུལ་དུ་གྱེར་བཤད་བྱེད་པའི་སྲོལ་ཡོད་ཅིང་། དེ་ལ་སྤྱིར་བཏང་དུ་རྣམ་ཐར་གཏོང་བ་ཡང་ཟེར[5]ཞེས་པས་ཀྱང་རྣམ་ཐར་ཆེན་མོ་བརྒྱད་ནི་ཟློས་གར་རྩོམ་རིག་མིན་པ་ཤེས་ཐུབ། རྣམ་ཐར་རྩོམ་རིག་དང་ཟློས་གར་རྩོམ་རིག་གཉིས་ནི་རྩོམ་ལུས་མི་འདྲ་བ་རིགས་གཉིས་ཡིན་ལ། དེ་གཉིས་ཀྱི་རྩོམ་ལུས་དང་སྒྲིག་གཞི། མི་སྣའི་སྐད་ཆ། འགལ་འདུའི་མཚོན་ཐབས། བྱུང་རིམ་གྱི་སྤེལ་སྟངས་སོགས་གང་ལ་བལྟས་རུང་རང་རང་གི་ཐུན་མིན་གྱི་ཁྱད་གཤིས་རེ་ཡོད་པས། རྣམ་ཐར་ཆེན་མོ་བརྒྱད་ཡིན་ན་ཟློས་གར་རྩོམ་རིག་ཡིན་པ་དང་། ཟློས་གར་རྩོམ་རིག་ཅེས་ན་རྣམ་ཐར་ཆེན་མོ་བརྒྱད་སྟོན་པ་ནི་རྩོམ་གྱི་རིགས་ལ་རྨོངས་པས་སོ། །
         དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་ཟློས་གར་འཁྲབ་སྟོན་དང་འཁྲབ་གཞུང་གསར་རྩོམ་གྱི་ཐད་ནས་སྔོན་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ལ། སྐབས་དེ་ནས་བཟུང་འཁྲབ་སྟོན་ལ་མཁོ་བའི་འཁྲབ་བྱའི་གཞུང་ཡང་བརྩམས་ཡོད་པར་བཤད། དཔེར་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་པོ་ཏ་ལའི་ཕོ་བྲང་དམར་པོ་བསྐྱར་བཞེངས་གྲུབ་པའི་རབ་གནས་ཀྱི་ཉིན་ལྷ་མོ་ཚོགས་པས་ནོར་བཟང་གི་གཞུང་འཁྲབ་སྟོན་བྱས་ཚུལ་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ནང་གསལ་ཡོད[6]ཅེས་པ་ལྟར། འཁྲབ་སྟོན་གྱི་གཞི་འཛིན་སའི་འཁྲབ་གཞུང་འདྲ་བ་ཞིག་ཡོད་པར་བཤད་ཀྱང་། འཁྲབ་གཞུང་དེ་ད་སྔ་ཀུན་གྱི་མཐོང་ལམ་དུ་མ་གྱུར་བས་ཟློས་གར་རྩོམ་རིག་གི་བརྩམས་ཆོས་མཚན་ཉིད་པ་ཞིག་ཡིན་མིན་ད་དུང་བཤད་དཀའ།
         ཨ་ཅེ་ལྷ་མོའི་ཟློས་གར་ལ་མཚོན་ན་ལྷ་མོ་ཚོགས་པ་གང་དེའི་དགེ་རྒན་གྱིས་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། འཁྲབ་གཞུང་རྒྱུད་འཛིན་མཁན་གསུམ་གྱི་འགན་གཅིག་ལྕོགས་སུ་འཁུར་ཡོད་པས། དགེ་རྒན་ལྟེ་བར་སྨྲ་བའི(导演中心论)སྐྱོན་གྱིས་ཟིན་ཡོད་ལ། འདིས་འཁྲབ་གཞུང་རྩོམ་པ་པོའི་གོ་གནས་དམའ་རུ་ཕབ་སྟེ། འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། འཁྲབ་སྟོན་པ་གསུམ་གྱི་བར་ལ་དོ་མཉམ་གྱི་གནས་སྟངས་ཤིག་ཆགས་པར་གཏོར་བཤིག་བཏང་ཡོད། དེ་བས། ལྷ་མོའི་ཟློས་གར་རྩོམ་རིག་གི་རྒྱུའམ་ས་བོན་ལྟ་བུར་གྱུར་པའི་རྣམ་ཐར་ཆེན་མོ་བརྒྱད་ལས་ཆོས་རྒྱལ་ནོར་བཟང་མ་གཏོགས་གཞན་བདུན་པོར་ངེས་གཏན་གྱི་རྩོམ་པ་པོ་རེ་སྟོན་རྒྱུ་མེད་པའང་འདི་ལ་རག་ལས་པར་སྙམ།
  གཉིས་པ། རྣམ་ཐར་ཟློས་གར་རྩོམ་རིག
         འདིར་བཤད་པའི་རྣམ་ཐར་ཟློས་གར་རྩོམ་རིག་ནི་མདོ་སྨད་བླ་བྲང་ཡུལ་དུ་དར་བའི(དེང་གི་བསང་ཆུ་རྫོང)རྣམ་ཐར་ཟློས་གར་གྱི་འཁྲབ་གཞུང་དེ་དག་ལ་གོ་བ་ཡིན། སྤྱིར་ན་རྣམ་ཐར་ཟློས་གར་ནི་ཐོག་མར་རེབ་གོང་རོང་བོ་དགོན་ཆེན་དུ་དར་མོད། ཡིན་ནའང་། རོང་བོ་དགོན་པའི་འཐུས་ཚང་པའི་འཁྲབ་བྱའི་རྣམ་གྲངས་གཅིག་པུ་ཆོས་རྒྱལ་ནོར་བཟང་གི་འཁྲབ་གཞུང་ནི་རོང་བོ་དགོན་པ་རང་གི་གྲྭ་པས་གསར་རྩོམ་བྱས་པ་ཞིག་མིན་པར། དབུས་གཙང་ནས་འཁྱེར་ཡོང་བ་ཞིག་ཡིན།[7]ཞེས་པ་ལྟར། རོང་བོ་དགོན་པའི་རྣམ་ཐར་ཟློས་གར་ནི་འཁྲབ་སྟོན་དང་འཁྲབ་གཞུང་གང་གི་ཆ་ཡིན་རུང་ཨ་ཅེ་ལྷ་མོ་ཟློས་གར་དང་མཐུན་པར་བཤད།
         བླ་བྲང་དགོན་པའི་རྣམ་ཐར་ཟློས་གར་གྱི་འཁྲབ་སྟོན་དང་འཁྲབ་གཞུང་སོགས་ནི་ཨ་ཅེ་ལྷ་མོ་ཟློས་གར་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དེ། སྐབས་འདིའི་འཁྲབ་བྱའི་གཞུང་སྟེ་ཟློས་གར་རྩོམ་རིག་ནི་ཐོག་མ་ཉིད་ནས་ཡིག་ཐོག་རྩོམ་ཆོས་ཀྱི་རྣམ་པར་མངོན་ཡོད། བརྩམས་ཆོས་ཀྱི་བྱུང་རིམ་དང་སྒྲིག་གཞི། མི་སྣ་དང་སྐད་ཆ་སོགས་ཕྱོགས་གང་གི་ཐད་ནས་བལྟས་ཀྱང་ཟློས་གར་རྩོམ་རིག་གི་བླང་བྱ་དང་ཅུང་མཐུན་པར་སྣང་། བརྩམས་ཆོས་གསར་རྩོམ་གྱི་གྲངས་འབོར་དང་ཆུ་ཚད་ཀྱང་སྔོན་དང་བསྡུར་ན་ཡར་རྒྱས་བྱུང་ཡོད་ལ། འཁྲབ་སྟོན་བྱེད་སྟངས་ཀྱང་ཐང་ཆེན་འཁྲབ་སྟོན་ནས་གར་སྟེགས་འཁྲབ་སྟོན་དུ་འཕེལ་འགྱུར་བྱུང་ཡོད།[8] བཀའ་གདམས་བུ་ཆོས་ལ་གཞིར་བྱས་ཏེ་སྒྲིག་རྩོམ་བྱས་པའི་དད་པ་བརྟན་པོ་དང་། གེ་སར་རྒྱལ་པོའི་སྒྲུང་ལ་བལྟས་ཏེ་སྒྲིག་རྩོམ་བྱས་པའི་ཨ་སྟག་ལྷ་མོ། བོད་རང་གི་ལོ་རྒྱུས་བསྟན་བཅོས་དག་རྨང་བྱས་ཏེ་སྒྲིག་རྩོམ་བྱས་པའི་སྲོང་བཙན་སྒམ་པོ། བོད་འགྱུར་གྱི་རཱ་མ་ཎའི་རྟོགས་བརྗོད་ལ་བལྟས་ནས་སྒྲིག་རྩོམ་བྱས་པའི་རཱ་མ་ཡ་ཎ། བཀའ་ཐང་སྡེ་ལྔ་གཞིར་བཟུང་ནས་སྒྲིག་རྩོམ་བྱས་པའི་ཁྲི་སྲོང་ལྡེ་བཙན་སོགས་ནི་སྐབས་དེའི་འཐུས་ཚབ་བརྩམས་ཆོས་དག་ཡིན། རྣམ་ཐར་ཟློས་གར་རྩོམ་རིག་དེ་དག་སྒྲིག་རྩོམ་བྱེད་མཁན་གྱི་ཁྲོད་དུ་མི་རིགས་གཞན་གྱི་ཟློས་གར་དང་། ལྷག་པར་དུ་གར་སྟེགས་ཟློས་གར་ལ་ཆ་རྒྱུས་ཡོད་མཁན་བཞུགས་པས། ཟློས་གར་རྩོམ་རིག་གི་སྒྲིག་རྩོམ་གྱི་ཐད་ལ་དངོས་ཤུགས་གང་རུང་ནས་ཤུགས་རྐྱེན་ཐེབས་ཡོད་པ་སྨོས་མ་དགོས་སོ། །
         རྣམ་ཐར་ཟློས་གར་རྩོམ་རིག་གི་བརྩམས་ཆོས་དེ་དག་དངོས་སུ་མ་བྱུང་པའི་གོང་རོལ་དུ་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས་ཟློས་གར་འཁྲབ་སྟོན་གྱི་ཆ་ནས་ཡིན་ནའང་འདྲ། ཟློས་གར་རྩོམ་རིག་གི་གསར་རྩོམ་གྱི་ཐད་ནས་ཡིན་ནའང་ཆོག ཕྱོགས་གཉིས་ཀ་ནས་དཔེ་མཚོན་དུ་རུང་བའི་བརྩམས་ཆོས་གཉིས་བརྩམས་ཡོད་དེ། དང་པོ་ནི་བླ་བྲང་དགོན་པའི་ལོ་རེའི་ལུགས་རྙིང་གི་ཟླ་བདུན་པའི་ཚེས་བརྒྱད་ཉིན་ལ་འཁྲབ་པའི་ཤ་འཆམ་སྟེ། མིང་གཞན་ལ་བདུན་པའི་རིགས་གྲྭའང་ཟེར། སྤྱིར་དེ་ནི་བླ་བྲང་དགོན་པའི་འཆམ་སྟེ་དགོན་པའི་ལོ་གཅིག་ནང་གི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན་མོད། ཡིན་ཡང་དེའི་འཁྲབ་སྟོན་གྱི་རྣམ་པ་ནི་ལྐུགས་བརྡའི་རྣམ་པའི་འཆམ་ལས་ཆེས་ཆེར་བརྒལ་ཏེ་ཟློས་གར་འཁྲབ་སྟོན་གྱི་རྣམ་པར་གྲུབ་ཡོད། དེང་གི་རྣམ་ཐར་ཟློས་གར་ལ་ཞིབ་འཇུག་བྱེད་མཁན་དག་གིས་ཀྱང་བླ་བྲང་དགོན་པའི་ཤ་འཆམ་ནི་ཟློས་གར་འཁྲབ་སྟོན་གྱི་རྣམ་པར་གྲུབ་ཡོད་ཅེས་མ་གྲོས་གཅིག་མཐུན་གྱི་ངང་ནས་བཞེད་ཀྱིན་འདུག[9] དེའི་འཁྲབ་སྟོན་གྱི་ནང་དོན་ནི་མི་ལ་རས་པའི་རྣམ་ཐར་ལས་ཁྱི་ར་རས་པ་མགོན་པོ་རྡོ་རྗེའི་གཏམ་རྒྱུད་ཡིན་ཞིང་། འཁྲབ་སྟོན་སྐབས་སུ་རིམ་པ་དྲུག་ཏུ་དགར་ཡོད་པས། དེང་གི་རྣམ་ཐར་ཟློས་གར་སྐོར་གྱི་དཔྱད་འབྲས་ཁ་ཤས་སུ་འཁྲབ་ཚན་དྲུག་ཅན་གྱི་ཤྭ་འཆམ་ཞེས་ཀྱང་བཀོད་ཡོད། ཤྭ་འཆམ་འདི་ཟློས་གར་གྱི་རྣམ་པར་གྲུབ་ཡོད་ཟེར་བའང་གཙོ་བོ་ཟློས་གར་སྒྱུ་རྩལ་གྱི་ཁྱད་ཆོས་སམ་ཐུན་མིན་གྱི་ཁྱད་གཤིས་ཏེ། མི་སྣ་གཅིག་སྡུད་དང་བྱུང་རིམ་གཅིག་སྡུད། ཁོར་ཡུག་གཅིག་སྡུད། དུས་ཚོད་གཅིག་སྡུད་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་མ་ཟད། འཁྲབ་སྟོན་སྐབས་སུ་མི་སྣའི་བར་གྱི་ཁ་བརྡས་མི་སྣའི་གཤིས་ཀ་མཚོན་པ་དང་བྱུང་རིམ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པས། ཤྭ་འཆམ་ནི་སྤྱིར་བཏང་གི་འཆམ་ལས་འཕེལ་རྒྱས་ཆེན་པོ་བྱུང་སྟེ། ཟློས་གར་སྒྱུ་རྩལ་གྱི་ཚད་དུ་སླེབས་ཡོད། དེ་བས་ཤྭ་འཆམ་འདིས་བླ་བྲང་གི་རྣམ་ཐར་ཟློས་གར་གྱི་འཁྲབ་སྟོན་ཐད་ལ་མངོན་ལྐོག་གང་རུང་ནས་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པར་འདོད་དོ། །
         གཞན་འཁྲབ་གཞུང་རྩོམ་ཐབས་ཀྱི་ཐད་ལ་མཛུབ་སྟོན་གྱི་ནུས་པ་ལྡན་པའི་བརྩམས་ཆོས་ཤིག་ཡོད་པ་ནི་ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་དུ་བཀྲི་བའི་རོལ་རྩེད་ཅེས་བྱ་བ་བཞུགས་སོ། །[10]ཞེས་པ་དེ་ཡིན། དེ་ནི་ཁ་བརྡའི་རྣམ་པའི(代言体)རྩོམ་ཆོས་སུ་བརྩམས་པའི་བོད་ཀྱི་སྲོལ་རྒྱུན་ཟློས་གར་རྩོམ་རིག་གི་བརྩམས་ཆོས་ཐོག་མ་དེར་བཞེད་ཆོག་པར་འདོད། འཁྲབ་གཞུང་དེར་ཐོག་མར་བརྩམས་ཆོས་ཁྲོད་ཀྱི་མི་སྣ་གཙོ་བོ་དག་གི་མི་རིགས་དང་རུས་མིང་སོགས་རེ་རེ་བཞིན་ངོ་སྤྲོད་བྱས་པ་དང་། རྩོམ་ཧྲིལ་པོ་ཁ་བརྡའི་རྣམ་པས་གྲུབ་ཡོད། དེ་ལ་གར་སྟེགས་གསལ་བྱེད་ཀྱི་ཞིབ་འབྲི་མེད་པ་དང་། ཆེད་དུ་འཁྲབ་སྟོན་ལ་དམིགས་ཏེ་བརྩམས་པའང་མིན་པར་སྣང་ཡང་། ཟློས་གར་རྩོམ་རིག་གི་གསར་རྩོམ་ཐད་ལ་མཛུབ་སྟོན་གྱི་ནུས་པ་ཆེན་པོ་ལྡན་ནོ། །
         དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་ནས་བཞི་བཅུ་པའི་བར་ལ་མདོ་སྨད་དུ་ལྟོས་བཅས་ཀྱིས་རིག་གནས་གསར་པ་དང་འབྲེལ་འདྲིས་བྱས་པའི་སྣང་ཚུལ་ཞིག་བྱུང་ཡོད་དེ། བསྟན་པའི་རྒྱལ་མཚན་ཚང་གིས་གྲྭ་པ་དག་ལ་བོད་ཀྱི་ཟློས་གར་འཁྲབ་པར་ནང་སྦྱོང་ཁྲིད་སྟོན་བྱས་པ་དང་། རྗེས་ནས་ཨ་མདོའི་ཟླ་དེབ་དང་བོད་ཡིག་ཚགས་པར་སོགས་སྐྲུན་ཏེ་བོད་རྒྱའི་རིག་གནས་བར་ལ་འབྲེལ་འདྲིས་བྱུང་བར་མཐུན་རྐྱེན་སྒྲུབ་ཡོད[11]ཅེས་པ་ལྟར། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་སྐབས་སུ་བླ་བྲང་དུ་རྣམ་ཐར་ཟློས་གར་འཁྲབ་སྟོན་གྱི་དབུ་དངོས་སུ་ཚུགས་པ་དང་། གླིང་ཚང་སྐལ་བཟང་ལེགས་བཤད་རྒྱ་མཚོ་དང་། དྲུང་ཡིག་རྒྱ་མཚོ། ཐུབ་བསྟན་བསྟན་འཛིན་སོགས་ཀྱིས་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པའི་འགན་བཟུང་ཡོད། འཁྲབ་ཚན་བཞི་ཅན་གྱི་སྲོང་བཙན་སྒམ་པོ་ལྟ་བུར་མཚོན་ན། འཁྲབ་གཞུང་ནི་དྲུང་ཡིག་རྒྱ་མཚོས་མ་ཎི་བཀའ་འབུམ་དང་རྒྱལ་རབས་གསལ་བའི་མེ་ལོང་། དེབ་ཐེར་སྔོན་པོ། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་ལ་ཁུངས་བཅོལ་ནས་བརྩམས་པར་གྲགས་ལ། གླིང་ཚང་དང་ཐུབ་བསྟན་བསྟན་འཛིན་གཉིས་ཀྱིས་འཁྲབ་ཁྲིད་པའི་འགན་ཁུར་ཡོད་པར་བཤད། གླིང་ཚང་ནི་ནང་སོག་དང་པེ་ཅིན་དག་ཏུ་ཐེངས་མང་པོར་ཕེབས་མྱོང་ལ། པེ་ཅིན་ནས་ཅིན་ཅུས་ཟློས་གར(京剧)གྱི་འཁྲབ་སྟོན་པ་གྲགས་ཅན་མེས་ལན་ཧྥང(梅兰芳)དང་མཇལ་ཕྲད་གནང་ཡོད་པས། གར་སྟེགས་ཟློས་གར་དང་སྒོས་སུ་རྒྱ་ནག་གི་དེང་རབས་ཟློས་གར་ལ་གསལ་ཆ་ཡོད་པ་སྨོས་མེད་ཡིན་ལ། ཐུབ་བསྟན་བསྟན་འཛིན་ལ་མཚོན་ནའང་རྒྱལ་དབང་བཅུ་གསུམ་པའི་གམ་དུ་ལོ་མང་རིང་རྩེ་དྲུང་གི་འགན་ཁུར་མྱོང་བས། སྲོང་བཙན་སྒམ་པོ་ཡི་འཁྲབ་གཞུང་གསར་རྩོམ་དང་འཁྲབ་སྟོན་གྱི་གོ་རིམ་ཁྲོད་དུ་ཁོང་གཉིས་ལྟ་བུའི་བློ་འདྲི་ས་རེ་ཡོད། དེ་བས། སྲོང་བཙན་སྒམ་པོ་ནི་འཁྲབ་གཞུང་དང་འཁྲབ་སྟོན་གང་གི་ཆ་ནས་བལྟས་རུང་ཅུང་ཚད་ལྡན་གྱི་བརྩམས་ཆོས་ཤིག་ཏུ་ལྟ་ཆོག དེའི་རྗེས་ནས་གླིང་ཚང་གིས་དད་པ་བརྟན་པོ། རཱ་མ་ཡ་ཎ་གཉིས་སྒྲིག་རྩོམ་བྱས་པ་དང་། སྔགས་པ་གྲྭ་ཚང་གི་ཟློས་གར་ཚོགས་པས་ཨ་སྟག་ལྷ་མོ་དང་སྔགས་པ་པདྨ་རིག་འཛིན་གྱིས་ཁྲི་སྲོང་ལྡེ་བཙན་སོགས་སྒྲིག་རྩོམ་བྱས་ཏེ་ཨ་མདོའི་རྣམ་ཐར་ཟློས་གར་རྩོམ་རིག་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་བཞག་ཡོད།
  གསུམ་པ། སྲོལ་རྒྱུན་ཟློས་གར་རྩོམ་རིག་གསར་རྩོམ་ལ་ཐེབས་པའི་འགོག་རྐྱེན།
         བོད་ཀྱི་སྲོལ་རྒྱུན་ཟློས་གར་རྩོམ་རིག་གི་གསར་རྩོམ་གྱི་བགྱི་བ་དེ་རྩོམ་ལུས་གཞན་དག་དང་བསྡུར་ན་ཅུང་ཉམ་ང་བའི་སྣང་ཚུལ་ཞིག་མངོན་ཡོད་པ་ནི་གཙོ་བོ་གཤམ་གྱི་རྒྱུ་རྐྱེན་འདི་དག་ལ་རག་ལས་ཏེ།
         གཅིག་ནས་དམ་པའི་ལྷ་ཆོས་སྒྲུབ་པ་གཙོར་བྱེད་པ་ལ་ཟློས་གར་དང་རོལ་མོའི་རིགས་འདི་ནི་རྣམ་གཡེང་གི་རྒྱུ་རུ་བརྩིས་ཏེ་དགག་བྱའི་ཡུལ་དུ་གྱུར་ཡོད་པས། འཇིག་རྟེན་མི་ཆོས་ལས་དམ་པའི་ལྷ་ཆོས་གཙོར་འཛིན་པའི་ཡུལ་གྲུ་འདི་རུ་ཟློས་གར་རིག་པ་ལ་དེ་འདྲའི་མཐོང་ཆེན་མི་བྱེད་དེ། དེ་ཡང་། འདི་ནི་ཀུན་ཏུ་གཡེང་བ་དང་། །ཀྱལ་བའི་རྒྱུ་ཕྱིར་རྒྱལ་བས་བཀག །འོན་ཀྱང་དཀོན་མཆོག་མཆོད་པ་དང་། །གཞན་གྱི་དོན་གྱི་ཉེས་པ་མེད། །དེས་ན་མགོན་མེད་ཟས་སྦྱིན་གྱིས། །ཞུས་ཚེ་དགེ་སློང་རྣམས་ལ་གནང་། །[12]ཞེས་པ་ལྟར། ནང་པའི་བསྟན་པར་ཡར་དཀོན་མཆོག་ལ་མཆོད་པ་མ་གཏོགས་འཇིག་རྟེན་སོ་སྐྱེས་ཕལ་བའི་སེམས་ཁམས་དང་འཚོ་བར་མཐུན་པའི་ཟློས་གར་དང་། ད་དུང་དེའི་གྲུབ་ཆར་གྱུར་བའི་རོལ་མོའི་སྒྱུ་རྩལ་སོགས་བཀག་ཡོད་པ་མཐོང་ཐུབ། གཞན་ས་པཎ་གྱི་ཡར་སྔོན་དུ་ཟློས་གར་རྩོམ་རིག་གི་བརྩམས་ཆོས་ཤིག་ལྟ་ཅི། ཐ་ན་ཟློས་གར་འཁྲབ་སྟོན་ཀྱང་མཐོང་དཀོན་པ་ས་པཎ་ཀྱི་རོལ་མོའི་བསྟན་བཅོས་ལས་ཤེས་ཐུབ་སྟེ། དབུས་འགྱུར་ཚལ་ན་གཏམ་རྒྱུད་ཀྱི། །ཟློས་གར་བྱེད་པས་ཐམས་ཅད་སྦྱོར། །མཐའ་འཁོབ་འདི་ན་དེ་ལྟ་བུ། །བྱེད་པའང་ལྟ་ཞོག་ཐོས་པའང་དཀོན། །[13]ཞེས་པ་དང་། གཞན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཀྱང་འཕགས་ཡུལ་དུ་ཟློས་གར་གྱི་རིག་པ་ཡ་མཚན་ཆེ་བར་གྲགས་ཀྱང་གངས་ཅན་དུ་དེའི་བསྟན་བཅོས་མ་བྱུང་ཞིང་ཐར་བ་དོན་དུ་གཉེར་བ་ལ་ཉེ་བར་མཁོ་བའང་མེད་པས། དེ་དང་ཆ་མཚུངས་པའི་བྱང་ཆུབ་སེམས་དཔའ་མགུ་བྱེད་ཀྱི་སྤྱོད་པ་ཀུན་ལ་བསླབ་པར་བྱ་སྟེ། སེམས་ཅན་མགུ་བྱེད་མ་གཏོགས་པ། །སངས་རྒྱས་མཉེས་པའི་ཐབས་གཞན་མེད། །[14]ཅེས་གསུངས་ཡོད་པ་སོགས་ལས་ཤེས་ཐུབ་བོ། །
         གཉིས་ནས་སྙན་ངག་མེ་ལོང་བོད་དུ་བསྒྱུར་བས། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། སྒོས་སུ་ཚིག་རྒྱན་སྙན་ངག་བྱུང་བའི་དངོས་རྒྱུ་རུ་གྲུབ་ཡོད། འོན་ཀྱང་། མེ་ལོང་མའི་གཞུང་གིས་བོད་ཀྱི་ཟློས་གར་རྩོམ་རིག་གི་གསར་རྩོམ་ཐད་ལ་ཚོད་འཛིན་ཆེན་པོ་ཐེབས་ཡོད་དེ། དེ་ཡང་བོད་མཁས་པའི་སྙན་འགྲེལ་དུ་སྤེལ་མ་ནི་ཟློས་གར་གྱི་བསྟན་བཅོས་སཾ་སྐྲི་ཏ་དང་། རང་བཞིན་དང་། ཟུར་ཆག་དང་། ཤ་ཟའི་སྐད་རིགས་བཞི་ཚང་བ་བཅད་ལྷུག་སྤེལ་མའི་བདག་ཉིད་ཅན་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་རྒྱ་དཔེ་ལྟ་བུ[15]ཞེས་པ་ལྟར། ཟློས་གར་རྩོམ་ན་སྐད་རིགས་བཞི་ཚང་དགོས་པའི་གདམས་པ་གནང་ཡོད་པས། བོད་ཀྱི་ཟློས་གར་འཁྲབ་གཞུང་གསར་རྩོམ་གྱི་ཐད་ལ་ནུབ་ཕྱོགས་ཀྱི་གནའ་རབ་རིང་ལུགས(古典主义)དང་འདྲ་བར་བཀག་རྒྱ་ཆེན་པོ་ཞིག་བཟོས་ཡོད། ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་དུ་བཀྲི་བའི་རོལ་རྩེད་ཅེས་བྱ་བ་བཞུགས་སོ་ཞེས་པའི་མཇུག་བྱང་དུ། དེའང་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཟློས་གར་ཞེས་པ་རྒྱ་གར་ན་སྐད་རིགས་བཞིའི་སྒོ་ནས་སོ་སོར་འདོན་པའི་དབང་གིས་ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཟེར་བ་ཡིན་ཞིང་། བོད་ལ་སྐད་རིགས་གཅིག་ལས་མེད་པས་ཟློས་གར་མཚན་ཉིད་པ་མི་འོང་པར་གསུང་། འོན་ཀྱང་དེང་དུས་རྒྱ་བོད་ཧོར་གསུམ་ཐམས་ཅད་དུ་བསྟན་པ་དར་ཡོད་པས་དེ་དག་སོ་སོའི་སྐད་ཀྱིས་བྱས་ན་སྐད་རིགས་སོ་སོའི་ཕྱོགས་གོ་ཞིང་། འདི་འདྲའི་རྐྱེན་གྱིས་ཆོས་ཀྱི་གནད་འགག་གལ་ཆེ་བ་རྣམས་ལ་བློ་ཁ་ཕྱོགས་མཁན་ཡང་འབྱུང་སྲིད་དམ་སྙམ་པ་དང་། རང་ཉིད་སོ་སོ་ཡང་དག་པར་རིགས་པ་བཞི་འགྲུབ་པའི་རྒྱུ་མཐུན་དུ་བསམས་ཏེ[16]ཞེས་པའི་གསུང་སྒྲོས་འདི་ལས་ཀྱང་སྙན་ངག་མེ་ལོང་མས་བོད་ཀྱི་ཟློས་གར་རྩོམ་རིག་གི་གསར་རྩོམ་ཐད་ལ་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་ཡོད་པ་རྟོགས་ནུས་སོ། །
         གསུམ་ནས་དགའ་ལྡན་ཕོ་བྲང་གི་དུས་སྐབས་ནས་བཟུང་ལྷ་མོའི་ཟློས་གར་གྱི་འཁྲབ་སྟོན་ལ་འཕེལ་རྒྱས་ཕྱིན་པ་དང་མཉམ་དུ་ཚད་བཀག་ཀྱང་ངེས་ཅན་ཐེབས་ཡོད་དེ། སྔར་བོད་ཀྱི་ས་གནས་སྲིད་གཞུང་གི་རྩེ་ཕྱག་ལས་ཁུངས་སམ་རྩེ་འཕྲལ་བདེ་ལས་ཁུངས་ཀྱིས་ལྷ་མོའི་འཁྲབ་གཞུང་ལ་བཟོ་བཅོས་གཏན་ནས་བྱེད་མི་ཆོག་པ་དང་། ངེས་པར་ཁོ་ཚོས་ཞིབ་བཤེར་གཏན་འབེབས་བྱས་པ་ཇི་བཞིན་འཁྲབ་སྟོན་བྱེད་དགོས་པར་ཐག་གཅོད་བྱས་ཡོད[17]ཅེས་པ་སྟེ། ལྷ་མོའི་འཁྲབ་གཞུང་ལ་བཟོ་བཅོས་བྱེད་མི་ཆོག་ཟེར་བའང་དོན་དམ་པར་རྣམ་ཐར་ཆེན་མོ་བརྒྱད་ལ་བཟོ་བཅོས་བྱེད་མི་ཆོག་པ་ཡིན་པར་འདོད།
         མདོར་ན། བོད་ཀྱི་སྲོལ་རྒྱུན་ཟློས་གར་རྩོམ་རིག་གི་འཕེལ་འགྱུར་སྐོར་ཞིབ་དཔྱོད་གསེད་བཀྲོལ་བྱེད་པ་བརྒྱུད་ནས། ང་ཚོས་བོད་ཀྱི་སྲོལ་རྒྱུན་ཟློས་གར་རྩོམ་རིག་གི་རྣམ་པ་ཇི་འདྲ་ཞིག་ཡིན་པར་སྔར་ལས་ལྷག་པའི་ངེས་ཤེས་གསལ་པོ་ཞིག་འདྲོངས་ཐུབ་ཅིང་། བོད་ཀྱི་ཟློས་གར་རྩོམ་རིག་དེ་ཐོག་མའི་ངག་ཐོག་རྩོམ་ཆོས་ནས་རིམ་བཞིན་ཡིག་ཐོག་རྩོམ་ཆོས་དང་། ཐང་ཆེན་འཁྲབ་སྟོན་ནས་གར་སྟེགས་འཁྲབ་སྟོན་ལ་དམིགས་ནས་འཁྲབ་གཞུང་གསར་རྩོམ་བྱེད་སྟངས་སོགས་བོད་ཀྱི་སྲོལ་རྒྱུན་ཟློས་གར་རྩོམ་རིག་ཡུལ་དུས་དང་བསྟུན་ནས་རིམ་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་བཤུལ་ལམ་ཞིག་མཐོང་ཡོང་སྟེ། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་འབྱུང་ཁམས་འཐུས་ཚང་ཅན་དང་སྣ་མང་ཅན་དུ་བྱས་ཡོད་དོ། །
  

 

  

  དཔྱད་ཡིག
  [1]〔美〕乔治•J.K.格拉笑 汪信砚、李白鹤译:《文本的形态分类》【J】 北京《国外社会科学》2005年第2期 ,P30
  [2] 董健、马俊山:《戏剧艺术十五讲》【M】北京大学出版社 北京 2012年2月,P112
  [3] བཅར་འདྲི་བྱ་ཡུལ་ནི་ལྷ་ས་གྲོང་ཁྱེར་ཁོངས་བོད་ལྗོངས་གནའ་རབས་ལྷ་མོ་ཚོགས་པའི་དགེ་རྒན་བློ་བཟང་བཀྲ་ཤིས་དང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་ལྷ་མོ་ཚོགས་པའི་དགེ་རྒན་ཡོན་ཏན་བསམ་འགྲུབ་གཉིས་ཡིན།
  [4] སངས་རྒྱས་དོན་གྲུབ། སོ་ནམ་པ་དང་ཟློས་གར། དབུས་གཙང་ཨ་ཅེ་ལྷ་མོའི་ཞིབ་འཇུག【D】པེ་ཅིང་། ༢༠༡༢ལོའི་ཟླ༥པའི་པར་ཐེངས་དང་པོ། ཤོག་ངོས༩༦ནང་གསལ།
  [5] རྒྱ་ཡེ་བཀྲ་བྷོ། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན།【G】ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ༧པའི་པར་ཐེངས་དང་པོ། ཤོག་ངོས༦༦༦དང༦༦༧ནང་གསལ།
  [6] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། 【M】 པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༩པཔའི་པར་ཐེངས་དང་པོ། ཤོག་ངོས༡༨༤༡ནང་གསལ།
  [7] 桑吉东智:《论安多藏戏的发展状况与文化特点—以甘青地区的“南木特”戏为例》【D】北京2006年4月 P31
  [8]刘志群:《中国藏戏史》【M】拉萨 西藏人民出版社2009年9月P226
  [9] འདིའི་སྐོར་ནས་པད་མ་རྡོ་རྗེ་ལགས་ཀྱི་ཨ་མདོ་རྣམ་ཐར་གྱི་བྱུང་འཕེལ་སྐོར་བརྗོད་པ་དང་། ཨ་ལོ་རིན་རྒྱལ་པོ་དང་རེབ་གོང་རྡོ་རྗེ་ཐར་གཉིས་ཀྱི་བླ་བྲང་བཀྲ་ཤིས་འཁྱིལ་དང་རོང་བོ་དགོན་ཆེན་གཉིས་ནས་དར་བའི་བོད་ཀྱི་རྣམ་ཐར་ཟློས་གར་གྱི་བྱུང་བ་བརྗོད་པ། ལུའུ་ཀྲུ་ཆོན(刘志群)གྱི་ཀྲུང་གོའི་བོད་ཀྱི་ཟློས་གར་ལོ་རྒྱུས་སོགས་སུ་གཟིགས་ན་ཤེས་ཐུབ།
  [10] བརྩམས་ཆོས་འདི་ནི༢༠༠༥ལོའི་ཟླ༡༢པར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་པོད༼ད༽ཡི་ནང་དུ་བདམས་ཡོད།
  [11] 刘志群著:《中国藏戏史》【M】拉萨 西藏人民出版社2009年9月P227此段引之:格桑泽仁著:《拉章扎西溪概况》载《方志》1936年九卷第3、4期。
  [12] ས་པཎ་ཀུན་དགའ་རྒྱལ་མཚན་སོགས་ཀྱིས་མཛད། ཟློས་གར་དང་མཁས་མཇུག [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་ཟླ༢པའི་པར་ཐེངས་དང་པོ། ཤོག་ངོས༡༠དང༡༡ནང་གསལ།
  [14] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཐུན་མོང་རིག་གནས་ཀྱི་རྣམ་གཞག [M] ཁྲི་འདུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ལོའི་ཟླ༣པའི་པར་ཐེངས་དང་པོ། ཤོག་ངོས༡༨༤ནང་གསལ།
  [15] བོད་མཁས་པ། སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་པ་བཞུགས་སོ། ། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་ཟླ༡༢པའི་པར་ཐེངས་དང་པོ། ཤོག་ངོས༡༤༦ནང་གསལ།
  [16] དོན་འགྲུབ་རྡོ་རྗེ་སོགས་ཀྱིས་བསྒྲིགས། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ། [G] པེ་ཅིང་། པོད༼ད༽ མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ༦པའི་པར་ཐེངས་དང་པོ། ཤོག་ངོས༢༩༢ནང་གསལ།
  [17] རིན་ཆེན་བཀྲ་ཤིས། དེང་རབས་བོད་ཀྱི་ཟློས་གར་གྱི་བྱུང་བ་དང་ཁྱད་ཆོས་མདོ་ཙམ་གླེང་བ། [J] པེ་ཅིང་། ཀྲུང་གོའི་བོད་རིག་པ།(བོད་ཡིག)༢༠༡༢ལོའི་དུས་དེབ་དང་པོ། ཤོག་ངོས༢༦ནང་གསལ།
  ཡོང་ཁུངས། ༢༠༢༣ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་གཉིས་པ།