རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །
དུས་མཐར་ཐུབ་བསྟན་རྒྱལ་མཚན་བསྒྲེང་བའི་ཕྱིར། །
གསུམ་ལྡན་ངུར་སྨྲིག་འཆང་བའི་རྣམ་རོལ་བ། །
ཡབ་རྗེ་འཇིགས་མེད་དབང་པོའི་ཞབས་ལ་འདུད། །
དམ་པའི་སྐྱེས་བུ་འགའ་ཞིག་མདོ་སྔགས་ཀྱི། །
ལམ་བཟང་སྒྲུབ་ཚུལ་བསླབ་བྱ་བྱེད་པ་པོ། །
རང་ཉིད་བསམ་ཞིང་རང་ལ་ཡི་མུག་སྐྱེས། །
འདི་ཕྱིའི་སྐྱབས་སུ་བླ་མ་བསྟེན་ན་ཡང་། །
བདེན་ཁ་རང་གིས་བཟུང་བ་ཡིད་རེ་མུག །
དལ་འབྱོར་དོན་ཆེ་རྙེད་དཀའ་ཟེར་བཞིན་དུ། །
དོན་མེད་སྟོང་པར་གཟད་པ་ཡིད་རེ་མུག །
ནོར་རྐུན་མཐོང་ནས་ཤིན་ཏུ་ཟོན་བྱེད་ཀྱང་། །
མི་རྐུན་གཤིན་རྗེའི་ཟོན་མེད་ཡིད་རེ་མུག །
ལྐོག་གྱུར་གནས་ལུགས་འཚོལ་བའི་ཁུལ་བྱེད་ཀྱང་། །
མངོན་འགྱུར་འཆི་བ་མི་མཐོང་ཡིད་རེ་མུག །
ཉེས་སྤྱོད་ཆུ་བོ་ཐུར་དུ་རྒྱུག་བཞིན་དུ། །
བདེ་འགྲོར་མ་ཟད་བདེ་བ་ཅན་འདོད་ཀྱང་། །
དམྱལ་བའི་གཏིང་རྡོ་བྱེད་པ་ཡིད་རེ་མུག །
སྐྱིད་སྡུག་འདམ་དབང་ཡོད་ཅིང་ཤེས་བཞིན་དུ། །
ཐར་མེད་བཙོན་རར་འཇུག་པ་ཡིད་རེ་མུག །
གཞན་ལ་འདི་ཕྱིའི་སྐྱབས་འཇུག་ཁས་ལེན་ཡང་། །
རང་ཉིད་གར་འགྲོ་མེད་པ་ཡིད་རེ་མུག །
བསྟན་འཛིན་གོང་མའི་གྲལ་དུ་འཚང་ན་ཡང་། །
བསྟན་པའི་སྒོ་རུ་མ་ཆུད་ཡིད་རེ་མུག །
སྡོམ་གསུམ་ནོར་བུའི་གཏེར་ཁ་ཕྱེ་བ་ལས། །
ཉེས་ལྟུང་རྙོག་ཆུ་རྡོལ་བ་ཡིད་རེ་མུག །
གྲོལ་བ་ཐར་བ་དོན་གཉེར་ཟེར་བཞིན་དུ། །
སྲེད་མཁོས་ཕྱི་ཕྱིར་འཆིང་བ་ཡིད་རེ་མུག །
ཐར་འདོད་སྐྱེས་བུ་ཡིན་པ་གཞིར་བཞག་ལ། །
ཅི་བྱས་འཁོར་བའི་རྒྱུར་སོང་ཡིད་རེ་མུག །
མིག་རྩ་ནོར་ལ་གཏད་དེ་ཆོག་ཤེས་ཀྱི། །
གདམས་ངག་བྲོ་བའི་ཆོས་བཤད་ཡིད་རེ་མུག །
དཀའ་ཚེགས་ཆེ་ལ་འདི་ཕྱི་གང་དུ་ཡང་། །
ཕན་མེད་ཤྭ་སྡུག་ཁྱི་སྡུག་ཡིད་རེ་མུག །
རྩེ་གཅིག་དད་པའི་རྒྱུ་ནོར་བསགས་བསགས་ཀྱང་། །
འཆི་ཚེ་ཅམ་གྱིས་བསྐྱུར་དགོས་ཡིད་རེ་མུག །
འདི་བས་འདི་དགོས་མང་སྟེ་བཤོལ་བའི་འོས། །
དམ་ཆོས་གཅིག་པུར་བབ་པ་ཡིད་རེ་མུག །
བསྟན་པའི་བྱ་བར་བཏགས་ནས་སྡེ་དགོན་བསྐྱངས། །
ཆགས་སྡང་རུ་མར་སོང་བ་ཡིད་རེ་མུག །
གྲ་སློབ་སྦྱིན་བདག་ངན་པ་ཡར་ཐེན་པས། །
རང་ཉིད་ཐུར་དུ་ལྷུང་བ་ཡིད་རེ་མུག །
རྒྱ་ཆེན་གཞུང་ལུགས་ལྟ་བའི་མིག་བགྲད་ནས། །
བླང་དོར་ལག་ནོམ་དགོས་པ་ཡིད་རེ་མུག །
འགྲིག་འགྲིག་ཆོས་གཏམ་བཤད་ཀྱང་སྤྱོད་ཚུལ་ལ། །
བལྟས་ཀྱིན་གྲོགས་ཀྱི་ཞེ་ཁྲེལ་ཡིད་རེ་མུག །
གཡོ་སྒྱུ་འཕྲལ་ལ་གཞན་གྱི་མ་ཤེས་ཀྱང་། །
མཆོག་གསུམ་ཐུགས་ཁྲེལ་འབྱུང་བ་ཡིད་རེ་མུག །
སྙིང་རྗེའི་ཉམས་བཏོད་རང་མཁོ་ཕུགས་སུ་བཅུག །
བྱི་ལའི་འཇམ་སྐད་འདོན་པ་ཡིད་རེ་མུག །
དགེ་སྦྱོར་བྱས་ཀྱིན་སེམས་དང་རྨི་ལྟས་ཚུན། །
ཇེ་ཐུར་ཇེ་ཐུར་འགྲོ་བ་ཡིད་རེ་མུག །
མི་ཚེ་ཆོས་ལ་བསྐྱལ་བའི་མལ་ས་ནས། །
དུད་འགྲོའི་བེམ་པོ་བྱུང་ན་ཡིད་རེ་མུག །
ད་ལྟ་གདེང་ཡོད་ཁུལ་གྱིས་སོས་བདེར་བསྡད། །
འཆི་ཁ་སྡུག་སྨྲས་ཤོར་ན་ཡིད་རེ་མུག །
མདོར་ན་འཁྲུལ་པ་མེད་པ་རྒྱལ་བའི་བཀའ། །
སྔོན་བྱོན་དམ་པའི་གསུང་དང་རྣམ་པར་ཐར། །
འཁོར་འདས་སྐྱོན་ཡོན་གང་གི་སྒོ་ནས་ཀྱང་། །
རང་གི་སེམས་ལ་བལྟས་ན་ཡིད་རེ་མུག །
དམ་པར་བཀུར་བས་རང་རྒྱུས་ཤེས་བཞིན་དུ། །
སྟོང་འུར་ལང་བས་དམ་པའི་ཁུར་འཛིན་ཅིང་། །
དེ་ཡི་རྫུན་འགེབས་གཡོ་སྒྱུ་ཅི་ཡང་བྱས། །
རང་གི་ངང་ཚུལ་འདི་ཡིས་རྗེས་དཔག་ན། །
སྙིགས་དུས་བླ་སྤྲུལ་དགེ་བའི་བཤེས་གཉེན་དུ། །
གྲགས་པའི་ཁྲོད་ནའང་ཕྱི་ནང་གོ་འཛོལ་བ། །
ང་འདྲ་ཡོད་དམ་སྙམ་དུ་དོགས་པ་སྐྱེས། །
མཆོད་གྲལ་ལྡེར་བཟོ་ལྟ་བུའི་བླ་ཆེན་དང་། །
བཅོས་མའི་མེ་ཏོག་འདྲ་བའི་སྐུ་སྐྱེའི་རིགས། །
མཁས་དང་གྲུབ་པའི་འབག་གྱོན་གར་མཁན་རྣམས། །
གཞན་མགོ་འདོན་པའི་སྔོན་ལ་རང་མགོ་ཐོན། །
ངང་ཚུལ་དྲང་པོར་སྨྲས་པའི་བདེན་གཏམ་འདིས། །
མི་རྣམས་རང་སེམས་ལྟ་བའི་མིག་འདྲེན་དུ། །
སོང་སྟེ་སྐྱོན་ཡོན་བླང་དོར་ངོས་ཟིན་ནས། །
ཆོས་ལ་ཆོས་བཞིན་སྤྱོད་པའི་རྒྱུར་གྱུར་ཅིག །
ཅེས་པ་འདི་ནི་མཁྱེན་རབ་ཀྱི་དབང་ཕྱུག་རྩེ་དབུ་སྤྲུལ་སྐུ་འཇམ་དབྱངས་བཤེས་གཉེན་གྱིས་བསླབ་བྱ་ཞིག་དགོས་ཚུལ་བྱུང་བ་ལྟར་བྲི་བར་བརྩམས་པའི་ཚེ། གཞན་ལ་སློབ་པ་ལ་རང་ཇི་འདྲར་སོང་འདུག་སྙམ་དུ་རྣམ་རྟོག་གི་རྒྱུ་ཚུལ་འདི་འདྲ་ཞིག་བྱུང་པ་ལྟར་སྐྱོ་གླུའི་ཚུལ་དུ༧བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྨྲས་པའོ།། །།