གཤམ་དུ་བཀོད་པའི་གསུང་རྩོམ་དེ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གསུངས་པའི་བསླབ་བྱ་ཞིག་གོ། གང་དེའི་རྩོམ་ལུགས་དང་ཚིག་འགྲོས་ཐུན་མོང་མ་ཡིན་པ་དེས། ཕྱིས་ཀྱི་གུང་ཐང་སློབ་གཉེར་བསླབ་བྱ་སོགས་བོད་ཀྱི་བསླབ་བྱའི་རྩོམ་རིག་གི་རྩོམ་ལུགས་རྩོམ་སྟངས་ཐད་ལ་ཤུགས་རྐྱེན་ཐེབས་ཡོད་ལས་ཆེ། རྩོམ་རིག་སྤྱི་དང་སྒོས་སུ་བསླབ་བྱའི་རྩོམ་རིག་སྐོར་ལ་ཞིབ་འཇུག་གནང་མཁན་ཚོར་དཔྱད་གཞི་ཙམ་དུ་ཕུལ་བ་དགེའོ།།
༄༅། །ན་མོ་ལོ་ཀེ་ཤྭ་རཱ་ཡ།
ཁྱེད་འདིར་འཚོགས་ཀྱི་སྐལ་ལྡན་ཕོ་མོ་རྣམས།།
སྙིང་ནས་ཆོས་ཤིག་བྱེད་འདོད་ན།།
དཔེ་དང་རྒྱུ་ཡི་སྒོ་ནས་རྙེད་དཀའ་བའི།།
དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར།།
ཐོས་བསམ་སྒོམ་ལ་འབུངས་ཤིག་སྐལ་ལྡན་ཚོ།།
ཉེ་བའི་གཉེན་དང་མཐུན་པའི་བཤེས་ལ་སོགས།།
ཚེ་འདིའི་གྲོགས་པོ་བསླུ་བྲིད་མཁན་རྣམས་ནི།།
འཇིག་རྟེན་ཆོས་བརྒྱད་སློབ་པའི་སློབ་དཔོན་ཡིན།།
ཁམས་གསུམ་འཁོར་བར་འཁྲིད་པའི་ས་མཁན་ཡིན།།
གྲོགས་མེད་གཅིག་པུར་སྒོམས་ཤིག་སྐལ་ལྡན་ཚོ།།
བརྩིགས་པའི་མཁར་དང་བསགས་པའི་ནོར་ལ་སོགས།།
ཟས་ནོར་ལོངས་སྤྱོད་དངོས་པོ་འདི་རྣམས་ནི།།
ཉོན་མོངས་དུག་གསུམ་སྐྱེ་བའི་རྩ་བ་དང་།།
ཐར་བའི་སྲོག་རྩ་གཅོད་པའི་མཚོན་ཡིན་པས།།
ནོར་གྱི་གསོག་འཇོག་མ་བྱེད་སྐལ་ལྡན་ཚོ།།
གྲོང་དང་དགོན་པ་འདུ་འཛིའི་གནས་ལ་སོགས།།
བག་མེད་སྤྱོད་པའི་གནས་ཁང་འདི་རྣམས་ཀུན།།
ཕྲག་དོག་ཆགས་སྡང་སྐྱེད་པར་བྱེད་པ་དང་།།
ཁམས་གསུམ་འཁོར་བར་འཆིང་བའི་ཞགས་པ་ཡིན།།
རི་ཁྲོད་དབེན་པ་བསྟེན་ཅིག་སྐལ་ལྡན་ཚོ།།
ཐོག་མེད་དུས་ཀྱི་དྲིན་ཆེན་ཕ་མ་རྣམས།།
དམྱལ་མེ་འབར་བས་རྟག་ཏུ་བསྲེགས་གྱུར་ཅིང་།།
བཀྲེས་སྐོམ་གསོད་གཅོད་སྐྱེ་རྒ་ན་འཆི་སོགས།།
སྡུག་བསྔལ་དྲག་པོས་ནད་ཀྱིས་གཟིར་གྱུར་པའི།།
འཁོར་བའི་སྡུག་བསྔལ་སོམས་ཤིག་སྐལ་ལྡན་ཚོ།།
མི་དགེའི་ལས་ནི་ཆེ་འབྲིང་ཆུང་གསུམ་གྱི།།
འབྲས་བུ་ངན་སོང་གསུམ་དུ་སྐྱེ་འགྱུར་ཞིང་།།
ཟག་བཅས་དགེ་བ་ཆེ་འབྲིང་ཆུང་གསུམ་གྱི།།
འབྲས་བུ་བདེ་འགྲོ་གསུམ་དུ་སྐྱེ་འགྱུར་བས།།
རྒྱུ་འབྲས་བསླུ་མེད་སོམས་ཤིག་སྐལ་ལྡན་ཚོ།།
ཟག་པ་མེད་པ་ཆེ་འབྲིང་ཆུང་གསུམ་ལས།།
འབྲས་བུ་མྱང་འདས་གསུམ་པོ་འཐོབ་འགྱུར་ཏེ།།
ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་གྲོལ་ནས།།
མཐར་ཐུག་རྣམ་མཁྱེན་སངས་རྒྱས་ཐོབ་འགྱུར་བས།།
དགེ་འགྱུར་ཁྱད་པར་རྩིས་ཤིག་སྐལ་ལྡན་ཚོ།།
འཁོར་བར་འཁྱམས་པའི་སེམས་ཅན་འདི་རྣམས་ཀྱིས།།
ཐོག་མེད་དུས་ནས་བདག་ལ་ཕན་བྱས་ཤིང་།།
བདག་གི་ཕྱིར་དུ་ལས་ངན་བསགས་པ་ཡིས།།
འཁོར་བར་ལྷུང་ནས་སྡུག་བསྔལ་མྱོང་འགྱུར་བས།།
བྱང་ཆུབ་སེམས་མཆོག་སྐྱེད་ཅིག་སྐལ་ལྡན་ཚོ།།
བདག་ཉིད་གཅེས་པར་འཛིན་པའི་རང་འདོད་འདིས།།
ཐོག་མེད་དུས་ནས་འཁོར་བའི་སྒྲོག་ཏུ་བཅུག།
ལས་དང་ཉོན་མོངས་སྡུག་བསྔལ་དྲག་པོས་གཟིར།།
ད་ནི་བདག་གི་གཅེས་འཛིན་བཏང་བྱས་ནས།།
གཞན་ཉིད་གཅེས་པར་ཟུངས་ཤིག་སྐལ་ལྡན་ཚོ།།
གཞན་གྱི་བདག་ལ་མི་རིགས་གནོད་བྱས་ན།།
ཁྲོས་པའི་ཚུལ་གྱིས་གནོད་ལན་མི་འཇལ་ཞིང་།།
བཟོད་པ་བསྟེན་པའི་གཉེན་དུ་ཤེས་བྱས་ནས།།
གུས་པའི་ཚུལ་གྱིས་མཆོད་ཅིང་བསྟོད་ལ་སོགས།།
གནོད་ལན་ཕན་པས་སྒྲུབས་ཤིག་སྐལ་ལྡན་ཚོ།།
དྲིན་ཆེན་ཕ་མ་སེམས་ཅན་ཐམས་ཅད་ཀྱི།།
ནད་དང་སྡུག་བསྔལ་བདག་གིས་ལེན་པ་དང་།།
བདག་གི་དགེ་བདེ་མ་ལ་གཏོང་བ་སོགས།།
གཏོང་ལེན་གཉིས་པོ་རྒྱུན་དུ་སྒོམ་པ་ཡིས།།
བསམ་སྦྱོར་རྒྱུན་དུ་སྐྱེད་ཅིག་སྐལ་ལྡན་ཚོ།།
འགྲོ་དྲུག་འཁོར་བའི་འཇིགས་ལས་བསྐྱབ་ཕྱིར་དུ།།
འཇིག་རྟེན་ལྷ་ལ་སྐྱབས་མགོན་མ་རེ་བར།།
བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་པོ་ལ།།
ལུས་ངག་ཡིད་གསུམ་གུས་པས་སྐྱབས་འགྲོ་ཞིང་།།
དཀོན་མཆོག་སྐྱབས་འོག་ཞུགས་ཤིག་སྐལ་ལྡན་ཚོ།།
ཐོས་བསམ་སྒོམ་གསུམ་དགེ་བ་གང་བྱེད་རྣམས།།
བདག་གི་དོན་དུ་ནམ་ཡང་མི་བྱེད་ཅིང་།།
འགྲོ་ཀུན་ཐར་བའི་བདེ་བ་ཐོབ་ཕྱིར་དུ།།
སྣང་ལ་རང་བཞིན་མེད་པར་ཤེས་བྱས་ནས།།
བྱང་ཆུབ་སེམས་གཉིས་སྐྱེད་ཅིག་སྐལ་ལྡན་ཚོ།།
གླིང་བཞི་རི་རབ་ཉི་ཟླས་བརྒྱན་པ་འདི།།
འདོད་ཡོན་ལྔ་དང་རིན་ཆེན་བདུན་ལ་སོགས།།
ལུས་དང་ལོངས་སྤྱོད་དགེ་རྩ་ཅི་མཆིས་རྣམས།།
འགྲོ་བའི་དོན་ཕྱིར་དཀོན་མཆོག་གསུམ་པོ་ལ།།
དད་འདུན་གུས་པས་ཕུལ་ཅིག་སྐལ་ལྡན་ཚོ།།
སོ་སོར་ཐར་དང་བྱང་སེམས་གསང་སྔགས་ཀྱི།།
རྩ་བ་ཡན་ལག་དམ་ཚིག་སྡོམ་པ་རྣམས།།
མཁན་སློབ་སྤྱན་སྔར་ཁས་ལེན་དམ་བཅས་ཀྱང་།།
ཉོན་མོངས་དབང་གིས་སྡོམ་གསུམ་ཉམས་པ་རྣམས།།
འགྱོད་ཚངས་བཤགས་པ་གྱིས་ཤིག་སྐལ་ལྡན་ཚོ།།
བདེ་མཆོག་ལ་སོགས་རང་ལུས་ཡི་དམ་དུ།།
རྣམ་པ་གསལ་བར་གྱུར་པ་བསྒོམ་བྱས་ནས།།
འཁྱེར་སོ་གསུམ་དང་རྟག་ཏུ་ལྡན་པ་ཡིས།།
ཅིར་སྣང་ཐམས་ཅད་ལྷ་རུ་ཤེས་བྱས་ནས།།
ཐ་མལ་རྣམ་རྟོག་སྤོངས་ཤིག་སྐལ་ལྡན་ཚོ།།
སྤྱི་གཙུག་བདེ་ཆེན་འཁོར་ལོའི་ཕོ་བྲང་དུ།།
བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས།།
ཐམས་ཅད་འདུས་པའི་དཔལ་ལྡན་བླ་མའི་སྐུ།།
རྣམ་པ་གསལ་བར་འབྲལ་མེད་བཞུགས་པ་ལ།།
རྩེ་གཅིག་གསོལ་བ་ཐོབ་ཅིག་སྐལ་ལྡན་ཚོ།།
ཉེས་པ་ཐམས་ཅད་འབྱུང་བའི་རྩ་བ་འདི།།
བདག་ཏུ་འཛིན་པའི་རྩ་བ་འདི་ཡིན་ཞིང་།།
བདག་ཅེས་བྱ་བ་བདེན་པར་མ་གྲུབ་པར།།
ཐམས་ཅད་རྟོག་པའི་སྒྲོ་བཏགས་ཡིན་པས་ན།།
བདག་འཛིན་འགོང་པོ་ཐུལ་ཅིག་སྐལ་ལྡན་ཚོ།།
ཚོགས་དྲུག་ཡུལ་དུ་སྣང་བ་ཅི་ཤར་ཡང་།།
རྨི་ལམ་ཡུལ་གྱི་སྣང་བ་ཇི་བཞིན་དུ།།
རང་སེམས་འཁྲུལ་པའི་སྣང་བ་ཡིན་པས་ན།།
སྣང་ཡང་རང་བཞིན་མེད་པར་ཤེས་བྱས་ནས།།
ངོ་བོ་བདེན་འཛིན་སྤོངས་ཤིག་སྐལ་ལྡན་ཚོ།།
ཅིར་སྣང་ཐམས་ཅད་རང་གི་སེམས་ཡིན་པས།།
སེམས་ཉིད་གདོད་ནས་སྐྱེ་བ་མེད་པས་ན།།
གཞི་མེད་རྩ་བྲལ་ཕྱག་རྒྱ་ཆེན་པོ་དང་།།
རྟག་ཆད་བྲལ་བ་དབུ་མ་ཆེན་པོའི་ལམ།།
དེ་ཉིད་ངང་ལ་ཞོག་ཅིག་སྐལ་ལྡན་ཚོ།།
བདེ་སྡུག་ཕན་གནོད་བསྟོད་སྨད་ཅི་བྱུང་ཡང་།།
རང་སེམས་འཁྲུལ་བའི་ཆོ་འཕྲུལ་ཡིན་པས་ན།།
སྣང་ཡང་བདེན་པ་མེད་པར་ཤེས་བྱས་ནས།།
དགག་སྒྲུབ་སྤོང་ལེན་བདེན་འཛིན་མི་བྱེད་པར།།
གང་བྱུང་གྲོགས་སུ་འགྲོགས་ཤིག་སྐལ་ལྡན་ཚོ།།
དེ་ལྟར་ཉམས་སུ་བླངས་པའི་དགེ་རྩ་དང་།།
རང་གཞན་ཀུན་གྱི་དགེ་བ་ཅི་ཡོད་རྣམས།།
འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས།།
རྒྱ་ཆེན་སེམས་ཅན་ཡོངས་ལ་བསྔོ་བ་དང་།།
དེ་ལྟར་གོ་བར་གྱིས་ཤིག་སྐལ་ལྡན་ཚོ།།
རྒྱུ་འབྲས་སྤང་བླང་ཤེས་པའི་དུས་འདི་རུ།།
དགེ་བ་འདི་རྣམས་ཉམས་སུ་མ་བླངས་ན།།
གཏིང་མཐའ་མེད་པའི་འཁོར་བའི་མེ་འོབས་སུ།།
བསྐལ་བ་དུ་མ་ཉིད་དུ་ལྷུང་གྱུར་ན།།
རང་གཞན་དོན་གཉིས་ཤིན་ཏུ་འགྲུབ་པར་དཀའ།།
བསམ་མནོ་ལེགས་པར་ཐོངས་ཤིག་སྐལ་ལྡན་ཚོ།།
ད་ལྟ་འདི་རྣམས་ཉམས་སུ་བླངས་གྱུར་ན།།
ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་གྲོལ་ནས།།
བདེ་ཆེན་ཐར་བའི་གླིང་དུ་ཕྱིན་གྱུར་ཏེ།།
མཐར་ཐུག་རྒྱལ་བའི་གོ་འཕང་ཐོབ་པ་དང་།།
རང་གཞན་དོན་གཉིས་འགྲུབ་བོ་སྐལ་ལྡན་ཚོ།།
གཞན་གྱིས་བདག་ལ་སྙིང་གཏམ་སྟོན་པ་དཀོན།།
རང་གིས་རང་ལ་གྲོས་ཤིག་མ་བཏབ་ན།།
ཕྱིས་ནས་དལ་འབྱོར་མི་ལུས་རྙེད་པར་དཀའ།།
དེ་བས་ད་རེས་རང་ལ་གྲོས་བཏབ་ནས།།
རྙེད་ལ་སྙིང་པོ་ལོངས་མཛོད་སྐལ་ལྡན་ཚོ།།
ཞེས་གསུངས་སོ།།