ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ཚ་ཤོས།

༄༅། །ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་ལ་བསྟོད་པ་ཕུལ་བྱུང་མ་བཞུགས་སོ། །

སྤེལ་དུས 2023-05-31 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། ཞྭ་དམར་ཆོས་གྲགས་ཡེ་ཤེས།
ན་མོ་མཉྫུ་གྷོ་ཥཱ་ཡ།
ཕུལ་དུ་བྱུང་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་ལ། །
དུས་གསུམ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྟོད། །
འཇམ་པའི་དབྱངས་ཀྱིས་གདུལ་བར་བྱ་བའི་དབུགས་དབྱུང་སྩོལ། །
མགོན་པོ་དེ་ཡི་རྣམ་པར་འཕྲུལ་པ་ལ་ཕྱག་འཚལ། །

ཤེས་བྱ་ཀུན་ལ་མཁྱེན་པའི་ཡེ་ཤེས་ལྷག་པར་རྒྱས། །
ཕན་བདེའི་དགའ་བ་འགྲོ་བ་ཀུན་གྱི་ཐོབ་ལ་དགྱེས། །
ཐུབ་དབང་རྒྱལ་ཚབ་གངས་ཅན་ལྗོངས་སུ་མངོན་བྱུང་བ། །
མཚུངས་བྲལ་མཚན་མཆོག་དོན་དང་ལྡན་པ་ཁྱོད་ལ་འདུད། །

བསོད་ནམས་བརྒྱ་ཕྲག་ཚོགས་ལས་ཉེ་བར་འཁྲུངས་པའི་སྐུ། །
དབུ་ཡི་གཙུག་ཏོར་མངོན་པར་འཕགས་ཤིང་རབ་ཏུ་གསལ། །
སྨིན་འཚམས་མཛོད་སྤུ་དུང་ལྟར་གཡས་སུ་ལེགས་པར་འཁྱིལ། །
གསང་གནས་སྦུབས་སུ་ནུབ་པའི་མཚན་རྣམས་ལྡན་ལ་འདུད། །

ཚིག་དོན་བཟང་ཞིང་རྒྱུན་ཆགས་སྙིང་ནི་སིམ་བྱེད་ལ། །
འདུས་པ་རིང་དུ་གནས་པ་རྣམས་དང་ཉེར་འཁོད་དག །
འདྲ་བར་ཚངས་པའི་དབྱངས་ཀྱིས་དམ་པའི་ཆོས་སྟོན་པ། །
རྣམ་པར་དག་པའི་གསུང་མངའ་ཁྱོད་ལ་རབ་ཏུ་འདུད། །

ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་མ་ལུས་མངོན་གྱུར་ཀྱང་། །
རྣམ་པར་རྟོག་པས་ཅུང་ཟད་རྙོག་པར་མ་གྱུར་པས། །
མི་རྟོག་ཡེ་ཤེས་ལྷུན་གྱིས་གྲུབ་པ་བརྙེས་པ་ཡི། །
ཐུགས་ཀྱི་གསང་བ་མཆོག་གི་བདག་ཉིད་ཁྱོད་ལ་འདུད། །

མདོ་སྔགས་ཐ་སྙད་གཙུག་ལག་གང་དང་གང་འཆད་པ། །
སློབ་མའི་བློ་ཡི་ནུས་པ་རྗེས་སུ་འཐུན་པར་ནི། །
སོ་སོའི་རྒྱུད་ལ་ཤེས་རབ་མྱུར་དུ་བསྐྱེད་མཛད་པའི། །
སྨྲ་བའི་དབང་ཕྱུག་བསྔགས་པར་འོས་པ་ཁྱོད་ལ་འདུད། །

རིགས་ཀྱིས་དྲེགས་པས་བརྒྱགས་ཤིང་རྩོད་ལ་བྱང་བ་ཡི། །
ང་རྒྱལ་ལྕགས་ཀྱུ་བྲལ་བའི་གླང་པོ་མྱོས་མཚུངས་པ། །
འཕྲོག་བྱེད་དགའ་བོ་ལ་སོགས་རྩོད་པ་ལ་སྲེད་རྣམས། །
རིགས་པའི་སེང་གེས་ཚར་བཅད་རྗེས་སུ་བཟུང་ལ་འདུད། །

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དམ་པའི་ལམ་མཐུན་པ། །
ལེགས་བཤད་སྐྱེས་བུའི་མགུལ་རྒྱན་ཚིག་གི་གཏེར་ལ་སོགས། །
ནང་རིག་སྡེ་སྣོད་དགོངས་འགྲེལ་ཐུབ་པའི་དགོངས་པ་གསལ། །
སྡོམ་པ་གསུམ་གྱི་རབ་དབྱེའི་བསྟན་བཅོས་མཛད་ལ་འདུད། །

སྐྱེ་བ་ཉེར་ལྔའི་བར་དུ་འཇམ་དབྱངས་ཞབས་པད་བསྟེན། །
རྒྱ་བོད་མཁས་པའི་ཚོགས་ལ་ཐ་སྙད་མདོ་དང་སྔགས། །
དེང་སང་ཉན་བཤད་ཡོད་རྣམས་གསན་སྦྱོང་མཐར་སོན་ཚུལ། །
མཁས་པའི་གྲགས་པས་ཕྱོགས་ཀུན་ཁྱབ་པ་ཁྱོད་ལ་འདུད། །

སོ་ཐར་བྱང་སེམས་རིག་པ་འཛིན་པའི་སྡོམ་བཟུང་ནས། །
སྐུ་གསུང་ཐུགས་ལ་ཉེས་པས་ཅུང་ཟད་མ་གོས་པས། །
དྲི་མེད་བསླབ་པ་གསུམ་པོ་ཡོངས་སུ་དག་གྱུར་ཞེས། །
བཙུན་པའི་མཆོག་ཏུ་སྐྱེ་བོའི་ཚོགས་ཀྱིས་བཀུར་ལ་འདུད། །

ཐུབ་པའི་བསྟན་ལ་མི་ཕྱེད་གུས་པ་བླ་མེད་ཀྱང་། །
འཁྲུལ་དང་མ་འཁྲུལ་བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །
བརྟག་པར་མཛད་མོད་ལྟ་སྒོམ་ངེས་དོན་ཉིད་འདོམས་ཤིང་། །
ཐེ་ཚོམ་སེལ་བའི་སྐབས་ཕྱེ་གཟུ་བོར་གནས་ལ་འདུད། །

ཚད་གཟུང་མི་ནུས་ཡོན་ཏན་དུ་མ་མངའ་བ་ཡི། །
དམ་པའི་ཆོས་དང་འཇིག་རྟེན་སྲིད་ཀྱི་སྟོབས་རྒྱས་སླད། །
ཧོར་གྱི་རྒྱལ་བུ་གོ་དན་བསྟན་ལ་དད་པར་མཛད། །
ལུགས་གཉིས་ཕྲིན་ལས་རྨད་དུ་བྱུང་བར་གྱུར་ལ་འདུད། །

ཁྱོད་ཀྱི་བསྟན་བཅོས་དཔྱད་པའི་སྒོ་མང་ལ། །
རྣམ་པར་དཔྱད་ཚེ་ཀུན་སློང་ནོངས་པའི་ཆ། །
ཕྲ་མོ་སྲིད་པའི་ཉེས་ཚོགས་དག་པ་དང་། །
མཁས་གྲུབ་དགོངས་པ་འགལ་མེད་དྲང་ངེས་དོན། །

སྨྲས་ཤིང་ཅུང་ཟད་བསྟོད་པའི་དགེ་བ་གང་མཆིས་དེས། །
ཚེ་རབས་ཀུན་ཏུ་དྲན་ཤེས་མི་བརྗེད་གཟུངས་ཐོབ་ཅིང་། །
བག་ཡོད་སྤོབས་པས་སངས་རྒྱས་བསྟན་པ་རིས་མེད་སྐྱོང་། །
འགྲོ་བ་རྣམས་ཀྱི་མགོན་པོ་ཉིད་དུ་དག་གྱུར་ཅིག །

ས་སྐྱ་པཎྜི་ཏ་ཞེས་པའི། །
སྙན་གྲགས་འཛམ་བུ་གླིང་གང་བ། །
དེ་ཡི་ཡོན་ཏན་མཐའ་ཡས་ལ། །
ཆ་ཤས་ཙམ་ཞིག་བསྟོད་པ་ཡིན། །
        ཞེས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་ལ་བསྟོད་པ་ཤླཽ་ཀ་བཅོ་ལྔ་པ་འདི། ཤཱཀྱའི་དགེ་སློང་ཆོས་ཀྱི་གྲགས་པས་ལྕགས་ཕོ་འབྲུག་ལོ་ཟླ་བ་དགུ་པའི་ཉེར་ལྔ་ལ་བྲིས་པའོ།། །།