ལོ་གསར་སྐབས་ཀྱི་མཐོང་ཐོས་མྱོང་གསུམ།
སྤེལ་དུས 2019-02-20
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། ལྷ་མོ་ཚེ་རིང་།
ལོ་གསར་གྱི་སྡེར་ཁ།
གནའ་ནས་ད་ལྟའི་བར་དུ། རང་ཅག་བོད་མི་རིགས་ཀྱིས་ལོ་གསར་ནི་རྟགས་དང་རྟེན་འབྲེལ་གྱི་ཐོག་མ་རུ་བགྲང་བས། ལོ་གསར་གྱི་སྐབས་སུ་གླུ་གར་གྱི་རྩེད་མོ་སྣ་ཚོགས་ལ་ཅི་དགར་རོལ་ཅིང་། གོས་གསར་པ་གྱོན་པ་དང་ཟས་ཞིམ་པོ་བཟའ་བ་ནི་གནའ་ནས་བརྒྱུད་ཡོང་བའི་སྲོལ་རྒྱུན་བཟང་པོ་ཞིག་ཏུ་ཆགས་ཡོད། ལོ་གསར་སྔོན་གྱི་གྲ་སྒྲིག་གྱ་ནོམ་པ་དང་། གནམ་གང་དགོང་མོའི་བསང་མཆོད་དང་ལོ་གསར་འཁྱེར་བའི་སྲོལ། གཞན་ལོ་གསར་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་གྱི་གླུ་གར་དང་སྤོ་ལོའི་བྱ་འགུལ་སྣ་ཚོགས་བཅས་ལོ་གསར་དང་འབྲེལ་བའི་གླེང་རིན་ཡོད་པའི་བརྗོད་གཞི་ནི་བགྲང་གིས་མི་ལངས་པ་ཞིག་ཡོད་མོད། ཁོ་མོར་མཚོན་ན་ལོ་གསར་ཞེས་གླེང་དུས་དྲན་པའི་ཡོལ་བའི་ངོས་སུ་ཝ་ལེར་ཤར་འོངས་པ་ནི་ལོ་གསར་སྐབས་སུ་བྱིས་པ་རྣམས་ཁྱིམ་ཚང་རེ་རེར་ལོ་སྐལ་ལེན་དུ་འགྲོ་བ་དང་། གཞོན་པ་རྣམས་ཀྱིས་ཐག་ཉེ་རིང་གི་གཉེན་ཉེ་དང་རྒན་རྒོན་རྣམས་ལ་ལོ་གསར་འཁྱེར་བའི་སྲོལ་དེ་རེད།
ལོ་གསར་གྱི་ལོ་སྐལ་ལེན་དུ་འགྲོ་བཞིན་པའི་བྱིས་པ་གཉིས།
ང་ཚོའི་ཕ་ཡུལ་གྱི་ལུགས་སྲོལ་ལྟར་ན། གནམ་གང་དགོང་མོའི་དུས་ཚོད་བཅུ་གཉིས་སྟེང་ཁྱིམ་ཚང་སོ་སོས་རང་ཁྱིམ་གྱི་ཁང་སྟེང་ནས་ཡུལ་ལྷ་གཞི་བདག་ལ་བསང་གཏོང་པ་དང་སྦྲགས་བྱིས་པ་རྣམས་མལ་ལས་ལངས་ཏེ་སྡེ་བའི་ཁྱིམ་ཚང་སོ་སོར་ལོ་སྐལ་ལེན་དུ་འགྲོ་བ་ཡིན། ཁྱིམ་ཚང་གང་ཞིག་གི་སྒོ་ཁར་སླེབས་རྗེས་བྱིས་པ་རྣམས་ཀྱིས་མཉམ་གཅིག་ཏུ“ཨ་ནེ་ཚང་ལོ་གསར་ཡག་ག”ཞེས་འབོད་ལ། ཁྱིམ་དེའི་ཁྱིམ་བདག་མས་ཀྱང“ཡག་ག་ཡག་ག”ཞེས་ལན་འདེབས་ཞོར་མདུན་ནས་བསུ་བ་དང་། བྱིས་པ་རྣམས་ལ་ལོ་སྐལ་དུ་ཀ་ར་དང་སྒོར་མོ་སོགས་སྟེར་བ་ཡིན། ཁྱིམ་ཚང་དུ་ལོ་ལོན་རྒན་རྒོན་ཡོད་ན་བྱིས་པ་རྣམས་ཀྱིས་ལོ་ཕྱག་འཚལ་བ་དང་། ལོ་ལོན་རྒན་པ་དག་གིས་ལོ་གསར་པའི་ནང་བྱིས་པ་རྣམས་ཀྱི་བྱ་བ་ལམ་འགྲོ་དང་ཁ་ལས་དབང་ཐང་དར་བའི་ཁ་གཡང་འབོད་བཞིན་ལོ་སྐལ་སྟེར་བ་ཡིན། ད་ལོར་ཁོ་མོས་ཀྱང་རང་ཁྱིམ་ནས་ཨ་ཕ་དང་མཉམ་དུ་བྱིས་པ་རྣམས་ལ་ལོ་སྐལ་བྱིན་པ་ཡིན། ནམ་གུང་གི་སྐབས་དེར་ཕྱི་རོལ་ཏུ་གྲང་ངར་ལྷག་ཏུ་ཆེ་ནའང་བྱིས་པ་རྣམས་ཀྱི་གདོང་ལ་འཛུམ་མདངས་རྒྱས་ཤིང་དགའ་སྤྲོས་ཁེངས་ཡོད་ལ། ལུས་ལ་གང་མཛེས་གང་ཡག་གི་བོད་ལྭ་གྱོན་ཡོད་པ་དང་ལག་ཏུ་ལོ་སྐལ་ལེན་བྱེད་ཀྱི་ཁུག་མའང་བཟུང་འདུག བྱིས་པ་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་སྐལ་ལེན་དུ་འགྲོ་བཞིན་པའི་རྣམ་པ་དེ་མཐོང་འཕྲལ། ཆུང་དུས་སུ་རང་ཉིད་ཀྱང་ད་ལྟའི་བྱིས་པ་དག་དང་འདྲ་བར་ཁྱིམ་ཚང་སོ་སོར་ལོ་སྐལ་ལེན་དུ་སོང་བ་དབང་མེད་དུ་ཡིད་ལ་འཁོར་ཡོང་། སྐབས་དེར་ཁྱིམ་ཚང་གི་ཆ་རྐྱེན་དབུལ་བས་ནམ་རྒྱུན་ལྭ་བ་གསར་པ་གྱོན་རྒྱུ་མེད་ལ། ཕ་མ་སོགས་ཞོར་ལས་ལ་སོང་སྟེ་ཉོས་ཡོང་བའི་ལྭ་བ་གསར་པ་དེ་ལོ་གསར་གནམ་གང་གི་དགོང་མོར་ད་གཟོད་གྱོན་ཆོག་པས། ཉལ་ཁར་ལྭ་བ་དག་རང་ཉིད་ཀྱི་སྔས་མགོར་བཞག་སྟེ་གཉིད་པ་དང་། ནམ་གུང་དུ་ལོ་སྐལ་ལེན་དུ་འགྲོ་དགོས་པ་སེམས་སུ་དྲན་ཚེ་གཉིད་ཀྱང་མ་ཁུག་པར་བསྡད། སྐབས་དེར་ལོ་སྐལ་དུ་ཁྱིམ་ཚང་རེས་ཀ་ར་གཉིས་གསུམ་ཙམ་རེ་སྟེར་བ་དང་བསྡོམས་པས་ཀ་ར་བརྒྱ་ལྷག་ལག་སོན་བྱུང་ཐུབ། ལོ་སྐལ་དུ་བྱིན་པའི་ཀ་ར་རྣམས་ཡང་ནས་བསྐྱར་དུ་བརྩིས་རྗེས་ཟ་མ་ཕོད་པར་ཕུ་བོ་དང་ཨ་ཅེ་སོགས་ཀྱིས་མི་མཐོང་ས་ཞིག་ཏུ་སྦས་ནས་བཞག ད་ལྟ་ཕྱིར་འདང་རེ་བརྒྱབ་ན་བྱིས་དུས་ཀྱི་ལོ་གསར་ནི་དངོས་གནས་བརྗེད་དུ་མེད་པའི་དྲན་ཤིང་ཉག་གཅིག་རེད། སྐབས་དེར་ང་ཚོ་སྡེ་བའི་ཁྱིམ་ཚང་དག་གི་ཆ་རྐྱེན་དེ་འདྲའི་མི་བཟང་བས། ལོ་གསར་གྱི་ཟས་རིགས་ལ་ཆང་དང་དུ་བ། གཞན་ཀ་ར་དང་ཉི་འབྲུ་ཙམ་ལས་སྒྲིག་ཐུབ་ཀྱིན་མེད། ད་ལྟ་མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། ལོ་གསར་ལ་ཟས་རིགས་སྣ་ཚོགས་ཀྱི་སྡེར་ཁ་བསྒྲིགས་ཡོད་པར་མ་ཟད། ཤ་ཆང་རི་རབ་བཞིན་སྤུངས་ཡོད་ལ། བྱིས་པ་རྣམས་ཀྱི་ལོ་སྐལ་དུའང་ཀ་ར་གང་འདོད་དུ་སྟེར་བ་ལས་གཞན་སྒོར་མོ་ཡང་སྟེར་བཞིན་འདུག ལོ་གསར་ཚེས་གཅིག་གི་ནངས་མོར་ཚ་བོས་ལོ་སྐལ་བླངས་ཚར་རྗེས་ཕྱིར་ཁྱིམ་དུ་སླེབས་པ་ན། ངས་ཀུ་རེའི་ཚུལ་དུ་ལོ་སྐལ་དུ་སྒོར་ག་ཚོད་འདུག་ཅེས་དྲིས་པ་ན། ཚ་བོས་ཁུག་མ་ལས་སྒོར་མོ་གཅིག་ཅན་དང་ལྔ་ཅན་དག་ཕྱིར་བླངས་ཏེ་བརྩི་མགོ་བརྩམས་པ་དང་། ང་ཚོ་སྡེ་བར་ཁྱིམ་ཚང་སུམ་ཅུ་ལྷག་ལས་མེད་ཀྱང་སྒོར་བརྒྱ་ལྷག་ལག་སོན་བྱུང་འདུག ཨ་ཕས་བཤད་པ་ནང་བཞིན་སྒོར་མོ་ག་ཙམ་ལག་སོན་བྱུང་བ་དེ་གཙོ་བོ་མིན་པར། གཙོ་བོ་ལོ་གསར་ཚེས་གཅིག་ཉིན་བྱིས་པ་རྣམས་དགའ་རུ་འཇུག་རྒྱུ་དེ་རེད། ང་ཚོའི་དུས་སྐབས་དང་ཚ་བོའི་དུས་སྐབས་ཀྱི་ལུས་ཀྱི་གྱོན་པ་དང་། ལོ་སྐལ་ཙམ་གྱི་སྟེང་ནས་ཀྱང་མང་ཚོགས་རྣམས་ཀྱི་འཚོ་བ་དབྱར་གྱི་མཚོ་མོ་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་པ་ཤེས་ཐུབ།
སྡེ་བའི་རླངས་འཁོར།
གཞན་ད་དུང་གླེང་འོས་པ་ཞིག་ཡོད་པ་ནི། ལོ་གསར་གྱི་སྐབས་སུ་དགོན་པ་དང་ཐག་ཉེ་རིང་དུ་ཡོད་པའི་གཉེན་ཉེ་དག་ལ་ལོ་གསར་འཁྱེར་བའང་ལོ་གསར་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ལོའི་ལོ་གསར་གྱི་སྐབས་སུ་ངས་ཀྱང་དཔའ་ལུང་དུ་ཡོད་པའི་ཨ་ཕྱི་ཚང་ལ་ལོ་གསར་ཁྱེར་བ་ཡིན། སློབ་ཆེན་འགྲིམས་པ་ནས་བཟུང་བྱ་བའི་བྲེལ་ཟིང་གི་རྐྱེན་གྱིས་ལོ་ངོ་མང་པོ་ཞིག་ལ་ཁོ་ཚང་དུ་ལོ་གསར་འཁྱེར་མ་ཐུབ། ཆུང་དུས་ལོ་གསར་གྱི་སྐབས་སུ་ནམ་རྒྱུན་ཨ་ཕའི་རྗེས་དེད་དེ་ཁོ་ཚང་ལ་ལོ་གསར་ཁྱེར་བ་ཡིན། སྐབས་དེར་ཁོ་ཚང་དཔའ་ལུང་རྫོང་སྟག་ལུང་ཞང་བག་ལེ་སྡེ་བར་ཡོད་པ་དང་། ཁོ་ཚང་ལ་འགྲོ་ཚེ་རྐང་ཐང་དུ་འགྲོ་དགོས་པ་དང་ལམ་བར་ནས་ལ་ལུང་མང་པོ་བརྒལ་དགོས། ནངས་མོའི་ཉི་རྩེ་སར་བརྒྱབ་པ་ཙམ་ནས་ལམ་ལ་ཆས་ན་དགོང་མོ་ས་རུབ་ལ་ཉེ་སྐབས་ད་གཟོད་ཁོ་ཚོའི་སྡེ་བར་འབྱོར་ཐུབ། སྐབས་དེར་ལོ་ན་ཆུང་བས་ལ་སྟེང་དུ་འཛེག་སྐབས་འགྲོ་མ་ཐུབ་པར་དྲེལ་ལ་ཞོན་ཏེ་སོང་བའང་ད་ལྟ་གསལ་ལེར་དྲན་ཡོང་། ཡིན་ཡང་། ཐེངས་འདིར་ཁོ་ཚང་དུ་ལོ་གསར་འཁྱེར་བ་ན་ཁོ་ཚོ་སྡེ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། གོང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ཁོ་ཚོའི་སྡེ་བ་དཔའ་ལུང་རྫོང་ཀ་མདོ་གྲོང་རྡལ་དུ་གནས་སྤར་ཡོད་ལ། ཁོ་ཚང་དུ་ལོ་གསར་འཁྱེར་བར་ད་ལྟ་སྐར་མ་བཞི་བཅུ་ཙམ་གྱི་ལམ་ཐག་ལས་མེད་ཅིང་། སྔོན་ཆད་ནང་བཞིན་རྐང་ཐང་དུའང་འགྲོ་མི་དགོས་ལ། ད་ལྟ་ཁོ་ཚོ་སྡེ་བའི་ཁྱིམ་ཚང་རེར་ཧ་ལམ་རླངས་འཁོར་གཅིག་རེ་ཡོད་པས། འགྲིམ་འགྲུལ་དང་འཚོ་བ་སོགས་སྔར་ལས་སྟབས་ཇེ་བདེར་གྱུར་ཡོད། སྔོན་ཆད་ཁོ་ཚང་དུ་ལོ་གསར་འཁྱེར་ནའང་ལེགས་སྐྱེས་སུ་གོ་རེ་དང་རང་ཁྱིམ་ནས་བཙགས་པའི་ནས་ཆང་ལས་གཞན་འཁྱེར་རྒྱུ་ཅང་མེད་མོད། ཐེངས་འདིར་ཁོ་ཚང་དུ་སོང་བ་ན་ཨ་ཞང་དང་ཨ་ནེ་རྣམས་ཀྱིས་འཁྱེར་ཡོང་བའི་ཞོ་དང་འོ་མ། ཆང་སོགས་ཤོག་སྒམ་དང་ཤོག་སྒམ་བྱས་ཏེ་སྤུངས་འདུག་ལ། ཁོ་ཚང་གི་ཤིང་ཁང་གྲུ་བཞི་རུ་ཁྱིམ་མི་ལྷན་འཛོམས་ཀྱི་དགོད་སྒྲས་ཡོངས་སུ་ཁེངས་འདུག
བོད་ལྭ་གྱོན་པའི་བྱིས་པ་འགའ།
སྤྱིར་བྱིས་པ་རྣམས་ཁྱིམ་ཚང་སོ་སོར་ལོ་སྐལ་ལེན་དུ་འགྲོ་བ་དང་། གཞོན་པ་རྣམས་ཀྱིས་ཐག་རིང་གི་གཉེན་ཉེ་རྣམས་ལ་ལོ་གསར་འཁྱེར་བ་ནི་ལོ་གསར་རོལ་སྟངས་ལས་ཆ་ཤས་ཙམ་ཞིག་ཡིན་ལ། དེ་འདྲའི་གླེང་རིན་ཡོད་པ་ཞིག་ཡིན་པའི་ངེས་པའང་མེད་མོད། འོན་ཀྱང་། སྔོན་ཆད་ཀྱི་དཀའ་སྡུག་གི་ལོ་ཟླ་དང་བསྡུར་ཏེ་བལྟས་པ་ན། བྱིས་པའི་ལོ་གསར་གྱི་ལོ་སྐལ་དང་ལོ་གསར་འཁྱེར་བའི་སྲོལ་ཙམ་གྱི་ཆ་ནས་ཀྱང་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་པ་ཤེས་ཐུབ་བོ། །
ལོ་གསར་གྱི་སྐབས་སུ་ལྷ་བསང་གཏོང་བཞིན་པ།