ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྒྲུང་གཏམ།

བོར་སོང་བའི་ཚེ་སྲོག

སྤེལ་དུས 2017-09-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། མང་རའི་རྒྱལ་མཚན།
          དབྱར་ཟླ་དྲུག་པའི་ལྗང་མདོག་གི་རྩྭ་ཐང་ནི་ངོས་གནམ་ལ་བསྐོར་པའི་ཅོག་ཙེ་ཞིག་དང་འདྲ་ལ། སྔོ་བསངས་ནམ་མཁའ་ནི་དེའི་སྟེང་དུ་ཁ་སྦུབས་ནས་བཞག་ཡོད་པའི་སླ་ང་ཞིག་དང་དབྱེར་མ་མཆིས། གནམ་གོར་མོ་དང་ས་ལེབ་མོ་སྟེ། མཐོང་ལམ་གྱི་ཡུལ་ཁམས་ཧྲིལ་བོ་ཁ་དོག་གཉིས་ཁོ་ནས་གྲུབ་ཅིང་། ཕ་མཐའ་བྲལ་པའི་ཡུལ་ཁམས་ཆེན་པོ་འདིར། འཚོ་གནས་ཀྱི་ཆེད་དུ་འདུར་རྒྱུག་ལ་རེམ་བཞིན་པའི་སྲོག་ལྡན་སུ་ཞིག་ཡིན་རུང་། རང་ཉིད་ཤིན་ཏུ་ཉམ་ཆུང་ལ་ཅི་ཡིན་ཆ་མི་འཚལ་བར། གང་ཞིག་ནས་བོར་ལོས་འགྲོ་སྙམ་པའི་འཇིགས་སྣང་རབ་རིབ་ཅིག་ངང་གིས་སྐྱེས་ཡོང་།
          ལྟོས་དང་། ཁོད་ཡངས་པའི་རྩྭ་ཐང་དུ་ཨོང་བ་སྤམ་མཐོར་སྤུངས་འདྲའི་ཁང་མིག་བརྒྱ་ཕྲག་འགའ་ཡོད་པ་དེ་ནི། གསར་དུ་འཛུགས་སྐྲུན་བྱས་པའི་ཐང་སྐྱ་གྲོང་རྡལ་རེད། ཉེ་བའི་ལོ་འགའི་ནང་། ས་འདིར་རྨོ་བསྐྱུར་རྩྭ་འདེབས་ཀྱི་སྲིད་ཇུས་ལག་བསྟར་དངོས་འབེབས་བྱས་པས། ཉེ་འདབས་ཀྱི་འབྲོག་སྡེ་ནས་དུད་ཁྱིམ་བརྒྱ་ཕྲག་ལྷག་གིས་སྲོལ་རྒྱུན་གྱི་མཚེར་ས་སྤོར་བའི་འཚོ་བ་མཚམས་བཞག་སྟེ་གནས་གཅིག་ཏུ་འདུས་སྡོད་བྱེད་པའི་འཚོ་བ་རོལ་མགོ་བརྩམས། དེའི་ནང་འཇོན་ཐང་ཅན་སྐོར་ཞིག་གིས་ཕྱུགས་ཟོག་བཙོངས་ནས་ལས་རིགས་གསར་བ་གཉེར་བཞིན་ཡོད་དེ། གཞུང་ལམ་གྱི་གཡས་གཡོན་དུ་ས་འདིའི་མིས་གཉེར་བའི་ཚོང་ཁང་དང་ཟ་ཁང་གང་མང་མཐོང་ཐུབ་ལ། ལན་རེར་ཁོ་ཚོའི་ཚོང་རྫས་འདྲུད་བྱེད་ཀྱི་རླངས་འཁོར་དག་ཀྱང་རྫོང་མཁར་ལ་འཐེན་པའི་གཞུང་ལམ་སྟེང་ཤར་རྒྱུག་བྱེད་བཞིན་མཆིས། ཡིན་ནའང་མི་གཞན་སྐོར་ཞིག་གི་ཕྱུགས་ཟོག་འཚོས་ནས་སྡུག་མྱོང་མི་འདོད་ལ། ལས་ཀ་གསར་བའང་མ་འཁྱོངས་པས་གྲོང་རྡལ་དེར་ཉི་མ་འཁྱོལ་ཐབས་ཙམ་བྱས་ཏེ་བསྡད་འདུག
          ཐང་སྐྱ་གྲོང་རྡལ་དང་ཐག་མི་རིང་བའི་སྤང་ཐང་དེ་རུ་ལུགས་ཁྱུ་ཞིག་ཐར་ཐོར་དུ་གྲམ་ཡོད་ལ། ལུག་ཁྱུའི་རྗེས་སུ་གཟུགས་ཕུང་ཆུང་ལ་ཤ་སྐམ་པའི་བུ་མོ་ཆུང་ཆུང་ཞིག་འདུར་རྒྱུག་བྱེད་ཅིང་མཆིས། མགོ་སྐྲ་འཛིངས་ཤིང་ངོ་གདོང་དྲི་མས་སྦགས་ལ། ལུས་ཕུང་རིད་ཅིང་ཁ་ཤ་སྐམ་པ་སོགས་ལས། མོའི་འཚོ་བའི་གནས་བབ་ཤིན་ཏུ་ཐབས་ཆག་ཡིན་པ་གསལ་བོར་ཤེས་ཐུབ། མོའི་ཡིད་དུ་འོང་བའི་ངོ་གདོང་གི་རྣམ་འགྱུར་དང་བྱིས་བློའི་རང་བཞིན་མ་ཡལ་པའི་ལུསཀྱི་སྟངས་སྟབས་གང་རུང་ན། གསར་སྐྱེས་མེ་ཏོག་ལྟ་བུའི་བྱིས་པ་ཞིག་གིས་ལྐོག་གྱུར་གྱི་འཇིག་རྟེན་ལ་བཅངས་པའི་རེ་སྨོན་དང་དགའ་སྤྲོ་ཞིག་མ་ཉམས་པར་ཡོད་ནའང་། གོར་ཞིང་ཆེ་ལ་དཀར་ནག་གི་ཆ་མངོན་པར་དབྱེ་བའི་མིག་ཟུང་དང་། མིག་ཟུང་དེ་ལས་འཕྲོས་པའི་དྭངས་གསལ་གྱི་མིག་མདངས་གཉོམ་པོ་དེའི་གཏིང་རིམ་དུ། དེ་འདྲའི་བྱིས་པ་ལོ་ཆུང་ཞིག་ལ་ཡོད་མི་འོས་པའི་སྐྱོ་གདུང་དང་ངལ་དུབ་ཀྱི་སྣང་བ་ཞིག་ཀྱང་བག་ལ་བསྐུངས་འདུག བུ་མོ་དེའི་མིང་ལ་ལྷ་དཀར་ཟེར་བ་དང་ལོ་བརྒྱད་པར་བུད་མ་ཐག་ཡིན། མོ་ནི་ཐང་སྐྱ་གྲོང་རྡལ་གྱི་འབྲོག་པ་དགྲ་འདུལ་གྱི་བུ་མོ་ཡིན། སྔོན་ཆད་འབྲོག་པ་རྣམས་གྲོང་རྡལ་དུ་གཞིས་ཆགས་མགོ་ཚུགས་སྐབས། དགྲ་འདུལ་གྱིས་ཕྱུགས་ཟོག་འཚོས་ནས་སྡུག་མྱོང་མ་འདོད་པས། མ་རྒན་གཅིག་པུ་དང་ལུགས་ཁྱུ་འབྲོག་ས་ནས་བསྐྱུར་ཅིང་། ཆུང་མ་དང་ཁོ་གཉིས་ཀ་གྲོང་རྡལ་དུ་ཚོང་ལས་གཉེར་དུ་ཡོང་། ཁོས་ས་དེར་ཐོག་མར་ཁ་ཆེའི་ཚོང་པ་ཞིག་དང་མཉམ་དུ་ནོར་ལུག་གི་པགས་པ་ཉོ་སྡུད་བྱས། ཡིན་ནའང་ཡུན་རིང་མ་ལོན་པར་ཆུང་མས་ཁོ་ལ་བུ་མོ་ཞིག་བཙས་རྗེས། ཁ་ཆེའི་ཚོང་པའི་རྗེས་འབྲངས་ནས་ས་ཐག་རིང་ཞིག་ལ་བྲོས་སོང་།
          མཐོ་སྒང་གི་ཉི་འོད་ཚ་མོ་ནི་རྨོ་མོས་བཤད་པའི་གནའ་གཏམ་ནང་གི་འདྲེ་མོ་གདུག་རྩུབ་ཅན་དེའི་མཆེ་སྡེར་དང་འདྲ་བར་བུ་མོ་ལྷ་དཀར་གྱི་གདོང་ལ་ཐད་ཀར་ཟུག་ཡོང་བས། མོའི་མཁུར་ཚོས་དང་ཐོད་པའི་སྐྱི་ལྤགས་བསྲེགས་ནས་དམར་ནག་ཏུ་བཏང་ཡོད། མོས་ལན་རེར་ལག་པ་ཆུང་ཆུང་ཟུང་གཅིག་ཉི་གདུགས་ཀྱི་ཚབ་ཏུ་བྱས་ནས་རང་གི་ཚ་བེར་བེར་བྱེད་པའི་ངོ་གདོང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། ལན་རེར་འུར་ཆ་ཀླད་ལ་བསྐོར་ནས་ལུག་ཁྱུའི་ཁ་ཕྱོགས་སྒྱུར་བཞིན་འདུག བུ་མོ་ལྷ་དཀར་གྱི་ཨ་མ་ཁ་ཆེའི་ཚོང་པའི་རྗེས་དེད་ནས་ས་ཐག་རིང་ཞིག་བྲོས་ཤུལ་དུ། ཨ་ཕས་ལྷ་དཀར་འབྲོག་ས་རུ་བསྐྱལ་པས་མོ་ནི་རྨོ་མོས་གཉོར་སྐྱོང་བྱས་པ་ཡིན།
          ད་ལྟ་གཡའ་དག་པའི་ནམ་མཁའི་མཐོངས་སུ་གར་ཡོང་ཆ་མེད་ཀྱི་སྤྲིན་པ་ལེབ་མོ་འགའ་ཐེ་མང་དུ་གྱུར་སོང་ལ། སྤྲིན་པའི་གྲིབ་གཟུགས་ཕོན་པོ་རེ་རེ་རྩྭ་ཐང་དུ་འཕོས་པས། རྒྱང་རིང་ནས་བལྟས་ན་གཡག་རོག་པོ་རེ་རེ་ཐང་ཁུད་ན་དལ་བུར་རྒྱུ་བ་དང་གཉིས་སུ་མ་མཆིས། ཉི་འོད་ཚ་མོ་དེ་སྤྲིན་པའི་བར་གསེང་བརྒྱུད་ནས་ལྷ་དཀར་གྱི་སྤྱི་གཙུག་གི་དྲང་ཐད་དུ་ཕོག་པ་དང་འབྲེལ། མོའི་ཕོ་བའི་ནང་ནས་ཀྱང་བསྟུད་མར་ཁྲོག་སྒྲ་འགའ་གྲག་བྱུང་བས། ད་ནི་ཉིན་གུང་གི་དུས་ཚོད་བརྒལ་ཟིན་པ་ཤེས་ཐུབ། ད་ནངས་ཞོགས་པ་ནས་བཟུང་། ལུག་རྣམས་གནས་གཅིག་ཏུ་ཡུད་ཙམ་ལའང་མི་སྡོད་པར་རྩྭ་ཆུ་གང་བཟང་ཡོད་སར་བསྙེགས་ནས་བརྒྱུགས་པས། ད་ནི་གཞི་ནས་ཐང་ཆད་པའམ་ཡང་ན་ཉི་མའི་ཚ་གདུག་ལ་གཡོལ་ཆེད། རང་རང་སར་མགོ་བོ་ལག་སུག་བར་དུ་བཅུག་སྟེ་ཉལ་ནས་ཡོད།
          བུ་མོ་ལྷ་དཀར་གྱིས་ལུག་ཁྱུ་ལ་སྐོར་ལྟ་ཞིག་བྱས་རྗེས། ཐོད་པའི་རྔུལ་ཆུ་དལ་གྱིས་འབྱིད་བཞིན་ས་རུ་ཙོག་པུར་བསྡད་ནས་ངལ་གསོ་བྱས། མོ་སྔ་དྲོ་ཧྲིལ་བོ་ཞིག་ལ་ལུག་ཁྱུའི་རྗེས་དེད་ནས་བརྒྱུགས་པར་བརྟེན༎ ད་ལྟ་ལུས་ཐང་ཆད་ཅིང་ཁ་སྐོམ་ལ་ཕོ་བ་ལྟོགས་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་ཡོང་། ཡིན་ནའང་དེ་རིང་མ་ཡར་གྱིས་མོར་བྲོ་ཁ་བྱིན་མེད། ལོ་གཉིས་ཀྱི་སྔོན་ལ། རྨོ་མོ་ནད་ཀྱི་དབང་གིས་ཚེ་ལས་འདས་རྗེས། ཨ་ཕས་རྨོ་མོས་ཤུལ་དུ་བསྐྱུར་པའི་ལུག་ཁྱུ་དང་བུ་མོ་གཉིས་ཀ་ཆབས་ཅིག་ཏུ་གྲོང་རྡལ་དེར་བླངས་ཤིང་། སྔོན་ཆད་རྨོ་མོ་ལ་ལུག་མང་བོ་ཡོད་ནའང་། ཕྱིས་སུ་ཨ་ཕས་འཚོང་ཅི་ཐུབ་བྱས་པས་ད་ལྟ་ཉུང་ངུ་ཙམ་ལས་ལྷག་མེད། མོ་གྲོང་རྡལ་དུ་ཡོང་ནས་ཡུན་རིང་མ་འགོར་པར་མ་ཡར་གྱིས་བུ་ཆུང་ཞིག་བཙས་སོང་།
          ཨ་མ་མེད་པའི་ལུ་གུ་སྐེ་ནག་དེ་ནམ་རྒྱུན་དང་འདྲ་བར་བུ་མོ་ལྷ་དཀར་གྱི་གན་དུ་ཡོང་ནས་མོའི་རྒྱབ་ཀྱི་བྲོ་ཁུག་སྟོང་བར་མཆུ་ཏོས་རེག་བཞིན་འདུག ལྷ་དཀར་གྱིས་ལུ་གུ་པང་ལ་བླངས་ནས་བྱིལ་བྱིལ་བྱེད་བཞིན་“འབའ་འབའ། དེ་རིང་ཨ་མས་ང་ལ་བྲོ་ཁ་མ་བྱིན་པས། ཁྱོད་ལ་གོ་རེ་སྟེར་རྒྱུ་མེད་”ཟེར། ལུ་གུས་མཆུ་ཏོ་བསྲིངས་ནས་མོའི་སྐེ་དང་འགྲམ་པ་སོགས་ལ་རེག་བཞིན་མུ་མཐུད་དུ་ཁ་ཟས་འཚོལ་བཞིན་འདུག སྐབས་དེར་མོའི་ཕོ་བ་ཤིན་ཏུ་ལྟོགས་ནའང་ལུ་གུའི་ཁ་ཟས་འཚོལ་བའི་རྣམ་འགྱུར་སྙིང་རྗེ་བོ་དེ་མཐོང་བས་རང་དབང་མེད་པར་གད་མོ་ཤོར། མཇུག་མཐར་མོས་ཐབས་བཀོད་གཞན་མ་རྙེད་པས་རང་གི་གོང་མཛུབ་ལུ་གུའི་ཁ་ནང་དུ་བཞག་ནས་ནུ་རུ་བཅུག་པ་དང་། ཡུན་རིང་མ་འགོར་པར་ལུ་གུ་དེ་མོའི་པང་དུ་གཉིད་སོང་།
          ཉིན་གུང་སྔར་ནས་ཡོལ་ཟིན། བུ་མོ་ལྷ་དཀར་གྱི་ཕོ་བ་ལྟོགས་པའི་སྣང་བ་ཇེ་ཆེ་ནས་ཇེ་ཆེར་གྱུར་སོང་སྟེ་བཟོད་བསྲན་བྱེད་དཀའ་བའི་གནས་སུ་གྱུར། ཡིན་ནའང་མོ་རང་ཁྱིམ་ལ་བྲོ་ཁ་ལེན་དུ་འགྲོ་བའི་སྤོབས་པ་མེད། མོའི་ཁྱིམ་ནི་ཐང་སྐྱ་གྲོང་རྡལ་གྱི་ཤར་མཐའ་ན་གྱང་ར་སྐྱ་བོ་ཅན་གྱི་ཁང་བ་ཞིག་ཡོད་པ་དེ་ཡིན། གྱང་ར་སྐྱ་བོ་དེ་མཐོང་ཐེངས་རེར་མོ་ལ་བཤད་མི་ཤེས་པའི་འཇིགས་སྣང་ཞིག་རང་བཞིན་གྱིས་སྐྱེས་ཡོང་། ལོ་གཉིས་སྔོན་གྱི་དེ་རིང་དང་འདྲ་བའི་ཉིན་ཞིག་ལ། མ་ཡར་གྱིས་ལོ་དྲུག་ལ་སོན་མ་ཐག་པའི་བུ་མོ་ལྷ་དཀར་ལ་མིང་བོར་ལྟ་སྐྱོང་བྱེད་དགོས་པའི་འགན་ཁུར་བཞག་རྗེས། གཞུང་ལམ་ལས་སར་ཞོར་ལས་སུ་བུད་སོང་། བུ་མོ་ལྷ་དཀར་གྱིས་རང་གི་ནུས་ཚོད་ཀྱིས་མིང་བོར་བདག་སྐྱོང་གང་ལེགས་བྱས། ཉིན་གུང་མིང་བོ་གཉིད་དུ་ཡུར་པ་མཐོང་བས་མོས་ཁོ་སེམས་ཆུང་ངང་ཚ་ཐབ་ཏུ་བསྙལ། ཉིན་དེར་རང་ཁྱིམ་དུ་ཐ་ཡང་བསྐོལ་མེད་པས་ལྷ་དཀར་ཁྱིམ་མཚེས་ཚང་གིས་བོས་པ་བཞིན་གུང་ཇ་འཐུང་དུ་སོང་། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ། ཡུད་ཙམ་ནས་མིང་ཆུང་གཉིད་ལས་སད་ཅིང་གོག་ནུར་བྱས་ཏེ་ཚ་ཐབ་ལས་མར་ལྷུང་བས། ངོ་ལ་རྨ་ཤུལ་ཅུང་ཆེ་བ་ཞིག་བཏོད་པར་མ་ཟད། གཡས་ལག་གི་རུས་པ་གས་ཆག་ཏུ་བཏང་། དོན་དེ་ཤེས་མ་ཐག་མ་ཡར་གྱིས་ཆོ་ངེ་འདོན་བཞིན“བུ་མོ་འདི་ལོ་ན་ཆུང་རུང་ང་ལ་ངན་སེམས་འཆང་ཤེས་འདུག མོས་ངའི་བུ་ཆུང་གསད་བསམས་པ་རེད”ཟེར་ནས་མོའི་སྐྲའི་ལན་བུ་ནས་བཟུང་སྟེ་སྒོར་དྲུད་ཐོག ཨ་ཕ་ཡང་མོའི་གཏམ་ལ་ཡིད་ཆེས་ཏེ་“གདོན་ཕྲུག་འདི། མོའི་ཨ་མ་གདོན་མོ་དེ་དང་ཤིན་ཏུ་འདྲ། མོ་ངའི་ལན་ཆགས་རེད”ཟེར་ནས་ཉེས་རྡུང་ཚ་ནན་བཏང་། དེ་ནས་བཟུང་། ཨ་ཕའི་སྦོམ་ཞིང་མཁྲེགས་པའི་ལག་པ་དགུང་ལ་འཕྱར་བའི་གྲིབ་གཟུགས་དང་། མ་ཡར་གྱི་ཀོ་ལྷམ་ཕྱི་རྟིང་ས་ལ་རྡེབ་པའི་ཐག་སྒྲ་རྩུབ་མོ་དེ་ནི། མོའི་ཉིན་མཚན་གཉིས་ཀྱི་འཇིགས་སྐྲག་གི་རྨི་ལམ་དུ་འགྱུར་མགོ་བརྩམས།
          གཞུག་སྒམ་ཆུང་བ་ཅན་གྱི་རླངས་འཁོར་ཞིག་ཤ་རེར་ཡོང་ནས་ཐང་སྐྱ་གྲོང་རྡལ་གྱི་སྲང་ལམ་དུ་བསྡད་བྱུང་། ལྷ་དཀར་གྱིས་བལྟས་མ་ཐག་དེ་ནི་ནམ་རྒྱུན་ཨ་མྱེས་ཉི་མ་ཚང་གི་ཚོང་ཁང་ལ་ཚོང་རྫས་འདྲུད་བཞིན་ཡོད་པའི་རླངས་འཁོར་དེ་ཡིན་པ་ཤེས་སོང་། ཨ་མྱེས་ཉི་མ་ཚང་གི་ཚོང་ཁང་དུ་བུ་མོ་ལྷ་དཀར་གྱིས་གྱོན་མ་མྱོང་བའི་ལྭ་བ་ཡག་པོ་དང་། རེག་མ་མྱོང་བའི་རྩེད་ཆས་ངོ་མཚར་ཅན། ཟོས་མ་མྱོང་བའི་ཟས་རིགས་སྣ་ཚོགས་ཡོད། དོན་ལ་ཚོང་རྫས་ལེགས་པོ་དེ་དག་ལས་ཀྱང་མོའི་ཡིད་ཀྱི་དང་བ་འདྲེན་སྤྱད་ནི་ཚོང་ཁང་དེའི་འཁྱག་སྒམ་ནང་བསྒྲིགས་ཡོད་པའི་ཆབ་རོམ་ཀ་ར་དེ་དག་རེད། ཆབ་རོམ་ཀ་ར་དེ་དག་ལ་མདོག་སྣ་ཚོགས་ཡོད་ཅིང་བྱིས་པ་ཚོས་རྒྱུན་དུ་ཉོས་ནས་ཟ་བཞིན་ཡོད། མ་ཡར་གྱིས་མིང་ཆུང་ལའང་རྒྱུན་དུ་ཉོ་བཞིན་ཡོད། ཡིན་ནའང་བུ་མོ་ལྷ་དཀར་རང་གི་ཐེངས་གཅིག་མ་གཏོགས་ཟོས་མ་མྱོང་། ཐེངས་གཅིག་ཟོས་པའི་བྲོ་བ་དེ་དུས་ནམ་ཡང་བརྗེད་མི་ཐུབ་སྟེ། མོས་ཡིད་ལ་དེ་ལྟར་དྲན་ཐེངས་རེར་རང་དབང་མེད་པར་མཆིལ་མ་ཞིག་མིད་དགོས་པར་འགྱུར། ཆབ་རོམ་ཀ་ར་གཅིག་པུ་དེ་ནི་མོ་ཐང་སྐྱ་གྲོང་རྡལ་དུ་ཐོག་མར་བསླེབས་དུས། འདས་ཟིན་པའི་རྨོ་མོ་དྲན་ནས་ངུས་པ་ན། ཨ་ཕས་ཨ་མྱེས་ཉི་མ་ཚང་གི་ཚོང་ཁང་དུ་ཉོས་ཏེ་མོ་ལ་བྱིན་པ་ཡིན། སྐབས་དེར་བུ་མོ་ལྷ་དཀར་ལ་རེ་ཞིག་སྙིང་ཉེ་བའི་རྨོ་མོའི་གན་ན་ཡོད་པ་ལྟ་བུའི་སྐྱིད་སྣང་ཞིག་ཤར་མྱོང་། ཡིན་ནའང་དེའི་རྗེས་སུ་ཨ་ཕས་མོར་ཆབ་རོམ་ཀ་ར་གཏན་ནས་ཉོས་མ་མྱོང་། དེ་བས་ཆབ་རོམ་ཀ་ར་དེ་ནི་ཨ་ཕས་རང་ལ་བྱིན་པའི་དྲོད་ཁོལ་གྱི་བག་ཆགས་ཉག་ཅིག་ཏུ་གྱུར།
          ལུག་རྣམས་སྔར་བཞིན་ཚ་བར་གཡོལ་ཆེད་དབུགས་དྲག་ཏུ་འབྱིན་རྔུབ་བྱེད་བཞིན་མགོ་བོ་སུག་ལག་བར་དུ་བཅུག་ནས་ཉལ་ཡོད། རྩྭ་ཐང་ལ་འཕོས་པའི་གཡག་རོག་པོ་ལྟ་བུའི་སྤྲིན་པའི་གྲིབ་གཟུགས་དེ་དག་རིམ་གྱིས་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་འདུག ལྷ་དཀར་གྱིས་ངལ་གསོ་ཅུང་ཙམ་བྱས་པས་ལུས་ཀྱི་ངལ་དུབ་མེད་པར་གྱུར་ནའང་། ཁ་སྐོམ་ཞིང་ཕོ་བ་ལྟོགས་པའི་སྣང་བ་ཇེ་ཆེར་གྱུར་ནས་བཟོད་ཐབས་མེད་པའི་ཚད་ལ་བསླེབས། སྐབས་དེར་མོ་ཨ་ཡེ་སྒྲོལ་མ་ཚང་ལ་བྲོ་ཁ་བསླང་དུ་འགྲོ་དགོས་སྙམ་བྱུང་། ཨ་ཡེ་སྒྲོལ་མ་ཚང་ནི་གྲོང་རྡལ་གྱི་ནུབ་མཐའ་རུ་ཡོད། ལོ་གཅིག་སྔོན་གྱི་ཉིན་ཞིག་ལ། ཨ་ཡེ་སྒྲོལ་མས་བུ་མོ་ལྷ་དཀར་གྱིས་ལུག་རྫི་རུ་ལྟོགས་སྐོམ་མྱོང་བཞིན་པ་ཤེས་པས་རང་ཁྱིམ་དུ་ཁྲིད་སོང་། དེ་ནས་བཟུང་། ནམ་རྒྱུན་མ་ཡར་གྱིས་བྲོ་ཁ་མི་སྟེར་བའི་སྐབས་སུ། མོ་ཁ་རོག་གེར་ཨ་ཡེ་སྒྲོལ་མ་ཚང་ལ་འགྲོ་བཞིན་ཡོད། ད་ལྟ་འཇིག་རྟེན་འདིར་བུ་མོ་ལྷ་དཀར་གྱི་ལས་དབང་ལ་སེམས་གཏིང་ནས་དོ་སྣང་བྱེད་མཁན་ཞིག་ཡོད་པ་ནི་ཨ་ཡེ་སྒྲོལ་མ་ཡིན་ལ། ཨ་ཡེ་སྒྲོལ་མ་ལ་སྙིང་ནས་དཀའ་ཞེན་དང་བརྩེ་འདང་འཆང་མཁན་ཞིག་ཡོད་པའང་བུ་མོ་ལྷ་དཀར་གཅིག་པུ་ཡིན།
          ཉི་ཐིག་ཕྲ་མོ་ཞིག་ཐད་ཀར་ས་ཁང་ཆུང་ཆུང་དེའི་དཀར་ཁུང་བརྒྱུད་ནས་གོ་ཁའི་ནང་འཕྲོས་ཡོད་ལ། དཀར་ཡོལ་ནང་གི་མདོག་དམར་ནག་ཅན་གྱི་ཇ་ཁུའི་ངོགས་ན་འོ་ཟི་རྣམས་ལྡོག་འཕྲོ་བྱེད་བཞིན་འདུག ཨ་ཡེ་སྒྲོལ་མས་ཅ་ནེའི་ནང་རྩམ་པ་ཞིག་བརྫིས་ནས་བུ་མོ་ལྷ་དཀར་ལ་བྱིན་པས། ལྷ་དཀར་གྱིས་མངོན་ཆུང་ངང་རྩམ་པ་ཆངས་བུ་རེ་རེ་ཁ་ནང་དུ་འཇུག་བཞིན་འདུག
          “ལྷ་དཀར། ཨ་ཡེའི་གཅེས་ལོ། དལ་མོ་བྱོས། མིད་ལ་ཐོགས་ངེས་རེད། ཇ་ཞིག་ཐུངས།”ཨ་ཡེ་སྒྲོལ་མས་དེ་ལྟར་ཟེར་བཞིན་ཇ་དཀར་མོར་གཏད་སོང་།
          ཡུད་ཙམ་ནས་ཨ་ཡེ་སྒྲོལ་མས་བུ་མོ་ལྷ་དཀར་གྱིས་ཧུབ་ཆེན་པོས་ཇ་འཁྱག་འཐུང་བར་ལྟ་བཞིན་ཡང་གདུང་སེམས་དང་བཅས་“མ་ཡར་བསམ་ནག་མ་དེ། ནམ་རྒྱུན་བུ་མོར་མནར་གཅོད་གཏོང་བཞིན་འདུག དགྲ་འདུལ་གྱིས་ཀྱང་ཆུང་མའི་ཁར་ཉན་ནས་བུ་མོར་ཤ་ཏོག་ཙམ་ཡང་མི་ཚ། དཀོན་མཆོག་གསུམ་པོས་མཁྱེན། དེ་བཟའ་ཟླ་གཉིས་ལ་ལས་རྒྱུ་འབྲས་ཟེར་བ་ཞིག་མི་འདུག”ཅེས་ཟེར་བཞིན་ལག་ཟུར་གྱིས་ཐོད་པ་རྡུང་ཙམ་རྡུང་ཙམ་བྱས་སོང་།
          “ཨ་ཡེ། ང་འདིར་ཡོང་བ་ཁྱོད་ཀྱིས་ཁོ་ཚོར་བཤད་མི་ཉན།”ལྷ་དཀར་གྱིས་མར་རྡོག་ཆུང་ངུ་ཞིག་མོའི་སྐྱི་པགས་སྐམ་པོར་གྱུར་པའི་འགྲམ་པའི་སྟེང་འཕུར་བཞིན་དེ་སྐད་ཟེར།
          ཨ་ཡེ་སྒྲོལ་མས་ངག་འཇམ་པོའི་ངང་“ཁྱོད་སྐྲག་མི་དགོས། རྗེས་ཕྱོགས་ཕོ་བ་ལྟོགས་ན་འདིར་ཤོག ངས་ཁོ་ཚོར་ཤེས་སུ་མི་འཇུག”ཅེས་བཤད་པས། བུ་མོ་ལྷ་དཀར་གྱི་སེམས་བདེ་ལ་བབ།
          མཐུད་ནས་ཨ་ཡེ་སྒྲོལ་མས་ལྷ་དཀར་གྱི་མགོ་ལ་བྱིལ་བྱིལ་བྱེད་བཞིན“ཅི་འདྲའི་བུ་མོ་སྙིང་རྗེ་བ་ཞིག་ཨང་། ཁྱོད་ཨ་ཡེ་ངའི་བུ་སྐལ་མ་བྱེད་ཨེ་འདོད”ཅེས་དྲིས་སོང་།
          ལྷ་དཀར་གྱི་ངོ་ལ་གློ་བུར་འཛུམ་ཆུང་ཞིག་ལངས་ནས་“འདོད་ཀི། ང་ཨ་ཡེའི་བུ་མོ་བྱེད་རྒྱུ་ཡིན། ང་ནར་སོན་ཚེ་ཚོང་ཁང་ནས་ཨ་ཡེ་ལ་གྱོན་གོས་སོ་མ་དང་ཟས་རིགས་སྣ་ཚོགས་ཉོ་རྒྱུ་ཡིན། ད་དུང་ཆབ་རོམ་ཀ་ར། ད་དུང……”
          བུ་མོ་ལྷ་དཀར་གྱིས་ངོ་གདོང་གྱེན་དུ་ཕྱོགས་ནས་མིག་ཟུང་རིག་རིག་ཏུ་འགུལ་བཞིན་ད་དུང་ཉོ་དགོས་པའི་དངོས་རྫས་ཅི་ཡོད་ལ་འདང་རྒྱག་བཞིན་འདུག
          ཨ་ཡེ་སྒྲོལ་མས་ཚུལ་དེ་མཐོང་བས“ངའི་བུ་མོས་ངར་ཤ་ཚ་བ་ལ་ཨང”ཟེར་བཞིན་ལྷ་དཀར་པང་དུ་བླངས་སོང་།།
          སྐབས་དེར་ཨ་ཡེ་སྒྲོལ་མས་རང་ཉིད་ཆུང་བྱིས་པའི་དུས་ནས་དྭར་ལུས་ཏེ་སྡུག་གང་མང་མྱངས་པ་དང་། ནར་སོན་ནས་གཉེན་བསྒྲིགས་རྗེས་ཀྱང་སྟབས་མ་ལེགས་པར་ཁྱོ་བོ་ལོ་ན་གཞོན་དུས་རྐྱེན་ངན་གྱི་དབང་གིས་ཚེ་ལས་འདས་སོང་བ། དེ་བས་མོར་འཇིག་རྟེན་འདིར་ཉེ་མི་གཅིག་ཀྱང་མེད་པར་གྱུར་པ་སོགས་རིམ་པར་དྲན་པས་མིག་ལས་མཆི་མ་དབང་མེད་དུ་བཞུར། དཀའ་སྡུག་དང་ཁེར་རྐྱང་གི་ལོ་ཟླ་རིང་མོའི་ནང་། མོར་མཚོན་ན་འཚོ་བའི་རེ་བ་དང་སྤྲོ་སྣང་ཐམས་ཅད་སྔར་ནས་ཉམས་ཟིན་མོད། ད་ལྟ་སྙིང་རྗེ་བའི་བུ་མོ་ཆུང་ཆུང་འདིས་སེམས་གཏིང་ནས་རང་ཉིད་ཉེ་མི་ཞིག་གི་ཚུལ་དུ་བཞག་འདུག་པ་མཐོང་བས། སེམས་ལ་བཤད་མི་ཤེས་པའི་དྲོད་ཁོལ་ཞིག་འཁྱིལ་སོང་།
          ཡུན་རིང་མ་འགོར་པར་གནམ་ངོར་གློ་བུར་སྤྲིན་ནག་འཁྲིགས་ཏེ་འབྲུག་སྒྲ་གྲག་མགོ་བརྩམས། ཨ་ཡེ་སྒྲོལ་མས་རང་གི་པང་ན་གཉིད་ལ་ཤོར་ཡོད་པའི་བུ་མོ་ལྷ་དཀར་ཚ་ཐབ་སྟེང་བསྙལ་ནས་སྒོ་ཁར་ལུག་ཁྱུར་རྒྱང་ལྟ་བྱེད་དུ་སོང་བ་ལ། ལྷ་དཀར་ལམ་སང་གཉིད་ལས་སད་དེ་ཚབ་ཚུབ་ངང“ངའི་ལུག་ཁྱུ། ངའི་ལུག་ཁྱུ།”ཟེར་བཞིན་སྒོར་བརྒྱུགས་སོང་།
          “ལྷ་དཀར། ལྷ་དཀར།”ཨ་ཡེ་སྒྲོལ་མའང་མོའི་རྗེས་སུ་རྒྱུག་བཞིན་མིང་ནས་ལན་འགར་བོས་ནའང་། ལྷ་དཀར་ལ་ཕྱི་མིག་ཙམ་ཡང་ལྟ་ཁོམ་མ་བྱུང་བར་རྒྱང་རིང་གི་ལུག་ཁྱུའི་ཕྱོགས་སུ་ཤོར།
          སྐད་ཅིག་ཉིད་ལ་དྲག་ཆར་ནི་ཟོ་ཁ་ནས་བྱོ་བ་བཞིན་ཤག་ཤག་ཏུ་བབས་བྱུང་། ཆར་ཆུ་ཐིགས་པ་རེ་རེ་རླུང་བུ་དང་བསྡོངས་ནས་གསེག་འབབ་བྱེད་བཞིན་ཡོད་པས། ཡུན་རིང་མ་འགོར་པར་བུ་མོ་ལྷ་དཀར་གྱི་ཤ་སྐམ་པའི་ལུས་ཕུང་དང་ཉི་འོད་ཀྱིས་དམར་ནག་ཏུ་བསྒྱུར་པའི་ངོ་གདོང་ཆུང་ཆུང་དེ་ཡོངས་སུ་རློན་པར་བྱས། མོའི་ཕྲག་མགོར་དཔྱངས་པའི་སྐྲ་ལོའི་ལན་བུ་ཐུང་ཐུང་གཉིས་ཀྱི་སྣེ་མོ་རུ་ཆུ་ཐིགས་བར་མེད་དུ་འཛར་བཞིན་ཡོད། མོས་ལན་རེར་ཁ་ནས་ཤུ་སྒྲ་སྒྲོག་པ་དང་ལན་རེར་གནམ་ངོར་བལྟས་ནས་ངུ་སྐད་འདོན། ཡང་ལན་རེར་འུར་ཆ་ཀླད་ལ་བསྐོར་ཏེ་ཅི་ཐུབ་གང་ཐུབ་ཀྱིས་ལུག་རྣམས་ཕྱོགས་གཅིག་ཏུ་སྡུད་བཞིན་མཆིས། དོར་མ་ཧྲལ་ཧྲུལ་གྱིས་བཏུམས་པའི་བྱིན་པ་ཆུང་ཆུང་ཟུང་གཅིག་ཆར་ཆུས་བསྣུབས་པའི་རྩྭ་གསེབ་ནས་ལན་རེར་མངོན་ཞིང་ལན་རེར་མི་མངོན་པར་འགུལ་བཞིན་འདུག ལུ་གུ་སྐེ་ནག་དེས་ཀྱང་ཉམ་ཐག་པའི་འབའ་སྒྲ་སྒྲོག་བཞིན་མོའི་རྗེས་སུ་འབྲངས་བྱུང་། ཆར་སྤྲིན་གྱི་ཡོལ་བ་སྟུག་པོས་གཡོགས་པའི་གནམ་ས་གཉིས་ཀྱི་བར་མཚམས་ན། ཉམ་ཐག་གི་ཚེ་སྲོག་ཆུང་ཆུང་ཞིག་གིས་དེ་ལྟར་འཕག་འཚག་རྒྱག་བཞིན་ཡོད་མོད། གནམ་རྒན་མར་སྔར་བཞིན་གདུང་སེམས་ཅི་ཡང་མེད་པར་གཏུམ་དྲག་གི་ངོ་གདོང་ཇེ་ནག་ནས་ཐེ་ནག་ཏུ་འགྱུར་བཞིན་གདའ།
          མདང་དགོང་ཞག་གང་བོར་ཆར་བ་བབས་ནས་མཚམས་མ་བཞག་ལ། ཨ་ཡེ་སྒྲོལ་མས་ཀྱང་དོན་དག་ཅིག་ལ་འདང་བརྒྱབ་ནས་ཡུན་རིང་ཞིག་ལ་གཉིད་མ་ཁུགས། དེ་བས་མོས་ད་ནངས་ནམ་ལངས་མ་ཐག་སྒྲོལ་མ་འདོན་བཞིན་གྲོང་རྡལ་གྱི་ཤར་མཐའ་ན་ཡོད་པའི་དགྲ་འདུལ་ཚང་བསྙེགས་ནས་སོང་།
          དྲག་ཆར་བབས་ཤུལ་གྱི་ཞོགས་པར། ཤ་གསེང་ལ་གྲང་འདར་སློང་བའི་རླན་གཤེར་གྱི་བསིལ་རླུང་ཞིག་དལ་བུར་ལྡང་ཞིང་། སྤང་ཐང་གི་ངོས་མི་སྙོམས་པའི་ཁུད་དག་ན་སུ་ཞིག་གི་མིག་ཆུ་ལྟ་བུའི་ཆར་ཆུ་ཉུང་ཙམ་རེ་ལྟེམས་མེར་འཁྱིལ་ཡོད་དེ། རླན་གཤེར་དུ་བཏང་བའི་རྩྭ་གསེབ་གང་སར་ཁ་དོག་དཀར་དམར་སེར་གསུམ་གྱི་མེ་ཏོག་ཆུང་ཆུང་དག་གི་ཟེའི་འབྲུ་དང་འདབ་མ་དག་ཀྱང་ས་ལ་ཐོར་འདུག ཨ་ཡེ་སྒྲོལ་མས་མིག་མདུན་གྱི་ངང་ཚུལ་དེ་དག་མཐོང་བ་ན། ཡ་ཆུང་ཁོག་པར་གར་ཡོང་མི་ཤེས་པའི་སྐྱོ་སྣང་གློ་བུར་བ་ཞིག་སྐྱེས་མོད། དེ་རིང་སྙིང་རྗེ་བའི་བུ་མོ་ལྷ་དཀར་རང་གི་བུ་སྐལ་མར་བསླང་དུ་འགྲོ་བ་དྲན་པས། ཡང་བསྐྱར་སེམས་ཀྱི་གཏིང་རིམ་ཞིག་ཏུ་རེ་བའི་དྲོད་ཁོལ་ཚ་ལམ་མེར་རྒྱས་སོང་།
          ཨ་ཡེ་སྒྲོལ་མ་ཐད་ཀར་དགྲ་འདུལ་ཚང་གི་ཁྱིམ་དུ་ཡར་འཛུལ་དུས། དགྲ་འདུལ་གྱི་ཆུང་མ་ཆོས་མོ་རྒྱལ་གྱིས་གོ་ཁ་ན་བུ་ཆུང་བཟུང་ནས་བསྡད་ཡོད་པ་མཐོང་བྱུང་། མོས་ཨ་ཡེ་སྒྲོལ་མ་ཡོང་བཞིན་པ་རིག་མ་ཐག ཐོག་མར་དོགས་མི་བདེ་བའི་རྣམ་འགྱུར་ཞིག་མངོན་ནའང་། དེའི་མུར་མྱུར་དུ་གདོང་ལ་འཛུམ་ཞིག་ལངས་ནས“འོ།  ཨ་ཡེ་སྒྲོལ་མ་ཡིན་ནམ། ནང་ལ་ཤོག ནང་ལ་ཤོག ཁྱོད་ཀྱིས་དགྲ་འདུལ་འཚོལ་བཞིན་ཡོད་དམ”ཞེས་མགྲོན་པོར་དགའ་བའི་ཁྱིམ་བདག་མ་བཟང་མོ་ཞིག་གི་བཟོ་ལྟ་བསྟན་ནས་མོ་ནང་ལ་བསུས།
          ཨ་ཡེ་སྒྲོལ་མས་ཐད་ཀར་ལན་མ་བཏབ་པར་“བུ་མོ་ལྷ་དཀར་ལ་སྐྱོན་མེད་དམ། ཁ་སང་དྲག་ཆར་དེའི་ནང་དུ……”ཟེར་བཞིན་ནང་དུ་འཛུལ།
          ཆོས་མོ་རྒྱལ་གྱིས་འཁང་ར་དང་བཅས“ཁ་སང་འགོང་ཕྲུག་མས་ལུག་ཁྱུའི་ཕྱེད་ཀ་བོར་པས། དགྲ་འདུལ་ལུག་འཚོལ་དུ་བུད་སོང་”ཞེས་འབྲེལ་མེད་ཀྱི་གསལ་བཤད་ལྟ་བུ་ཞིག་བྱས་རྗེས། ཡང་བསྐྱར་གདོང་ལ་བཅོས་འཛུམ་ཞིག་བསྡུས་ནས“ལྷ་དཀར་ལ་སྐྱོན་མེད། -མོ་ངེད་ཚང་དུ་རྒྱལ་པོའི་སྲས་མོ་ཞིག་དང་འདྲ། ཉི་མ་འཕོངས་ཚོས་ལ་ཤར་ནའང་ད་དུང་ཡར་ལངས་མེད་པ་འདི་རེད། ངས་བོས་ནའང་ཁ་མི་གྲག”ཅེས་བཤད་བྱུང་།
          ཨ་ཡེ་སྒྲོལ་མ་ནི་ཆོས་མོ་རྒྱལ་གྱི་སྐད་ཆར་སུན་སྣང་སྐྱེ་བཞིན་ཡོད་པས། ཐད་ཀར་ལན་མི་འདེབས་པར་ཚ་ཐབ་ཁར་སོང་བ་ན། བུ་མོ་ལྷ་དཀར་གྱི་གདོང་མདོག་སྐྱ་བོར་གྱུར་ནས་མལ་སའི་ནང་ཉལ་འདུག
          “ལྷ་དཀར། ལྷ་དཀར།”ཨ་ཡེ་སྒྲོལ་མས་སྔས་མགོ་ནས་དེ་ལྟར་བོས་ཚེ། བུ་མོས་མིག་ཟུང་དལ་གྱིས་ཕྱེ་ནས་དལ་བུར་ཁ་ཤ་འགུལ་ཙམ་བྱས་སོང་།
          “བུ་མོ་ཁྱོད་ལ་ཅི་བྱུང་བ་ཡིན་ནམ། ལྷ་དཀར་ལ་ཅི་བྱུང་བ་རེད།”ཨ་ཡེ་སྒྲོལ་མས་སེམས་ཁྲལ་གྱི་ངང་ནས་དེ་ལྟར་དྲིས།
          ཆོས་མོ་རྒྱལ་གྱིས་སྣང་དོགས་ཆེན་པོ་མི་བྱེད་པར“མདང་དགོང་ཆར་ནང་དུ་ལུས་པས་དྲོས་འཁྱག་ཏུ་སོང་ཡོད་པ་འདྲ”ཟེར།
          ཨ་ཡེ་སྒྲོལ་མས་བྲེལ་ཚུབ་ངང“བྱིས་པར་ན་ཚ་བྱུང་ན་འདི་ལྟར་འཇོག་ག་ལ་རུང་། མྱུར་དུ་སྨན་ཁང་ལ་འཁྱེར་དགོས”ཟེར་བཞིན་བུ་མོ་ལྷ་དཀར་ཚ་ཐབ་ལས་པང་དུ་ལེན་རྩིས་བྱེད་སྐབས། ཆོས་མོ་རྒྱལ་གྱིས“ཨ་ཡེ་སྒྲོལ་མ། བུ་མོ་ངས་འཁྱེར”ཟེར་བཞིན་གང་མྱུར་གྱིས་བུ་ཆུང་ཐང་ལ་བཞག་ནས་ལྷ་དཀར་མལ་ཐུལ་གྱིས་བཏུམས་ནས་འུབས་བཏབ་སོང་།
          “ཨ་ཙི། རྨ་ཁ་འདི་དག་ཅི་ཡིན་ནམ། ཁྱོད་ཀྱིས་བྱིས་པ་ཉམ་ཆུང་ཞིག་ལ་མནར་གཅོད་ཡང་ཡང་བྱེད་དོན་ཅི་ཡོད།”ཨ་ཡེ་སྒྲོལ་མས་གློ་བུར་མལ་ཐུལ་ལས་ཕྱིར་བུད་པའི་བུ་མོ་ལྷ་དཀར་གྱི་བྱིན་པའི་སྟེང་ན་རྨ་ཤུལ་གོར་མོ་ཞིག་ཡོད་པ་མཐོང་བས་སེམས་ཀྱིས་མ་བཟོད་པར་དེ་ལྟར་འུར་བརྒྱབ།
          དེར་ཆོས་མོ་རྒྱལ་གྱིས་རང་ཉིད་ཤིན་ཏུ་ཉམ་ཆུང་བའི་བཟོ་ལྟ་འདྲ་བསྟན་ནས“ཨ་ཡེ་སྒྲོལ་མ། ཁྱོད་ཀྱིས་ང་ལ་དེ་ལྟར་བསྙད་མི་འདོགས་པར་འཚལ། ང་མ་ཡར་ཞིག་ཡིན་རུང་། བུ་མོ་འདིར་རང་གི་བུས་ཕྲུག་ལྟར་གཅེས་པ་ཡིན་པས། ངས་མནར་གཅོད་ཅིག་བྱེད་ག་ལ་ཕོད། མདང་དགོང་མོའི་ཨ་ཕས་ལུག་བོར་སོང་ཞེས་གཅར་རྡུང་ཅུང་ཙམ་བྱས་སོང་། ངས་ཞུ་བ་བྱས་པས་ད་གཟོད་མཚམས་བཞག་སོང”ཞེས་ཟེར་བཞིན་བུ་མོ་པང་ནས་སྒོར་བུད།
          ཐང་སྐྱ་གྲོང་རྡལ་གྱི་སྨན་ཁང་དུ། སྨན་པ་ཚེ་རིང་གི་གདོང་ལ་གཟབ་ནན་གྱི་མདངས་ཤིག་མངོན་ནས་ལྷ་དཀར་གྱི་ལུས་ཡོངས་ལ་བརྟག་དཔྱད་བྱེད་བཞིན་འདུག ཨ་ཡེ་སྒྲོལ་མས་སྐད་གདངས་དམའ་མོའི་ངང“ཨ་ཡེའི་གཅེས་ལོ། ཁྱོད་སྐྲག་མི་དགོས། སྐྱོན་ཡོད་ནི་མ་རེད། ཁྱོད་ལ་སྐྱོན་མེད་ཨ། སྐྱོན་ཡོད་མི་སྲིད”ཟེར་བཞིན་ལྷ་དཀར་གྱི་མགོ་ལ་བྱིལ་བྱིལ་བྱེད། མོས་སྐད་ཆ་དེ་ཕྱོགས་གཅིག་ནས་བུ་མོ་ལྷ་དཀར་ལ་བཤད་པ་ཡིན་ཏེ། ཕྱོགས་གཞན་ཞིག་ནས་རང་གིས་རང་ལ་ཁེར་ལབ་རྒྱག་པ་དང་ཡང་མཚུངས། བར་དེར་ལྷ་དཀར་གྱི་རིག་པ་ཇེ་གསལ་དུ་སོང་བ་འདྲ་སྟེ། མིག་ལམ་རབ་རིབ་ཙམ་ཡིན་འདུག དེར་མ་ཡར་ཆོས་མོ་རྒྱལ་གྱིས་ཀྱང་ངག་འཇམ་པའི་ངང“ཨ་མའི་གཅེས་ལོ། སྐྲག་མི་དགོས། ཨ་མ་འདི་ན་ཡོད”ཅེས་ཟེར་བཞིན་ལྷ་དཀར་གྱི་དཔུང་བར་འཇུས་པ་ན། བུ་མོའི་མིག་དལ་བུར་བཙུམས་ཤིང་མིག་ཆུ་རྡོག་འགའ་འགྲམ་པའི་མཁུར་ཚོས་བརྒྱུད་ནས་ཐུར་དུ་བཞུར།
          སྨན་ཁང་གི་སྒོ་ཕྱེ་བའི་སྒྲ་ཞིག་གྲག་པ་དང་མཉམ་དུ། དགྲ་འདུལ་གློ་བུར་ནང་ལ་བསླེབས་བྱུང་། ཁོས་ནད་ཁང་ནང་གི་མི་ཚང་མར་སྐོར་ལྟ་ཞིག་བྱས་རྗེས། གདོང་མདོག་རིམ་གྱིས་སྐྱ་བོར་གྱུར་པ་དང་སྐད་གདངས་དམའ་བའི་སྒོ་ནས་“ཕུ་བོ་ཚེ་རིང་། ལྷ་དཀར་ལ་སྐྱོན་ཆེན་པོ་མེད་དམ”ཟེར། སྐབས་དེར་སྨན་པ་ཚེ་རིང་གིས་ཁོང་ཁྲོ་སྲོན་མ་ཐུབ་པར་རང་གི་སྐེ་ཡི་སྨན་དཔྱད་ཉན་ཆས་བླངས་ཏེ་ཁོ་ལ་བརྒྱབ་པ་ན། དགྲ་འདུལ་མྱུར་དུ་བཟུར་པས་ཁོ་ལ་མ་ཁེལ་པར་གྱང་ངོས་སུ་ཕོག་སྟེ་གས་ཆག་ཏུ་གྱུར། དེར་མཐུད་ནས་སྨན་པ་ཚེ་རིང་གིས“ཨ་དུད་འགྲོ། ཨ་གཅན་གཟན། ཨ་བསམ་ནག”ཟེར་བཞིན་ཚམ་ཚོམ་གང་ཡང་མེད་པར་དགྲ་འདུལ་གྱི་སྟེང་ལ་ཁོང་ཁྲོས་ཤོར། སྨན་པ་ཚེ་རིང་ནི་གཟུགས་གཞི་ཆེ་ཞིང་ལུས་སྟོབས་རྒྱས་པ་ཞིག་ཡིན་པར་མ་ཟད། གློ་བུར་འཇབ་རྒོལ་བྱས་ཏེ་དགྲ་འདུལ་བསམ་དབང་དྲན་དབང་མེད་པར་སྨན་ཁང་གི་ར་སྐོར་ནང་དེད་སོང་། སྨན་པ་ཚེ་རིང་གིས་དགྲ་འདུལ་ས་རུ་མནན་ཏེ་“ཨ་ཁྱི་རྒན། ཁྱོད་ལྟ་བུའི་ཕ་ཞིག་འཇིག་རྟེན་ན་ཡོད་དམ། ཁྱོད་ཀྱིས་བུ་མོར་རྡོག་ཐོས་གཞུས་ནས་རྩིབས་རུས་བཅག་པར་མ་ཟད། ད་དུང་……”སྨན་པ་ཚེ་རིང་གིས་དབུགས་ཚུབ་ཚུབ་ངང་མུ་མཐུད་དུ“ཁྱོད་ཀྱིས་རང་གི་བུ་མོ་བསད་སོང་། དེ་རིང་ངས་ཁྱོད་ཀྱང་གསད་རྒྱུ་ཡིན”ཟེར་ནས་མགོ་རྔ་མེད་པར་དྲག་རྡུང་བྱས། སྐབས་དེར་ཆོས་མོ་རྒྱལ་ཚུར་བརྒྱུགས་ཡོང་ནས་ཞུ་བ་ཡང་ཡང་བྱས་ཏེ་སྨན་པ་ཚེ་རིང་ཕར་ཁྲིད། དགྲ་འདུལ་གྱིས་འཁྱར་འཁྱོར་ངང་ལུས་སྟེང་དུ་འགོས་པའི་ས་རྡུལ་དག་སྤྲུགས་ཙམ་བྱས་རྗེས་ནད་ཁང་དུ་བུ་མོར་བལྟ་རུ་སོང་།
          ཨ་ཡེ་སྒྲོལ་མས་མིག་ཆུ་ཡང་ཡང་འབྱིད་བཞིན“དགྲ་འདུལ། ཁྱོད་ནི་ཅི་འདྲའི་མི་ཞེ་ནག་ཅིག་རེད་ཨང་། བྱིས་པར་གཅར་རྡུང་འདི་འདྲ་བྱེད་སྲོལ་ཞིག་ཡོད་དམ། བུ་མོ་འདི་ཇི་ལྟར་བཤད་ཀྱང་ཁྱོད་ཀྱི་ཤ་རུས་ལས་མཆེད་པའི་བུས་ཕྲུག་རེད་ཡ”ཟེར་བཞིན་ཚིག་རྔ་ངག་ལས་མ་ཁྲོལ།
          དགྲ་འདུལ་ནི་འགྱོད་གདུང་གིས་དྲག་ཏུ་མནར་པས། ཨ་ཡེ་སྒྲོལ་མའི་གདོང་ལ་ལྟ་མི་ཕོད་པར་མགོ་བོ་དུད་ནས་ལྷ་དཀར་གྱི་སྔས་འགྲམ་དུ་སོང་། ཁོས་བུ་མོའི་ལག་པར་འཇུས་ནས“བུ་མོ། བུ་མོ། ཁྱོད་ཀྱིས་མིག་ཕྱེ་དང་། ཨ་ཕས་ཁྱོད་ལ་གཅར་རྡུང་བྱས་པ་མ་འགྲིགས་པ་ངས་ཤེས་སོང་། རྗེས་ཕྱོགས་ངས་དེ་ལྟར་མི་བྱེད་ཁོ་ཐག་ཡིན། ཁྱོད་ལ་ཅི་ཞིག་དགོས་ན་ངས་དེ་ཉོ”ཟེར།
          “……”
          ལྷ་དཀར་གྱིས་ཁ་ཤ་འགུལ་ཙམ་འགུལ་ཙམ་བྱས་ནས་ཅི་ཞིག་འཆད་བཞིན་ཡོད་ནའང་། སྐད་གདངས་ཤིན་ཏུ་དམའ་བས་གོ་ཐབས་མི་འདུག
          དེར་ཨ་ཡེ་སྒྲོལ་མ་མར་སྒུར་ནས་རྣ་བ་ལྷ་དཀར་གྱི་ཁར་གཏན་ནས་ཡུད་ཙམ་ཉན་རྗེས། མིག་མཐར་མཆི་མ་འཁོར་བཞིན་དགྲ་འདུལ་ལ་བལྟས་ཏེ“བུ་མོས་ཁྱོད་ལ་ཆབ་རོམ་ཀ་ར་ཞིག་ཉོ་རོགས་ཞུ་ཟེར”ཞེས་བཤད་སོང་། དེ་ནི་ལྷ་དཀར་གྱིས་སྐབས་དེར་ལུས་སེམས་ཀྱི་ན་ཟུག་ཡོད་ཚད་བསྲན་ནས་ཨ་ཕར་བཤད་པའི་རེ་བ་ཉག་ཅིག་ཡིན་སྲིད། མོར་མཚོན་ན་ཨ་ཕའི་ཉོས་པའི་ཆབ་རོམ་ཀ་ར་དེ་ནི་ཅི་འདྲར་རིན་ཐང་ཆེ་ཞིང་འཐོབ་དཀའ་བ་ཞིག་རེད་ཨང་།
          “བུ་མོ། ད་ལྟ་ཁྱོད་ལ་རྨས་ཕོག་ཡོད་པས། ཆབ་རོམ་ཀ་ར་ཟ་མི་ཉན། དྲག་སོང་ན་ངས་མང་བོ་ཉོ་ཁོ་ཐག་ཡིན།”དགྲ་འདུལ་གྱིས་ཀྱང་དེ་ལྟར་བཤད་སྐབས་མིག་མཐར་མཆི་མ་འཁོར་འདུག
          སྨན་པ་ཚེ་རིང་གིས་ཚུལ་དེ་མཐོང་རྗེས“ཨ་ཁྱི་རྒན། ཁྱོད་ཀྱིས་བུ་མོའི་མཇུག་མཐའི་རེ་བའང་མི་སྐོང་ངམ”ཟེར་བཞིན་བསྲན་མ་ཚུགས་པར་ངུ་སྐད་ཤོར།
          ཨ་ཡེ་སྒྲོལ་མས་སྨན་པའི་སྐད་ཆ་དེ་ལས་བུ་མོ་ལྷ་དཀར་རྩ་བ་ནས་སྐྱོབ་ཐབས་མེད་པ་ཤེས་པས། རེ་ཞིག་ཡིད་ལ་ཅི་ཡང་དྲན་རྒྱུ་མེད་པ་ཤེས་པས། རེ་ཞིག་ཡིད་ལ་ཅི་ཡང་དྲན་རྒྱུ་མེད་པར་ཧོན་ཐོར་སོང་། དགྲ་འདུལ་གྱིས་ཀྱང་སྨན་པའི་སྐད་ཆའི་ཧ་གོ་ནས་གང་མྱུར་སྒོས་ཨ་ཁུ་ཉི་མ་ཚང་ལ་ཆབ་རོམ་ཀ་ར་ཉོ་རུ་བརྒྱུགས། ཡིན་ནའང་དུས་ཚོད་སྐར་མ་འགའ་འགོར་ནས་ཁོ་ཕྱིར་སྨན་ཁང་དུ་ལོག་དུས། བུ་མོ་ལྷ་དཀར་གྱིས་མགོ་བོ་ཨ་ཡེ་སྒྲོལ་མའི་པང་ལ་བཞག་ནས་སྐྱོ་སྡུག་གི་འཇིག་རྟེན་འདི་དང་གཏན་དུ་བྲལ་ཟིན། དགྲ་འདུལ་གྱིས་ཤི་ཟིན་པའི་བུ་མོའི་གདོང་ལ་ཅེར་ནས་ཧད་དེ་བསྡད་ཡོད་དུས། ཁོའི་ལག་ལ་བཟུང་བའི་སྒོར་ཟུར་ལྔ་ཅན་གྱི་ཆབ་རོམ་ཀ་ར་དེ། ཉི་འོད་ཀྱིས་ཞུ་ནས་ཁུ་བ་ཐིགས་པ་རེ་རེ་ནད་ཁང་གི་རྡོ་གཅལ་སྟེང་འཛར་བཞིན་འདུག
          བུ་མོ་ལྷ་དཀར་འཇིག་རྟེན་འདི་དང་བྲལ་ནས་ཉིན་དུ་མ་ཞིག་འགོར་སོང་། དེའི་རིང་ལ་དགྲ་འདུལ་ཚང་གིས་གང་མྱུར་སྒོས་བེམ་པོ་དུར་སྦེད་བྱས་པར་མ་ཟད། ཕྱི་མི་ཚོར་ལྷ་དཀར་ནི་གློ་བུར་ན་ཚ་ལྕི་མོ་ཞིག་ཕོག་ནས་ཤི་སོང་ཞེས་བསྒྲགས། ཐང་སྐྱ་གྲོང་རྡལ་གྱི་མི་ཚང་མས་དགྲ་འདུལ་བཟའ་ཚོ་གཉིས་ལ་བྱིས་པ་ཚེ་ལས་འདས་པར་སེམས་སྡུག་མ་བྱེད་ཅེས་སེམས་གསོ་བྱེད་བཞིན་ཡོད་ལ། མ་ཡར་ཆོས་མོ་རྒྱལ་གྱིས“ངའི་བུ་མོ”ཞེས་མི་མང་ས་འཚོགས་ས་རུ་ངུ་འབོད་ཡང་ཡང་བྱས་པས། མི་མང་བོ་ཞིག་གིས་ཆོས་མོ་རྒྱལ་ནི་ཅི་འདྲའི་མ་ཡར་བཟང་མོ་ཞིག་རེད་ཨང་ཞེས་མོའི་ཀུན་སྤྱོད་ལ་བསྟོད་པའི་རྣམ་འགྱུར་སྟོན་བཞིན་ཡོད། སྨན་པ་ཚེ་རིང་ནི་ཉིན་འགར་རང་གཅིག་པུ་སྨན་ཁང་དུ་འཛུལ་ནས། ལྷ་དཀར་གྱི་ཡ་ང་བའི་ལས་སྐལ་ལ་གདུང་སེམས་སྐྱེ་བཞིན་ཡོད་ཅིང་། དགྲ་འདུལ་གྱི་སྟེང་ལ་ཞེ་སྡང་ལངས་ནས་བསྡད་ཡོད་མོད། མཐར་གཏུགས་ན་དགྲ་འདུལ་ནི་ཁོའི་ཁྱིམ་རྒྱུད་གཅིག་ལ་གཏོགས་པའི་ཕ་སྤུན་ནུ་བོ་ཞིག་ཡིན་པས། བུ་མོ་ལྷ་དཀར་གྱི་ཤི་རྐྱེན་ངོ་མ་ཕྱི་ལ་བསྒྲགས་ཐབས་མ་བྱུང་། དེ་ལྟར་ཉམ་ཐག་གི་བུ་མོ་ལྷ་དཀར་དང་མོའི་སྐྱོ་སྡུག་གི་གཏམ་རྒྱུད་མཐའ་དག་ཅི་ཡིན་འདི་ཡིད་མེད་པར་གློ་བུར་བོར་སོང་བ་དང་འདྲ་སྟེ། གྲོང་རྡལ་དེའི་མི་རྣམས་ཀྱི་དྲན་པའི་ངོས་སུ་རབ་རིབ་ཏུ་འགྱུར་བཞིན་ཡོད།
          དེ་རིང་བུ་མོ་ལྷ་དཀར་འདས་ནས་ཉིན་བདུན་འགོར་ཟིན། ཡང་བསྐྱར་འཇིག་རྟེན་འདིར་ཁེར་རྐྱང་དུ་ལུས་པའི་ཨ་ཡེ་སྒྲོལ་མས་ཉིན་དཀར་གྱི་ཟས་དང་མཚན་མོའི་གཉིད་ཀྱང་བཅག་སྟེ། ཁྱིམ་དུ་ལྷ་དཀར་གྱི་ཆེད་དུ་ཁ་ཏོན་དགེ་སྦྱོར་བྱས་འདུག ཡིན་ནའང་ད་ལྟ་མོའི་ཡིད་སེམས་ནམ་རྒྱུན་ལྟར་ལྷོད་ལ་འབབ་མི་ཐུབ་པར་མ་ཟད། ལྷ་དཀར་གྱི་ཉམ་ཐག་པའི་ངོ་གདོང་དང་དགྲ་འདུལ་ལ་སྲོག་ཁྲིམས་གཅོད་པའི་སྣང་བརྙན་ཞིག་མིག་ལམ་ལ་རེས་མོས་སུ་འཁོར་ཡོང་། མོའི་སེམས་ཁོང་དུ་སྙིང་རྗེ་དང་སྐྱོ་སྡུག འཇིགས་སྐྲག་དང་ཞེ་སྡང་བཅས་ཀྱི་ཚོར་བ་སྣ་ཚོགས་ཤིག་འགྲན་པ་བཞིན་དུ་སྐྱེས་བྱུང་། སྤྱིར་བཏང་མོ་ནི་ཐང་གི་སྲོག་ཆགས་གྲོག་སྦུར་ལའང་རྡོག་པས་བཅིར་ཨེ་འགྲོར་ཤིན་ཏུ་འཛེམ་པའི་བྱམས་སེམས་ཅན་ཞིག་ཡིན་ཅིང་། དེ་སྔ“རིག་གསར”གྱི་སྐབས་སུ། ཐེངས་ཤིག་དམར་སྲུང་དམག་གིས་ཉེས་ཅན་ཞིག་ལ་སྲོག་ཁྲིམས་གཅོད་པ་དངོས་སུ་མཐོང་བས། ལོ་ན་གཞོན་པའི་ཨ་ཡེ་སྒྲོལ་མ་སེམས་སྡུག་ནས་ཉིན་མཚན་འགར་ངུས་ནས་བསྡད་པའི་ལོ་རྒྱུས་ཀྱང་ཡོད། དེ་བས་ཆུང་བྱིས་པའི་དུས་ནས་ད་ལྟའི་བར། མོའི་ལག་ནང་ནས་རང་ལ་དབང་བ་མང་བོ་ཞིག་ཤོར་མྱོང་ནའང་། མོས་ཐོག་མཐའ་བར་གསུམ་དུ་དེ་ནི་རང་གི་ལན་ཆགས་ཀྱི་བུ་ལོན་དུ་ངོས་བཟུང་ནས་སྡུག་བཤགས་བྱེད་པ་ལས་ལེ་བདའ་མི་བྱེད། ཡིན་ནའང་ད་ཐེངས་མོའི་མཇུག་མཐའི་རེ་བར་གྱུར་པའི་བུ་མོ་ལྷ་དཀར་ཡང་རང་དང་གཏན་དུ་བྲལ་སོང་བས། མོར་ཐོག་དང་པོར་རང་གི་སྐྱོ་སྡུག་གི་ལས་དབང་ལ་འཁང་ར་བྱེད་པའི་ངར་ཤུགས་ཤིག་སྐྱེས། སྐབས་དེར། ཨ་ཡེ་སྒྲོལ་མས་གློ་རྡེག་ལ་ལག་གི་ཕྲེང་བ་ཐབ་ཀའི་ཐོག་བཞག་ནས་ཡར་ལངས་རྗེས་སྐད་གསང་མཐོན་པོས“ཨ་གནམ་རྒན་མ། ཁྱོད་ཀྱིས་ནམ་ཡང་ང་ལ་སྙིང་རྗེ་མི་སྒོམ་དོན་ཅི་ཡིན་ནམ། ཁྱོད་ཀྱི་མིག་ཞར་སོང་ངམ། ཁྱོད་ཀྱིས་ང་མི་གསོད་པར་ངའི་བུ་མོ་འཕྲོག་དོན་ཅི་ཡིན། ངས་གཅེས་ཕྲུག་མ་དེའི་ཆེད་དུ་རོ་སྐྱིན་ཨེ་ལོན་ལ་ཅིས་ཀྱང་བལྟ་དགོས”ཞེས་ཆོ་ངེ་འདོན་བཞིན་སྨྱོས་པ་ལྟར་སྒོར་བརྒྱུགས་སོང་།
          ས་སྲོད་ཀྱི་ཉི་འོད་མོག་པོ་མཚམས་སྤྲིན་བརྒྱུད་ནས་རྩྭ་ཐང་དུ་འཕྲོས་པས། གནམ་ས་གཉིས་ཀ་དམར་སེར་མདངས་ཀྱིས་གཞི་གཅིག་ཏུ་འདྲེས་འདུག རླུང་བུ་ཞིག་དལ་གྱིས་ལྡང་བའི་ཁྲོད་དུ། ཨ་ཡེ་སྒྲོལ་མའི་འཛིངས་ཤིང་ཟད་པའི་སྐྲ་ལོ་དཀར་པོ་དག་ལ་ཁའི་དར་ལྕོག་ལྟར་གཡོ་ཞིང་མཆིས། མོའི་རྒས་གཉེར་གྱིས་ཁེབས་པའི་ངོ་གདོང་དུ་སྔོན་ཆད་མཐོང་མ་མྱོང་བའི་གཟུགས་མེད་ཀྱི་ངར་ཤུགས་དང་ཞེ་སྡང་ཞིག་བསྐུངས་འདུག ཁེར་རྐྱང་གི་གྲིབ་མ་རིང་བོ་ཞིག་དྲུད་དེ་རྫོང་མཁར་གྱི་ཕྱོགས་སུ་འཐེན་པའི་གཞུང་ལམ་བརྒྱུད་ནས་དལ་བུར་འགུལ་བཞིན་མཆིས།
          ཕྱི་ཉིན་གདུགས་ཚོད་དུ། ཐང་སྐྱ་གྲོང་རྡལ་གྱི་སྲང་མདོ་རུ་ཉེན་རྟོག་པའི་རླངས་འཁོར་དཀར་ཁྲ་ཞིག་བསྡད་ཡོད་ལ། ཡུད་ཙམ་ནས་སྤྱི་བདེ་མི་སྣ་འགས་ཤར་མཐའི་གྱང་ར་སྐྱ་བོ་ཅན་གྱི་ཁྱིམ་ཚང་དེ་ནས་དགྲ་འདུལ་བཟའ་ཟླ་གཉིས་ཀྱི་ལག་པར་ལྕགས་སྒྲོག་བསྐོན་ཏེ་སྒོར་ཁྲིད་ཡོང་ལ། གང་མྱུར་སྒོས་རླངས་འཁོར་ནང་བཅུག་རྗེས། མི་སེམས་ལ་བྲེད་ཤ་དང་འཚུབ་ཆ་སློང་བའི་ཉེན་བརྡ་ཞིག་སྒྲོག་བཞིན་རྫོང་མཁར་ལ་འཐེན་པའི་གཞུང་ལམ་བསྙེགས་ནས་མདའ་འཕངས་པ་ལྟར་བུད་སོང་། གྲོང་རྡལ་གྱི་གཞིས་མི་མང་བོ་ཞིག་ལམ་འགྲམ་གྱི་ཟ་ཁང་དང་ཚོང་ཁང་དག་ལས་འཚང་ཁ་ཤིག་ཤིག་གིས་སྒོར་བུད་དེ་ཅི་ཡིན་ཆ་མ་འཚལ་བར་རླངས་འཁོར་གྱི་རྗེས་སུ་ཅེར་འདུག
          “དོན་དག་ཅི་བྱུང་བ་རེད། དོན་དག་ཅི་བྱུང་བ་རེད།”ཕོ་གསར་སྐྲ་རིང་གཟུགས་ཐུང་ཞིག་གིས་སྐེ་བསྲིངས་ཤིང་རྐང་བའི་ཕྱི་རྟིང་ཡར་བཏེགས་ནས་མི་ཚོགས་ཀྱི་ཁྲོད་དུ་འཚང་བཞིན་དེ་ལྟར་དྲིས།
          སྐབས་དེར་ཚང་མས་ཉེན་རྟོག་པ་དང་མཉམ་དུ་གྱོད་དོན་རྩད་ཞིབ་ལས་ཀར་ཞུགས་པའི་ཐང་སྐྱ་སྡེ་བའི་སྡེ་དཔོན་གྱི་དགོང་ལ་ཅེར་འདུག སྡེ་དཔོན་གྱི་གདོང་ལ་སྐྱོ་སྡུག་གི་ཉམས་ཤིག་མངོན་ཏེ“ད་ཐེངས་ང་ཚོ་སྡེ་བར་ཡ་ང་བའི་དོན་དག་ཅིག་བྱུང་སོང་། སྤྱི་བདེ་མི་སྣས་མདང་དགོང་བུ་མོ་ལྷ་དཀར་གྱི་བེམ་པོ་དུར་ཁུང་ནས་བླངས་ཏེ་ཆེད་ལས་སྨན་པར་བརྟག་དཔྱད་བྱེད་དུ་བཅུག་པ་ན། མ་གཞིར་ལོ་བརྒྱད་ཅན་གྱི་བྱིས་ཉམ་ཆུང་དེ་རང་གི་ཨ་ཕ་དགྲ་འདུལ་གྱིས་གཅར་རྡུང་བྱས་ནས་བསད་པ་ཡིན་འདུག གཙོ་བོ་ཕོ་བར་རྡོག་ཐོས་གཞུས་ནས་རྒྱུ་མ་དུམ་བུར་བཅད་འདུག་པར་མ་ཟད་རྩིབ་མ་འགའ་ཡང་བཅག་འདུག”ཅེས་དལ་ལྷོད་ལྷོད་ངང་གསལ་བཤད་སྟབས་བདེ་ཞིག་བྱས་པ་ན། དེར་འདུས་ཀྱི་མི་ཚང་མས་རང་གི་རྣ་ལ་ཡིད་མི་ཆེས་པ་ལྟར་ཕན་ཚུན་གྱི་གདོང་ལ་ལྟ་བཞིན་ཧད་ནས་ལུས།
          སྐབས་དེར་ལག་ལ་འཁར་བ་ཐོགས་པའི་རྒན་པོ་བསམ་ཤེས་ཤིག་གིས“ཨ་ཁ་ཁ། ངས་སྐྱེས་པ་ནས་ད་ལྟའི་བར་འདི་འདྲའི་རྒྱུ་འབྲས་ལ་མི་རན་པའི་སྡིག་ལས་ཤིག་ཐོས་མ་མྱོང་། དཀོན་མཆོག་གསུམ་པོ། བསྐལ་པ་སྙིགས་མའི་དུས་ངན་ཟེར་བ་ནི་འདི་འདྲར་བསྟན་པ་མིན་ནམ། བྱིས་པ་བསམ་མེད་དེར་སྙིང་རེ་རྗེ”ཟེར་བཞིན་མིག་བཙུམས་ནས་མགོ་བོ་ཐད་དུ་གཡུགས་སོང་།
          “དགྲ་འདུལ་སྨྱོས་པ་མ་ཡིན་ནམ། རང་གི་བུས་ཕྲུག་ཀྱང་གསོད་ཕོད་པ་འདི། ཁོ་ལ་མི་སེམས་ཤིག་མི་འདུག སྲོག་ཁྲིམས་བཅད་ན་འགྲིག་པ་རེད།”ཕོ་གསར་སྐྲ་རིང་གཟུགས་ཐུང་དེས་ཞེ་སྡང་དང་བཅས་དེ་སྐད་ཟེར།
          “དགྲ་འདུལ་རང་གི་ཆུང་མ་སྔོན་མར་སྡང་བ་ཀུན་ལ་གསལ། བུ་མོ་འདས་པོ་དེའི་ཁ་རིས་ངོ་ཚུགས་ཏག་ཏག་ལ་མོའི་ཨ་མ་དང་ཤིན་ཏུ་འདྲ།”མོ་གསར་ཞིག་གིས་ཚོད་དཔག་རང་བཞིན་ཤས་ཆེ་བའི་སྐད་ཆ་དེ་ཁ་སྣོན་གྱི་ཚུལ་དུ་བཤད།
          “གང་ལྟར་དགྲ་འདུལ་བླུན་རྒན་ཁོ་རང་གི་བུ་ཁོ་ན་ལས་བུ་མོར་གཏན་ནས་མི་དགའ། ཐེངས་ཤིག་ང་ཚོས་མཉམ་དུ་ཆང་འཐུང་སྐབས། ཁོས་འདང་བརྩེ་ཅི་ཡང་མེད་པའི་ཉམས་ཀྱིས‘སློང་མཁན་ཡོད་ན་བུ་མོ་འདི་གཞན་ལ་བུ་སྐལ་མར་བྱིན་ཆོག’ཟེར་བ་ངས་དངོས་སུ་གོ་མྱོང་།”སྔོན་ཆད་དགྲ་འདུལ་ཚང་གི་ཁྱིམ་མཚེས་བྱས་མྱོང་བའི་སྐྱེས་པ་དར་མ་ཞིག་གིས་དེ་ལྟར་བཤད།
          དེར་མཐུད་ནས་དོན་དེའི་འབྱུང་རྐྱེན་ལ་དཔྱད་གཏམ་རྗོད་མཁན་དང་དགྲ་འདུལ་ལ་ཁ་རྡུང་གཏོང་མཁན་ཇེ་མང་ཇེ་མང་དུ་གྱུར་པས། མི་ཚོགས་ནི་སྐྱ་ཀའི་ཚང་ལ་རྡོ་ཕོག་པ་ལྟར་འུར་ཆིལ་ལེར་སོང་།
          སྐབས་དེར་སྡེ་དཔོན་གྱི་འཁྲིས་སུ་པང་ལ་བྱིས་པ་བཟུང་བའི་བུད་མེད་ཅིག་གིས“བུ་མོ་དེ་མོའི་ཨ་ཕས་བསད་པ་ཡིན་ན། མོའི་མ་ཡར་ཆོས་མོ་རྒྱལ་བཙོན་ལ་བཀག་དོན་ཅི་ཡིན་ནམ། ཉིན་འགའི་སྔོན་ལ་ལྷ་དཀར་ཚེ་ལས་འདས་རྗེས། མོ་ངུས་ནས་བརྒྱལ་ལ་ཁད་བྱེད་བཞིན་ཡོད་པ་མ་ཡིན་ནམ”ཞེས་ཡ་མཚན་པའི་རྣམ་འགྱུར་མངོན་བཞིན་དྲིས་བྱུང་།
          དེར་སྡེ་དཔོན་གྱིས་དབུགས་རིང་ཞིག་ཕྱུང་ནས“སྨན་པས་གཤག་བཅོས་བྱས་ནས་ཤེས་པར་ལྟར་ན། བུ་མོ་ལས་ངན་མ་དེ་རྒྱུ་མ་ཆད་ནས་ཤི་བ་ལས་གཞན། མོའི་མགོ་ལུས་ཧྲིལ་བོ་ན་སྔོན་ཆད་བཞག་པའི་རྨ་ཤུལ་རྙིང་བ་བཅའ་བཅུ་ཙམ་ཐོད་འདུག་སྟེ། དེའི་ནང་མགོ་རུས་བརྟིབས་ནས་ཞོམ་པའི་རྨ་ཤུལ་ཅུང་ཆེ་བ་ཞིག་ཡོད་པ་དེ་ནི། ཏག་ཏག་ལ་བུད་མེད་ཀྱི་ལྷམ་ཕྱི་རྟིང་གི་རྗེས་ཤུག་རེད་ཟེར། དེ་བས་ཉེན་རྟོག་པས་ཆོས་མོ་རྒྱལ་གྱིས་ཀྱང་མི་གཞན་པ་མེད་ས་རུ་བུ་མོ་དེར་བློ་ཡུལ་ལས་འདས་པའི་མནར་གཅོད་སྣ་ཚོགས་བྱས་ཡོད་པར་ར་སྤྲོད་བྱས་སོང”ཞེས་གསལ་བཤད་བྱས། སྡེ་དཔོན་གྱིས་བཤད་ནས་མཚམས་དེར་བསླེབས་སྐབས་སེམས་ཀྱིས་མ་བཟོད་པར་སྐད་གདངས་ཀྱང་ཅུང་འདར་བཞིན་འདུག བློ་ཡུལ་ལས་འདས་ཤིང་སྐྱི་གཡའ་བའི་དོན་རྐྱེན་དེས་ཐང་སྐྱ་གྲོང་རྡལ་གྱི་མི་ཚང་མར་རང་དབང་མེད་པར་ཁོང་འདར་ཞིག་རྒྱག་ཏུ་བཅུག་པས། རེ་ཞིག་ཚང་མ་འཇམ་ཅག་གེར་སོང་།
          ……
          དབྱར་ཟླ་དྲུག་པའི་ལྗང་མདོག་གི་རྩྭ་ཐང་ནི་ངོས་གནམ་ལ་བསྐོར་པའི་ཅོག་ཙེ་ཞིག་དང་འདྲ་ལ། སྔོ་བསངས་ཀྱི་ནམ་མཁའ་ནི་དེའི་སྟེང་དུ་ཁ་སྦུབས་ནས་བཞག་པའི་སླ་ང་ཞིག་དང་དབྱེར་མ་མཆིས། ཐང་སྐྱ་གྲོང་རྡལ་དང་ཐག་མི་རིང་བའི་སྤང་ཐང་དེ་ན་འཚོ་མཁན་མེད་པའི་ལུག་ཁྱུ་ཞིག་ཐར་ཐོར་དུ་གྲམ་ནས་ཡོད། ལུག་ཁྱུའི་མཐའ་རུ་ཁེར་ཉལ་བྱས་ཡོད་པའི་ལུ་གུ་སྐེ་ནག་ཅིག་གིས། གཞུང་ལམ་སྟེང་གི་རླངས་འཁོར་གྱི་ཉེན་བརྡ་ཐོས་ཐེངས་རེར། མགོ་བོ་ཡར་ལ་བཏེགས་ཏེ་ཕར་ལྟ་ཚུར་ལྟ་ཞིག་བྱས་ཏེ་ཅི་ཞིག་འཚོལ་བ་ལྟར་འདུག་གོ།