ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > བསྒྱུར་རྩོམ།

ཧྥ་རན་སིའི་རྩོམ་པ་པོ་དང་བསམ་བློ་བ་ཝོལ་ཐེའུ་ཡི་མི་ཚེའི་བྱུང་བ་ཉུང་བསྡུས།

སྤེལ་དུས 2017-08-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྐྱ་བོས་བསྒྱུར།
           ཝོལ་ཐེའུ་ནི་ཧྥ་རན་སིའི་མཚན་ཉིད་རིག་པ་བ་དང་། རྩོམ་པ་པོ། ཟློས་གར་མཁན། སྙན་ངག་པ། བློ་འབྱེད་པའམ་མུན་སེལ་བའི་ལུགས་ཀྱི་ཅོན་པན་འཆང་བའི་སྐྱེས་བུ་ཞིག་ཡིན་པ་དང་། ཁོང་ནི་འགྲོ་བ་མིའི་ལོ་རྒྱུས་སུ་གསུང་ཚིག་གཞན་གྱིས་ལུང་དུ་དྲངས་པ་ཆེས་མང་པའི་རྩོམ་པ་པོའི་ནང་གི་གཅིག་ཡིན། 
           དེའང་ཁོང་གི་གསུང་ལས་ཆེས་གྲགས་ཆེ་བ་ཁ་ཤས་དཔེར་བཀོད་ན།
           “དེབ་ཀྱིས་འཇིག་རྟེན་ལ་དབང་དུ་སྒྱུར་བར་བྱེད། ཉུང་མཐར་ཡང་ཡི་གེ་ཡོད་པའི་རྒྱལ་ཁབ་དག་ལ་དབང་དུ་སྒྱུར་བར་བྱེད”
           “གལ་སྲིད་ཡུལ་གྲུ་ཞིག་རིགས་པ་ཞིབ་མོའི་ལམ་དུ་ཞུགས་ཚེ། དེར་མཚམས་འཇོག་པའི་སྐལ་བ་ནི་ནམ་ཡང་མེད་དོ”
           “བསམ་བློའི་རང་དབང་ནི་ཚེ་སྲོག་གི་རྩ་བ་ཡིན”
           “ང་ཁྱོད་ཀྱི་ལྟ་ཚུལ་ལ་མི་མོས་ཀྱང་། ཁྱོད་ཀྱི་གཏམ་སྨྲ་བའི་དབང་ཆ་ནི་བདག་གིས་སྲོག་བསྡོས་ཀྱིས་བསྲུང་ངོ”
           “དཔྱོད་ཤེས་ལ་ཐོབ་པའི་ངེས་པ་དོན་གྱི་རྒྱལ་ཁ་ནི་ངེད་ཅག་ནི་དཔྱོད་ཤེས་མེད་པའི་མི་དང་འཆམ་པོར་སྡོད་ཐུབ་པ་དེ་ཡིན”
           “བདེན་དོན་ལ་དགའ་འོས། འོན་ཏེ་ནོར་འཁྲུལ་བཟོད་པར་འོས”
           “སྐྱེ་བོ་གཅིག་ལ་ཉེས་མེད་ཉེས་འགེལ་བྱེད་པ་ལས། ཉེས་ཅན་ཞིག་ཉེས་མེད་བཞིན་གློད་པ་དགའ”
           “ཆེས་སྤྱིར་བཏང་གི་རྒྱུན་ཤེས་ནི་དེ་འདྲའི་སྤྱིར་བཏང་བ་ཞིག་ཀྱང་མ་ཡིན”
           “གཞན་ལ་མི་བརྩེ་བར་གྱུར་བ་དང་། གཞན་གྱིས་བརྩེ་བའི་གནས་སུ་མ་གྱུར་བ་ནི་བསྲན་མི་ནུས་པའི་འཆི་བ་མགོར་སླེབས་པ་དང་འདྲ”
           “གལ་སྲིད་འཇིག་རྟེན་བྱེད་པོ་ཟེར་བ་ཞིག་མེད་ནའང་། དེ་ཉིད་ཅིས་ཀྱང་གསར་བཟོ་བྱ་འོས་སོ”
           གོང་གི་ལེགས་བཤད་དེ་དག་ལ་ཉན་ཚེ། ཁོང་གི་བརྗོད་གཞི་རེ་རེའི་ངོས་ནས་ངེད་ཅག་ལ་ལམ་གསལ་བར་སྟོན་པའི་མུ་ཏིག་འོད་པོ་ཆེ་རེ་གནང་བ་དང་འདྲ། ཡིན་ཡང་ཁྱེད་ཀྱིས་ཁོང་གི་ལམ་ལམ་འཚེར་བའི་ལེགས་བཤད་དེ་དག་ལ་དོན་ཟབ་མོ་མེད་པར་སྙམ་ན། དེ་དག་གཅེས་པར་སེམས་སུ་ཉར་ཏེ་ཁོང་ལ་བཟོད་པ་བསྒོམ་འོས། དེ་ནི་ཁོང་རང་ཉིད་ཀྱིས་གསུང་བ་ལྟར། “ང་ནི་ཆུ་ཕྲན་ཞིག་དང་འདྲ་སྟེ་གཏིང་མི་ཟབ་པས་ཤིན་ཏུ་དྭངས་པ་ཡིན”པའོ།། 
           དོན་དངོས་སུ་ཁོང་ལ་མཚན་ཉིད་མཁན་ཞིག་གི་རྣམ་དཔྱོད་དང་ཐོས་རྒྱ་འཛོམས་ཡོད་པ་དང་། དེ་ནི་འཚོ་བར་བཟུང་བའི་སྤྲོ་དགའ་དང་། རང་དབང་དང་གུས་ལུགས་སྐོར་ལ་ཡང་དག་པར་མ་འོངས་སྔོན་དཔག་ཐུབ་པའི་སྤྲོ་དགའ་དང་འབྲལ་བ་མེད་པར་ཡོད་ཅིང་། དེ་ལ་བརྟེན་ནས་ཁོང་ཉིད་མིའི་རིགས་ཀྱི་ལོ་རྒྱུས་སུ་རླབས་ཆེ་བའི་སེམས་ཀྱི་འཐབ་མོ་བ་ཞིག་ཏུ་གྱུར་ཏོ།།

           1694ལོར། ཁོང་ཕེ་རི་སིར་སྐུ་འཁྲུངས། ཡབ་ཡུམ་གཉིས་ཀྱིས་ཁོང་ལ་ཧྥུན་སོ་ཝེ་མ་ཝེ་ཨ་ཝོ(François-Marie Arouet)ཞེས་པའི་མཚན་གསོལ། ཁོང་གི་ཡབ་ཀྱི་མཚན་ལ་ཧྥུན་སོ་ཝེ་ཨ་ཝོ(François Arouet)ཞེས་འབོད་པ་དང་། རྒྱུ་ནོར་ལོངས་སྤྱོད་འཛོམས་པའི་ཕྱུག་པོ་ཞིག་ཡིན་ལ། དང་པོ་ཁྲིམས་ཁང་ནས་དཔང་མིའི་ལས་ཀ་བསྒྲུབས་པ་དང་། ཕྱིས་སུ་ས་གནས་ནོར་མཛོད་ཀྱི་དཔོན་རིགས་སུ་གྱུར། ཁོང་གི་ཡུམ་གྱི་མཚན་ལ་མ་ཝེ་མ་གྷི་ཝེ་ཐི་རྡོ་མག(Marie Marguerite Daumard)ཅེས་ཟེར། མོ་ནི་སྤྱང་གྲུང་འཛོམས་ལ་སྨྲ་མཁས་པ་དང་། ཞི་དུལ་བག་ཡོད་ལྡན་པའི་སྐུ་དྲག་གི་རྒྱུད་པ་ཞིག་ཡིན། ཧྥུན་སོ་ཝེ་ནི་ཁོང་ཚང་གི་ཕྲུ་གུ་ལྔའི་ནང་གི་ཆུང་ཤོས་ཡིན་ལ། གཟུགས་ཆུང་ཤིང་ཤིན་ཏུ་གཉོམ་པས་ཡབ་ཡུམ་གཉིས་ཀྱིས་ཁོང་ཉིད་ལོ་ན་མང་པོར་གསོན་མི་ཐུབ་པར་སྙམ་ནས་སྐྱེས་ཏེ་ཉིན་གཉིས་མ་ལོན་པར་ཆོས་ཁང་ནས་བྱིན་གྱིས་བརླབས་སུ་བཅུག
           དགུང་གྲངས་བདུན་གྱི་དུས་སུ། ཁོང་གི་སྐྱེད་ཡུམ་སྐུ་གཤེགས། དགུང་གྲངས་བཅུ་བར་ཁོང་ཡེ་ཤུ་ཚོགས་པའི་སློབ་གྲྭ་སྟེ་ལོའུ་དབྱི་ཆེན་པོ་ཞེས་པའི་སློབ་འབྲིང་དུ་ཞུགས། དེ་ནས་ཁོང་གིས་གནའ་རབས་ཀྱི་རྩོམ་རིག་དང་། སྐད་ཡིག ཟློས་གར་སོགས་འཇིག་རྟེན་མི་ཆོས་ཀྱི་སློབ་གསོ་མྱངས། སྐབས་དེར་སློབ་གྲྭ་ན་སློབ་ཕྲུག་དག་ལ་མིའི་རིམ་པ་དགར་བཞིན་ཡོད་དེ། དཔོན་རིགས་དང་སྐུ་དྲག་གི་ཕྲུ་གུ་རྣམས་ནི་ཁང་པ་གྱན་གཅིག་རེའི་ནང་གཡོག་པ་དང་མཉམ་དུ་སྐྱིད་པོར་སྡོད་ཆོག་པ་དང་། གཞན་དག་ནི་སྤྱི་བའི་ཉལ་ཁང་ནས་སྡོད་དགོས། ཐོབ་ཐང་དང་འབྱོར་ཕྱུག་ཡོད་མེད་ལ་བལྟས་ཏེ་སློབ་མ་སྐྱོང་བའི་སྲོལ་དེ་སློབ་ཁྲིད་ཀྱི་སྐབས་སུའང་ཡོད་ཅིང་དགེ་རྒན་གྱིས་མི་ཚང་ཕྱུག་པོའི་སློབ་ཕྲུག་ཚོ་དམིགས་བསལ་གྱིས་གཅེས་པས་སྐྱོང་། དེས་ལོ་ན་གཞོན་པའི་ཝོལ་ཐེའུ་ཡི་སེམས་སུ་སྤྱི་ཚོགས་ཉིད་འདྲ་མཉམ་མ་ཉིད་པའི་ལྟ་བ་ཐོག་མར་ཆགས་སུ་བཅུག ཕྱིས་སུ་ཝོལ་ཐེའུས“སློབ་གྲྭ་དེ་ནས་ངས་ཤེས་པ་ཤིན་ཏུ་ཉུང་། ཐ་ན་ངས་རང་ཉིད་གནས་སའི་རྒྱལ་ཁབ་དེ་གང་ཡིན་པའང་ཤེས་མ་སོང་། ངས་རང་གི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཤེས་མ་སོང་ལ་རྒྱལ་ཁབ་ལ་དོན་དུ་ཅི་ཞིག་མཁོ་བའང་ཤེས་མ་སོང་། ངས་ཨང་རྩིས་དང་མཚན་ཉིད་རིག་པ་སོགས་ཅི་ཡང་མ་ཤེས། ངས་ཤེས་པ་ནི་ལ་ཏིང་གི་སྐད་དང་མི་ཤེས་ཤེས་ཁུལ་བྱེད་པ་དེའོ”ཞེས་སློབ་གྲྭ་དེའི་སྐྱོན་མཚང་དྲུངས་ནས་ཕྱུངས།
བྱིས་པའི་དུས་ནས་བཟུང་། ཁོང་ནི་སྐྱེ་བོ་བྱིངས་དང་མི་འདྲ་བར་སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་པ་ཞིག་སྟེ། དཔེ་ཀློག་ལ་མོས་ཤིང་སྙན་ངག་སྦྱོང་བར་དགའ་བ་དང་། མ་འོངས་པར་སྙན་ངག་པ་ཞིག་ཏུ་འགྱུར་བའི་སྟོང་བསམ་བཅངས། སློབ་གྲྭ་དེར་ཡོད་དུས་ནས་ཁོང་གིས་ཧྥ་རན་སིའི་མུན་སེལ་ལུགས་ཀྱི་ཤིང་རྟ་བ་ཕེ་ཝེལ་བྷེལ་གྱི་གསུང་འབུམ་བཀླགས་པ་དང་། དེས་ཁོང་གི་རྗེས་ཀྱི་དགག་སྒྲུབ་ཀྱི་བསམ་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
           དགུང་ལོ་བཅུ་བདུན་གྱི་དུས་སུ། ཁོང་སློབ་གྲྭ་དེ་ག་ནས་མཐར་ཕྱིན་ཅིང་། ཡབ་ལགས་ལ་སྙན་ངག་པ་ཞིག་བྱ་བའི་འདུན་པ་བརྗོད་ནའང་ཡབ་ལགས་ཀྱིས་དེ་ལ་མཐའ་གཅིག་ཏུ་རྒོལ་ནས་ཁོང་ཁྲིམས་རིག་གི་སློབ་གྲྭ་ཞིག་ཏུ་བསྐྱལ་ཅིང་། ཕྱིས་སུ་ཁྲིམས་དཔོན་ཞིག་ཏུ་འགྱུར་བའི་རེ་བ་བཅངས། བཀླགས་མི་སྤྲོ་བའི་ཞལ་ལྕེའི་དེབ་ནང་གི་ལ་ཏིང་སྐད་གིས་ཁོང་གི་ཁྲིམས་ལུགས་སྦྱོང་བའི་འདུན་པ་ཉམས་པར་བྱས་ཤིང་ཁོང་གིས“གལ་སྲིད་དངུལ་ལོར་ཡོད་ཚེ་ཁྲིམས་དཔོན་གྱི་གོ་གནས་ནི་ཉོ་ཐུབ་མོད་དེས་སྙན་ངག་བྲི་བར་ཕན་གང་ཡང་གདགས་མི་ནུས། དེ་བས་བདག་ནི་ཅིས་ཀྱང་སྙན་ངག་པར་འགྱུར་དགོས་སོ”ཞེས་གསུང་། ཁོང་ཁྲིམས་རིག་གི་སློབ་གྲྭ་དེར་དུས་ཡུན་ཐུང་ངུའི་རིང་འགྲོ་ཙམ་བྱས་ཀྱང་ཅུང་མ་འགོར་བར་དེ་ལས་གཏན་དུ་བུད་ནས་ལས་ཀ་གཏན་ཁེལ་མེད་པའི་མི་ཞིག་ཏུ་གྱུར། ཏག་ཏག་དུས་དེ་ལ་ཁོང་གིས་ཁོང་རང་གི་དགའ་ཁ་འཁྱེར་ཕྱོགས་ངོ་མ་སྟེ་ཕེ་རི་སིར་ཤིན་ཏུ་དར་ཆེ་བའི་བྷོ་ཧི་མེ་ཨའི་ལུགས(བོད་ཡིག་ཏུ་སྒྱུར་བ་བོའི་མཆན།༡ འདི་ལ་Bohemian,波西米亚式ཟེར་ཅིང་བློ་གཤོག་ཆེ་བའི་རྗེབ་སི་བ་དང་ཀུན་སྤྱོད་ཡན་པར་བྱས་པའི་རིག་གནས་པ་དག་ལ་གོ  བྷོ་ཧི་མེ་ཨ་ནི་ཡུལ་གྲུ་ཞིག་གི་མིང་སྟེ། དེ་ནི་ཅེཀ་རྒྱལ་ཁབ་ཀྱི་དབུས་དང་ནུབ་ཕྱོགས་སུ་ཡོད་ལ་མི་རིགས་མང་པོ་དང་བྱེ་བྲག་ཏུ་རྗེབ་སི་བ་དག་སྡོད་སའི་གནས་ཤིག་ཡིན)དང་འདྲ་བའི་རྩོམ་རིག་གི་འཚོ་བ་ཞིག་རྙེད་པར་གྱུར། 
           རིགས་སྟོབས་དང་གསར་གཏོད་ཀྱི་ནུས་པ་གང་གིས་ཀྱང་གཞན་དྲིང་མི་འཇོག་པའི་སྐྱེས་བུ་ཁོང་གིས་ཕེ་རི་སི་ནས་ཁྲིམས་རྩོད་པ་ཞིག་གི་ལག་རོགས་བྱེད་པའི་ཟོལ་གྱིས། དོན་དུ་དུས་ཚོད་མང་པོ་ཟུར་ཟའི་སྙན་ངག་འབྲི་བའི་ཕྱོགས་སུ་བཀོལ་ཏེ་ཁོང་རང་གི་འཇོན་ཐང་ངོམ་པར་བྱས། ཁོང་གིས་བསམ་བཞིན་དུ་དཀྲུག་ཤིང་བཏང་བ་མིན་ནའང་། སྐབས་དེའི་མཐོ་རིམ་སྤྱི་ཚོགས་ཀྱི་བླུན་རྨོངས་དང་གདུག་རྩོམ་ལ་བཟོད་ཐབས་བྲལ། ཁོང་ནི་ཀུན་སྤྱོད་ཀྱི་ལྟ་བའི་ཕྱོགས་ནས་རྫི་གསང་རྣོ་བ་དང་སྤོབས་པས་ཀུན་ཏུ་ཕྱུག དེ་བས་ཁོང་གིས“ངའི་ལས་ཀ་ནི་ང་རང་གི་སེམས་ལ་ཤར་བ་དག་བཤད་པ་དེ་ཡིན”ཞེས་བྲིས་ཤིང་། དུས་རྟག་པར་བསམ་གཞིགས་མང་པོ་བཏང་སྟེ་སྐབས་དོན་གྱི་མཚང་འབྱིན་པ་དང་སྲིད་དོན་གྱི་སྐྱོན་བརྗོད་པས་སྐབས་དེའི་སྲིད་གཞུང་གི་མིག་ནང་གི་འཛེར་མར་གྱུར། ༡༧༡༧ལོའི་ཟླ་༥བའི་ཚེས་༡༦ཉིན་ནས། ཁོང་བྷ་སི་ཐེ་བཙོན་ཁང་དུ་ལོ་གཅིག་ལ་བཅུག གནས་དེ་ནས་ཁོང་གི་རིག་པ་ཀློང་དུ་བརྡོལ་ཅིང་ཟློས་གར་འབྲི་བའི་མགོ་བརྩམས་པ་དང་སྲིད་ལུགས་དང་འབྲེལ་བའི་སྙན་ངག་མང་དུ་བརྩམས། ལོ་རྗེས་མའི་ཟླ་བ་བཞི་བའི་ནང་བཙོན་ལས་བཏང་རྗེས། ཁོང་གིས་རང་ཉིད་ལ་ཝོལ་ཐེའུ་ཞེས་པའི་སྨྱུག་མིང་དེ་བཏགས།
           སྤྱིར་ཝོལ་ཐེའུ་མཆོག་ནི་སྤྱང་གྲུང་རྒོད་ཅིང་འཇོན་ཐང་ཆེ་ནའང་། ཁོང་ཉིད་སྐྱེ་བོ་ཕལ་བ་ཞིག་ཡིན་པའི་ཆ་ནས་སྲུང་མཁན་དང་སྐྱོབ་མཁན་གང་ཡང་མ་མཆིས་པས་མཐོ་རིམ་སྤྱི་ཚོགས་ཀྱི་སྐྱེ་བོ་ངན་པ་དག་གིས་ཁོང་ལ་འཚེ་ཞིང་གནོད་པའི་སྦྱོར་བ་གང་མང་བརྩམས། ཁོང་གིས་མཉམ་མ་བཞག་ས་ནས་སྐུ་དྲག་ཆུང་ཆུང་ཞིག་ལ་ཕོག་ཐུག་བཟོས་པས་སྐུ་དག་དེའི་གཡོག་པོས་ཁོང་ལ་རྒྱུག་པས་བརྡུངས། ཝོལ་ཐེའུ་ཡིས་དམར་འཛིང་བྱེད་པའི་སྐད་བཏང་བས་སྐུ་དྲག་དེས་ཁོང་ཁྲིམས་ངོར་གཏུག རྐྱེན་དེར་འབྲེལ་ནས་སྲིད་གཞུང་གིས་མགྱོགས་པོར་ཁོང་བྷ་སི་ཐེ་བཙོན་དུ་བཅུག་ཅིང་ད་དུང་རྒྱལ་ཁོངས་ནས་སྤྱུགས། དེའི་རྗེས་སུ་ཁོང་དབྱིན་ཡུལ་དུ་ཕེབས་ཏེ་ལོ་ངོ་གསུམ་ལ་བཞུགས། ཁོང་དབྱིན་ཡུལ་གྱི་གནས་འགའ་ཞིག་ལ་ཕེབས་པ་དང་ལས་ཀ་སྣ་ཚོགས་བསྒྲུབས་ཤིང་། དབྱིན་ཇིའི་དངོས་གཙོ་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་རྩོམ་རིག་ལ་ཞིབ་འཇུག་མཛད་པ་དང་། དབྱིན་ཇིས་ཚན་རིག་བསམ་བློའི་ཕྱོགས་ནས་བླངས་པའི་གྲུབ་འབྲས་དག་ཐུགས་སུ་གསན་པར་བྱས། བྱེ་བྲག་ཏུ་ཉོའུ་ཐོན་དང་ལོ་ཁིའི་(བོད་ཡིག་ཏུ་སྒྱུར་བ་བོའི་མཆན།༢ John Locke,约翰洛克རྗོན་ལོ་ཁི་སྟེ། ༡༦༣༢—༡༧༠༤དབྱིན་ཇིའི་མཚན་ཡུལ་སྨྲ་བའི་སློབ་དཔོན་ཆེན་མོ་ཞིག ཁོང་གིས་སྲིད་གཞུང་ལ་དབང་སྒྱུར་བྱ་ཡུལ་གྱི་མོས་མཐུན་ཡོད་པ་དང་། དེས་དམངས་ཀྱི་ཚེ་སྲོག་དང་རང་དབང་། རྒྱུ་ནོར་བཅས་རང་བྱུང་གི་བདག་དབང་བཅས་སྲུང་ཐུབ་པ་ན་ད་གཟོད་དེས་དབང་བསྒྱུར་བ་ནི་ལུགས་དང་མཐུན་པའི་ལྟ་ཚུལ་བཏོན)ལྟ་བ་ཤུགས་ཆེར་བསྒྲགས།