(པེ་ཅིན)
སྣོད་ཀྱི་འཇིག་རྟེན་ཁ་བས་བཏུམས་ཏེ་གྲང་འཁྱག་ངར་མོའི་རེག་བྱ་རྩུབ།།
བཅུད་ཀྱི་སེམས་ཅན་ཉོན་མོངས་གསེབ་ན་ཕྲག་དོག་དུག་གིས་རང་རིགས་བཅོམ།།
ལུས་ཁམས་འགུལ་མེད་འཇགས་པར་འཚོ་ཡང་སེམས་ཁམས་འཁྲུགས་པའི་རྨ་ཁ་འདིར།།
བཟོད་མེད་སེམས་ངལ་ལྷག་མ་ཞིག་གིས་བུ་མོའི་སེམས་ལ་ན་ཟུག་བསྐྲུན།།
མི་དྲག་དཔོན་པོའི་འཁྲིས་སུ་ལྷགས་དུས་རིན་ཆེན་མགོ་བོ་ས་ལ་དྲུད།།
ཉམ་ཆུང་སྐྱེ་བོའི་ལུས་གུས་མཐོང་དུས་གླེན་རྫིག་མགོ་བོ་གནམ་ལ་བཏེགས།།
ཉེས་མེད་བག་ཉལ་འབངས་སེར་ཡོངས་ལ་དོན་མེད་བཀའ་ཡི་མདུང་གིས་བསྣུན།།
ཤེས་མེད་བླུན་པོའི་གོ་ས་མཐོང་ན་བུ་མོའི་སེམས་ལ་གནོང་སྣང་ཞིག།
རིག་པའི་སྒོ་མོའི་སྐས་ཀ་མ་འགྲིམ་རང་སེམས་གཉོམ་ལག་མ་རྒྱས་གོང་།།
འཇིག་རྟེན་བདེ་བའི་ཚོར་རྟོགས་མ་སྒུམ་བཅུ་དྲུག་ལང་ཚོ་མ་རྫོགས་གོང་།།
བུ་མོ་འགྲོ་ས་གནས་ཡིན་ཟེར་ནས་བུ་མོའི་མདུན་ལམ་རྡུལ་དུ་བརླགས།།
རྒྱུད་འབྱམས་དྲེག་པའི་སྲོལ་རྙིང་མཐོང་ན་བུ་མོའི་སེམས་པ་ཨ་ཐང་ཆད།།
རྒྱུ་ཅན་བུ་ལ་ཡོན་ཏན་ཕྲ་ཡང་ང་འོ་སྙེམས་པའི་མགོ་འཕང་མཐོ།།
ཅང་མེད་བུ་ལ་ཤེས་རྒྱ་ཆེ་ཡང་ཁེངས་སྐྱུང་ཞིག་གིས་གཉོམ་དུང་ངེར།།
ཡོད་མེད་བར་ནས་ལྟག་སྒོ་ཞིག་གིས་དབུལ་བོའི་བུ་ལ་བར་ཆད་ཅིག།
དྲང་བདེན་རྒྱ་མ་སྲིད་ན་མེད་པས་བུ་མོའི་སེམས་ལ་སྐྲག་སྣང་ཞིག།
འདབ་བརྒྱད་པདྨོའི་མཛེས་སྡུག་མཐོང་ནས་ཆགས་པའི་ལག་ཟུང་དམ་དུ་འཁྱུད།།
དྲི་ལྡན་སེར་ཆེན་བསུང་ངད་ལྡང་དུས་མྱོས་པའི་ལག་ཟུང་རིང་དུ་བསྲེངས།།
ཁྲེལ་ཡོད་ངོ་ཚ་བག་ལ་མ་ལྡན་མ་འགྱུར་ད་བྱིད་ལུས་སུ་བླངས།།
བརྩེ་དུངས་རྫུན་མས་སེམས་པ་བསླུས་ན་བུ་མོའི་སེམས་ལ་ཐེ་ཚོམ་ཞིག།