ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > བསྒྱུར་རྩོམ།

དབྱར་རྩྭ་དགུན་འབུ།

སྤེལ་དུས 2011-11-23 ཡོང་ཁུངས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། རྩོམ་པ་པོ། སྟག་རིག་འབྲུག་ཐར།

 དབྱར་རྩྭ་དགུན་འབུ་དྲིན་ཆེན་པོའི་བཀའ་དྲིན་ལ་ཞེས་ཨ་ཁུ་བྱམས་པས་དགའ་སྣང་དང་མཚར་ཉམས་འདྲེས་མས་ལག་གཡས་ཀྱིས་དཔྲལ་ངོ་བཀབ་ཅིང་ལག་གཡོན་པས་རྐེད་པར་གཏད་དེ་སོ་ཕག་དང་ཨར་འདམ་གྱིས་གྲུབ་པའི་བརྗིད་ཆགས་འགྱིང་ཉམས་དོད་པའི་ཁང་གསར་གྱི་རྩིག་ངོས་སུ་ཅི་མི་སྙམ་པར་ཧོན་འཐོར་བ་བཞིན་ཅེར་འདུག མ་གཞི་དེ་ནི་ཉིན་འགའི་སྔོན་ལེགས་འགྲུབ་བྱུང་བའི་གྱན་བཅུ་ཅན་གྱི་སོ་ཕག་གི་ཁང་བ་ཞིག་རེད་ལ།ད་ལོའི་དཔྱིད་ཀར་བུ་རིག་འཛིན་མགོ་ལོག་རྨ་སྟོད་དུ་ཟླ་གཅིག་ལྷག་འགོར་བའི་རིང་ས་ཁྲལ་འཇལ་ནས་སེན་མགོ་རྣག་དང་སེན་རྟིང་ཁྲག་བྱས་ནས་ཐོན་པའི་དཀའ་སྡུག་གི་འབྲས་བུའང་ཅིས་མ་ཡིན།

 སྤྱི་ལོ་ཉིས་སྟོང་ལོའི་ཚུན་ལ་ལྟོས་ས་ལྟོས་འཇོག་གི་ཞིང་འབྲོག་མང་ཚོགས་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་ཞིང་དགོས་མཁོའི་དེང་རབས་འཕྲུལ་ཆས་བེད་སྤྱོད་མཁན་ཡང་ཇེ་མང་དུ་སོང་ཚུལ་ལ་གཞིགས་ན་དབྱར་རྩྭ་དགུན་འབུའི་བཀའ་དྲིན་ནམ་ཡང་གཞལ་མཐའ་བྲལ་བ་སྨྲ་ཅི་དགོས།

 ལྷག་པར་དུ་ན་ནིང་དོ་ཚིགས་སུ་སྟོད་ཕྱོགས་འབྲོག་པ་རྣམས་ཀྱིས་རྒྱ་ལོའི་ཉི་ཤུ་གཟུར་ནས་བཟུང་རང་རང་གི་ཕྱུགས་ཟོག་ཡོད་ཚད་རྫི་བོ་རེ་གླས་ཏེ་དབྱར་རྩྭ་བརྐོ་བར་སྟ་གོན་བྱེད་ཅིང༌། སྨད་ཕྱོགས་རོང་བ་ཚང་མས་རང་རང་གི་རྣང་ཞིང་ཆ་བོ་རྨོ་འདེབས་བྱེད་ཁུལ་བྱས་རྗེས་ལུས་སེམས་གཉིས་ཀ་དབྱར་རྩྭ་བརྐོ་རྒྱུའི་ལས་ཀར་མགོ་འཁོར་ཏེ་གནས་ས་གང་དུ་སོང་ན་དབྱར་རྩྭ་ཡོད་ཚུལ་དང་ས་ཕྱོགས་གང་ལ་སོང་ན་དབྱར་རྩྭ་མང་ཚུལ་གྱི་གྲོས་ཁ་བསྡུར་བའམ་ཡ་གིའི་རྩིས་པ་རྩིས་རྒྱག་པ། མ་གིའི་མོ་བ་མོ་འདེབས་པ་སོགས་ཧམ་པ་དང་ཧོལ་རྒྱུག་གི་ཀློང་ནས་འདུར་ཏེ་དབྱར་རྩྭ་བརྐོ་སར་རང་ཉིད་འགྲོ་ཐབས་བྱེད།

      དཔྱིད་ཟླ་གསུམ་པའི་དུས་ནས་བཟུང་རྐང་ལམ་དང་གཞུང་ལམ་རིང་ཐུང་ན་འཕྲུལ་རྟ་བསྐོར་མཁན་དང་ལག་སྐྱོར་སྐོར་མཁན། རྐང་གསུམ་སྐོར་མཁན་སོགས་སྣོད་ཅ་ལག་དང་འབོལ་གདན་ཉལ་ཐུལ་སོགས་དངོས་ཟོག་མང་བོའི་དོ་བོ་བྱུར་བུར་བརྩིགས་པ་ནི་མང་ཆེ་བ་དབྱར་རྩྭ་བརྐོ་མཁན་ཚོ་རེད། ལ་ལས་རང་ཉིད་ཀྱི་བུ་ཕྲུག་དང་ཆུང་མ་བསྐྱུར། འགའ་ཤས་ཀྱིས་ལོ་རྒས་པའི་རྒན་རྒོན་ཡང་ཁྱིམ་ཚང་གཞན་ལ་བཅོལ་ནས་ར་ཆག་ཁ་གནམ་ལ་བསྐོར་ཏེ་དབྱར་རྩྭ་བརྐོ་བར་འགྲོ་མཁན་ཡོད་ལ། ཡང་ཁ་ཅིག་གིས་རང་ཉིད་ཀྱི་བྱིས་པ་སློབ་བྱོལ་བྱེད་དུ་བཅུག་སྟེ་བཟའ་མི་གང་བོ་དབྱར་རྩྭ་བརྐོ་བར་འགྲོ་མཁན་ཡང་ཡོད།

   གང་ལྟར་ཉེ་སྔོན་དབྱར་རྩྭའི་རིན་གོང་སྟེས་དབང་གིས་འཕར་བའི་རྐྱེན་གྱིས་སོ་ནམ་པ་ཡོད་ཚད་དབྱར་རྩྭ་བརྐོ་རྒྱུར་འཚང་ཁ་ཤིག་ཤིག་བྱེད་ལ། ཡོད་ཚད་དབྱར་རྩྭའི་དོན་དུ་གཞུང་དོན་གཡུགས་ནས་རང་དོན་ལ་དམིགས་ཤིང་ངོ་ཚ་དོར་ནས་ཁྲེལ་མེད་ཀྱི་བྱ་ལས་སྒྲུབ་མཁན་ཡང་ཇེ་མང་དུ་གྱུར་ཡོད་ཅིང༌། ཐ་ན་རང་སྲོག་ལའང་མི་འཛེམ་པའི་དོན་དག་སྐྱོ་བོ་རེ་འགའ་སྔོན་ཆད་བྱུང་མྱོང་རབས་བཤད།

   ཡིན་ཡང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཐད་ནས་དབྱར་རྩྭ་བརྐོ་མི་ཆོག་པའི་སྲོལ་ཡིག་རབ་དང་རིམ་པ་བརྒྱུད་སྒྲོག་དང་ཁྱབ་བརྡ་བཏང་ནའང༌། མིའི་རིགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་དང་བཟོ་བཞིན་པར་ཐེ་གཏོགས་སྤུ་ཙམ་ཡང་བྱེད་ཀྱིན་མེད་པ་རེད། དཔེར་ན། དུས་སུ་ཆར་མི་འབབ་པ། ལོ་ལེགས་མི་ཡོང་བ། ཐན་པ་བྱུང་བ་སོགས་རང་བྱུང་ཆག་འཇིག་ཐམས་ཅད་ནི་རྐྱེན་འདི་དག་གིས་གྲུབ་པ་ཕལ་ཆེར་བརྒྱ་ཆའི་དྲུག་ཅུའི་ཡན་གྱིས་ཚོར་ཡོད་ཀྱང་སང་ཉིན་གྱི་ཁེ་ཕན་དང་མ་འོངས་པའི་འབྱོར་ཕྱུག་གི་ཆེད་ལ་ཡོད་ཚད་ཀྱིས་འདྲེ་ལག་གང་བྱུང་དུ་བསྲིངས་པ་དང༌། མཐའ་དག་གིས་འདོད་ཧམ་གྱི་ཁ་སྒོ་ཆེ་བ་གང་སར་གཏད་ནས་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་སོགས་གྲངས་འབོར་ཇེ་མང་ནས་ཇེ་མང་དང་རྙེད་ཚད་ཇེ་མང་ནས་ཇེ་མང་ལ་སོང་ནའང་འདོད་ཆུང་ཆོག་ཤེས་ཟེར་བ་ཞིག་ཡེ་ནས་མ་རྟོགས་པར། མིང་སྲིང་ཡིན་ཡང་དབྱར་རྩྭའི་དོན་ལ་དགྲ་རུ་སྡང་ཞིང་སྤུན་ཟླ་ཡིན་ཡང་དབྱར་རྩྭའི་དོན་ལ་ཕྲག་དོག་གི་མེ་ལྕེ་ཚ་ཚ་མཆེད་ནས་བདག་གཅེས་གཞན་གནོད་ཀྱི་བསམ་པ་འབའ་ཞིག་བཅངས།

    དབྱར་རྩྭ་རྐོ་བའི་སྐབས་སུ། ས་གནས་དེ་གའི་མགོ་དཔོན་གྱིས་ཕྱོགས་གཅིག་ནས་དབྱར་རྩྭ་བརྐོ་མི་ཆོག་པའི་ཡིག་ཆ་དང་བཀའ་བརྡ་བཀྲམ་པ་དང༌། ཕྱོགས་གཞན་ཞིག་ནས་དབྱར་རྩྭ་བརྐོ་གནས་ཀྱི་འགག་སྒོའི་སར་འཕྲེད་ཤིང་བཙུགས་ཏེ་ལམ་ཁྲལ་དང་ལམ་གླ་ལེན་པ་རེད། གལ་ཏེ་གནས་དེ་གར་ལམ་གླ་མི་སྟེར་མཁན་ཡོད་ཚེ་གཅར་རྡུང་སྐོར་གསུམ་བྱས་ནས་ཕྱིར་བདའ་འདེད་བྱེད་ཅིང་འགག་སྒོ་ལས་ཐར་ནའང་དབྱར་རྩྭ་བརྐོ་གནས་སུ་ཐོན་ཚེ། སྡེ་བ་སོ་སོས་ཁྱིམ་ཚང་རེ་རེ་ལ་ས་ལག་མཐིལ་ཙམ་ཡང་མ་བསྐྱུར་བར་བགོ་བཤའ་བྱས་ཡོད་ཁར་དབྱར་རྩྭ་བརྐོ་མི་རྣམས་ཀྱིས་གནས་གང་དུ་བརྐོ་འདོད་ན་དབྱར་རྩྭ་མོད་པོ་ཡོད་མེད་ཀྱི་ཐད་ནས་ས་ཁྲལ་གྱི་མཐོ་དམའ་ཡང་མི་འདྲ་བས། གཙོ་བོ་རང་ཉིད་ཀྱི་མ་རྩ་དང་སྙིང་སྟོབས་ལ་བརྟེན་ནས་ས་ཉོས་རྗེས་དབྱར་རྩ་རྐོ་བཞིན་ཡོད་པ་རེད།

དབྱར་རྩྭ་རྐོ་མི་ཞིག་ཡིན་ཚེ། གཅིག་ནས་རང་ཉིད་ཀྱི་མིག་དབང་རྣོ་དགོས་ལ། གཉིས་ནས་དབྱར་རྩྭ་བཙལ་བའི་ཐབས་དང་བརྩོན་པ་ནམ་ཡང་ཉམས་མི་ཉན་པ་རེད།མ་མཐའི་ཆ་རྐྱེན་འདི་གཉིས་ནི་དབྱར་རྩ་མང་པོ་རྙེད་པའི་ཐོག་མའི་གཞི་རྩ་ཡིན་མོད། ཡིན་ཡང་ལ་ལ་འཚབ་འཚུབ་དང་ནན་མོ་མིན་པས་མིག་ཉུལ་འགའ་འམ་གཡས་ལྟ་གཡོན་ལྟ་ཞིག་བྱས་རྗེས་གནས་ས་བརྗེ་བའམ་གོམ་ཁ་གནས་གཞན་ཞིག་ལ་བསྒྱུར་བ་རེད། དེའི་རིགས་ལ་མདོར་བསྡུས་ན་དབྱར་རྩྭ་རྐོ་བའི་ཞིབ་ཚགས་ཀྱི་ཆ་བྲལ་བ་དང་དབྱར་རྩྭ་བཙལ་བའི་ཐབས་ལམ་གང་རུང་ཞིག་མ་འགྲིག་པ་རེད་སྙམ། དབྱར་རྩྭ་རྙེད་མཁན་ཚོས་པུས་མོ་ལྷ་ང་ས་ལ་བཙུགས་ཤིང་ཁ་སྦུབ་བམ་ལག་གཉིས་ཀྱང་དུད་འགྲོའི་བརྟུལ་ཞུགས་བཟུང་ནས་གོ་རིམ་ཡོད་པ་དང་མགོ་རྔ་ཡོད་པ། ཞིབ་ཚགས་ལྡན་པའི་སྒོ་ནས་ཡར་མར་དེད་ནས་བཙལ་ཅིང་རྣམ་རིག་གྲིམ་པོའི་སྒོ་ནས་གཡས་གཡོན་དེད་ནས་བཙལ་སྲོལ་ལ་བལྟས་ན་ཁོ་ཚོའི་ཆ་བྱད་ནི་ཡུར་མ་ཡུར་མཁན་ཞིག་དང་ཀུན་ནས་མཚུངས། མགོ་ནག་མི་ཞེས་པ་ལྟར་དབྱར་རྩྭ་རྐོ་སྐབས་རི་ལུང་ཡོད་ཚད་ནག་ཐོར་རེར་འདུག་ཅིང་ཐག་རིང་ནས་རྒྱང་ལྟ་རེ་བྱས་ཚེ། དེ་ནི་བརྙན་འཕྲིན་ནམ་གློག་བརྙན་ཁྲོད་ཀྱི་རི་འགོག་དམག་འཁྲུག་དང་འདྲ་བར་ཟང་ཟིང་ལང་ལོང༌། འདུ་འགོད་འཁྲུག་པོ། ཆབ་བེ་ཆོབ་བེའི་ཐ་སྙད་ལས་མ་འདས། གང་ལྟར་རང་ཉིད་ཀྱི་ཁེ་སྤོག་གི་ཆེད་ལ་རྒྱུག་འདུར་དང་འབད་འབུངས་རྒྱ་ཆེར་བསྐྱེད་པ་ནི་ཚང་མའི་འོས་འགན་ཞིག་ཏུ་འཁུམས་འདུག ལ་ལས་དབྱར་རྩྭ་རྙེད་དུས་དགའ་བའི་དགོད་སྒྲ་ལྷང་ལྷང་མཆེད་ཅིང་འགའ་ཤས་ཀྱིས་ཉིན་གང་བོར་ལག་ཡོང་མ་བཟང་ཚེ་ཟ་མ་དགག་ནས་སེམས་མི་སྐྱིད་པའི་སྡུག་དམོད་ཐ་ཐོར་ཡང་འདོན།

   དབྱར་རྩྭ་རྐོ་མཁན་རིག་འཛིན་ལྟ་བུ་ནི་གཉིད་བཅག་ཟས་བརྗེད་དང་ཉིན་མཚན་ལྟོས་མེད་ལ་དབྱར་རྩྭ་གཅིག་པུར་མགོ་འཐོམས་པའི་གྲས་རེད། ཁོ་ལྟ་བུས་གྲང་ལྷགས་ཀྱི་སྤུ་གྲི་ཇི་འདྲའི་རྣོ་ཡང་རྒོལ་ཐུབ་ཅིང༌། ཚ་གདུག་གི་འོད་རྣོན་ཇི་འདྲའི་དྲག་ནའང་གདོང་གཏོད་ཐུབ་པས། ཚན་རིག་གི་གོམ་འགྲོས་གློག་ལྟར་མྱུར་བའི་དུས་རབས་འདིར་ཁོ་ལྟ་བུས་ཕ་ཡུལ་གྱི་རྣམ་པ་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་འབྱུང་དུ་འཇུག་ཐུབ་ཅིང༌། ཁོ་ལྟ་བུས་ཕ་ཡུལ་གྱི་འཚོ་བའི་ཆ་རྐྱེན་རེམ་པ་རེམ་པར་འབྱོར་ཕྱུག་གི་ལམ་ཆེན་དུ་ཁྲིད་ཐུབ་པ་ཐེ་ཚོམ་མེད་མོད། ཡིན་ཡང་རྒྱུ་རིག་ན་རྒྱུ་མ་འགུལ་ཞེས་པའི་དཔེ་ལྟར་ང་ཚོས་འཚོ་སྡོད་བྱེད་སའི་རང་བྱུང་གི་ཁོར་ཡུག་ལས་རིན་ཐང་བྲལ་བའི་དངོས་གྲུབ་ཚུར་བླངས་ཀྱང༌། རང་བྱུང་ཁམས་ལ་རྨ་ཁ་གཏན་ནས་བཟོ་མི་ཉན་པ་ནི་ཚང་མས་ཡིད་འཇོག་བྱེད་དགོས་པའི་གནད་དམ་པ་ཞིག་ཡིན། འོན་ཀྱང་རང་རྟོགས་བྲལ་ཞིང་གཞུག་འདང་མི་རྒྱག་པའི་ཐ་ཤལ་གྱི་མི་ལ་ལས་ད་དུང་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོ་བ་ནི་ངོ་མ་བཟོད་གླགས་མེད་པའི་ན་ཟུག་ཅིག་དང་འདྲ་བར་བྲང་གཞུང་ཚལ་བར་གཤགས་ལ་ཁད་བྱེད། དེ་བས་མི་རང་ཉིད་ནས་བཟུང་ཁོར་ཡུག་ལ་སྲུང་སྐྱོབ་དང་གཅེས་སྐྱོང་བྱ་རྒྱུ་དང་ཁོར་ཡུག་ལ་འབག་བཙོག་གམ་གཏོར་བརླག་བྱེད་མི་ཉན་པའི་འདུ་ཤེས་རྨ་མེད་པ་ཞིག་ནམ་ཡིན་ཡང་སེམས་ནས་དོར་མི་ཉན་པའོ།།