ཀྲུང་གོའི་ཡིག་སྒྱུར་ཚོགས་པས་ང་ལ"རིག་གནས་ལོ་ཙཱའི་སྐོར་གྱི་གཟེངས་ཐོན་བྱ་དགའ།" ཞེས་པའི་མཚན་སྙན་འདི་གནང་བ་ནི་ང་ལ་མཚོན་ན་གཟི་བརྗིད་ཅིག་ཡིན་པར་མ་ཟད། ནང་སེམས་ནས་དགའ་སྤྲོ་ཚད་མེད་ཞིག་ཀྱང་སྐྱེས།
ངའི་མི་ཚེ་གང་བོར། ཀྲུང་ཕྱི་རིག་གནས་བརྗེ་རེས་དང་འབྲེལ་བའི་བྱ་བ་བསྒྲུབས་པ་ཡིན་ཏེ། དེའི་གོ་རིམ་ཁྲོད་དུ་རང་ཉིད་ལ་མྱོང་ཚོར་ཟབ་མོ་ཞིག་སྐྱེས་པ་ནི་ཡིག་སྒྱུར་གྱིས་མི་རིགས་དང་། སྐད་རིགས། རིག་གནས་མི་འདྲ་བའི་བརྗེ་རེས་ཁྲོད་ནུས་པ་ཧ་ཅང་གལ་ཆེན་པོ་ཞིག་ཐོན་གྱི་ཡོད་པ་དེ་རེད། དེ་ཡང་ཡིག་སྒྱུར་ཞེས་པ་ནི་མིའི་རིགས་ལ་སྐད་རིགས་ཡོད་པ་དང་བསྟུན་ནས་བྱུང་བ་ཡིན་ལ། འཛམ་གླིང་རིག་གནས་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་ཁྲོད་ཡིག་སྒྱུར་ནི་མགོ་མཇུག་བར་གསུམ་གང་དུའང་མེད་དུ་མི་རུང་བའི་སྣེ་ཁྲིད་ཀྱི་སྟོབས་ཤུགས་ཤིག་རེད། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་ཀྲུང་ཧྭའི་རིག་གནས་མི་ཉམས་དར་སྤེལ་བྱུང་ཐུབ་པ་ནི་རྒྱལ་ཁབ་ཕྱིའི་བསྟན་བཅོས་གྲགས་ཅན་རྣམས་ཡིག་སྒྱུར་བྱས་ཏེ་ཀྲུང་གོའི་རིག་གནས་ལ་ཚེ་སྲོག་གསར་བ་བསྩལ་བས་རེད། དེའི་རྐྱེན་གྱིས། "ཡིག་སྒྱུར་མེད་ན་སྤྱི་ཚོགས་ལ་འཕེལ་རྒྱས་མེད་ལ། ཡིག་སྒྱུར་མེད་ན་འཇིག་རྟེན་ནི་ཉིན་གཅིག་ལ་ཡང་གསོན་མི་ཐུབ།" ཅེས་སྨྲས་ཆོག་ཆོག་ཡིན།
ཀྲུང་གོའི་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ཡིག་སྒྱུར་གྱི་བྱ་བཞག་ནི་འགྲན་ཟླ་མེད་པ་ཞིག་རེད་ལ། མིག་སྔའི་ཀྲུང་གོའི་ཡིག་སྒྱུར་གྱི་བྱ་བཞག་ལའང་འཕེལ་རྒྱས་ཆེན་པོ་ཡོད་པ་ང་ཚོས་མངོན་སུམ་དུ་མཐོང་ཐུབ། 2008ལོར། འཛམ་གླིང་ཡིག་སྒྱུར་ཚོགས་ཆེན་ཀྲུང་གོ་ནས་འཚོགས་ཐུབ་པ་ནི་ཀྲུང་གོའི་ཡིག་སྒྱུར་ལས་རིགས་ཀྱི་གཟི་བརྗིད་ཅིག་རེད། ང་འདྲ་བའི་དམག་མི་རྒན་པ་ཞིག་གིས་ཀྱང་འདི་ནི་ཁྱོད་ཚོ་ལ་མཚོན་ན་སྐུལ་མ་དང་དཔའ་ངར་ཆེར་བསྐྱེད་ཀྱི་སྒུལ་ཤུགས་ཤིག་རེད་བསམ་ཡོད། རང་གི་རེ་བ་ལ་མི་རབས་རྗེས་མ་དག་གིས་སྔར་ལས་ལྷག་པའི་འབད་པ་བྱས་ཏེ་སྔ་རབས་པ་ཚོ་ལས་འབུར་དུ་ཐོན་པ་བྱེད་དགོས་ལ། ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་དགོས།
ནམ་རྒྱུན། ངའི་བསམ་པ་ལ་ཡིག་སྒྱུར་ནི་གསར་རྩོམ་ལས་སྒྲུབ་དཀའ་མོ་རེད་འདོད་ཡོད། ཅི་ཕྱིར་ཟེར་ན། གསར་རྩོམ་ནི་རང་གི་འདོད་མོས་ལྟར་བརྩམས་ཆོག་ལ། ཡིག་སྒྱུར་ནི་དེ་ལྟར་བྱས་ཆོག་པ་ཞིག་མ་རེད། ལོ་ཙཱ་ཚད་ལྡན་ཞིག་བྱེད་དགོས་ན། ཕྱི་སྐད་གཅིག་ཤེས་པའམ། ཕྱི་སྐད་ཀྱི་ཐ་སྙད་འགའ་ཤེས་རྗེས་ཚིག་མཛོད་ལ་བརྟེན་ནས་ཡིག་སྒྱུར་བྱས་ཆོག་པ་ཞིག་གཏན་ནས་མ་རེད། དེ་ལ་ངེས་པར་དུ་དཀའ་ལས་མང་པོ་མྱོང་དགོས་ལ་ནུས་པའང་ཆེན་པོ་ལྡན་དགོས།
དེ་ཡང་ཡིག་སྒྱུར་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ན་ཁ་བཤད་ཙམ་གྱིས་མི་ཆོག་པར་དོན་དངོས་ནས་བྱ་བ་བསྒྲུབ་དགོས་ལ། བདེན་དཔང་ཡིག་ཆ་བཟུང་ནས་ཡིག་སྒྱུར་གྱི་སྐྱོན་ཡོན་བརྗོད་དེ་སྤྱི་ཚོགས་ལྟ་སྐུལ་ཀྱི་ལས་དོན་བསྒྲུབ་དགོས་པ་ཡིན།
མ་འོངས་པ་ནི་ཁྱེད་ཅག་གི་ཡིན་ལ། ཡིག་སྒྱུར་ལས་དོན་སྔར་ལས་འཕེལ་རྒྱས་ཡོང་བར་སྨོན།
ཁ་བྱང་ཕྱི་མོ། ཡིག་སྒྱུར་བྱེད་པར་འཇོན་ཐང་ཡོད་དགོས།
རྩོམ་འགན་པ། བསྟན་འཛིན།