བསྟན་འཛིན་གྱིས་བརྩམས། བཙན་མགོ་དགྲ་འདུལ་གྱིས་བསྒྱུར།
ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ལགས།
ཨ་ཕ་ལགས་ཀྱིས་གསུངས་པ་ལྟར་ན་ཕྲན་ཆུང་ལོ་གསུམ་ནས་བོད་ཡིག་འབྲི་ཀློག་གི་འགོ་བརྩམས་ཡོད་འདུག ད་ལྟའི་དྲན་འཛིན་དུ་ཐེངས་དང་པོར་བོད་ཡིག་སྦྱོང་དུས་གསལ་བྱེད་ཀྱི་ཐོག་མའི་སྒྲ་གདངས་”ཀ”ཞེས་བཀླགས་པ་བརྗེད་མི་འདུག ངས་མི་ལོ་བདུན་བཅུའི་རིང་བོད་ཡིག་སྦྱངས་ནས་ཡོང་མོད། ད་ལྟའང་རྨང་གཞི་ཙམ་ལས་རྟོགས་མ་སོང་།
འཛམ་གླིང་ཐོག་གི་ཡི་གེ་སྣ་ཚོགས་ཁྲོད་ན་ཁྱད་དུ་འཕགས་པའི་ཡི་གེ་ཞིག་བདམས་ཚེ། དེ་ནི་ཁ་རྩོད་ཙམ་ཞིག་མ་ཡིན་པར་འཐབ་འཛིང་གི་གནས་ཚུལ་མི་འབྱུང་བའི་ངེས་པ་ག་ལ་མེད། གང་ལགས་ཤེ་ན། མི་རིགས་གང་ཞིག་ཡིན་རུང་རང་མི་རིགས་ཀྱི་ཡི་གེ་ནི་ཤེས་རབ་ཅན་གྱི་མེས་པོ་དག་གིས་ངོ་མཚར་གྱི་གསར་གཏོད་བགྱིས་པའི་འབྲས་བུ་དང་། རྗེས་རབས་པ་ཚོར་བཞག་པའི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་ཡིན་པས་སོ།།
རྒྱ་ཡིག་ནི་ཀྲུང་གོར་མཚོན་ན་ཐུན་མོང་མ་ཡིན་པའི་ཡི་གེ་ཞིག་ཡིན་ཞིང་། རྒྱ་ཡིག་གི་བྱུང་རབས་ཀྱི་ཁྱད་ཆོས་དེས་རླབས་ཆེན་གྱི་མེས་པོ་དག་གི་ངོ་མཚར་བའི་ཤུལ་འཛིན་དང་། འཇིག་རྟེན་གྱི་ལྟ་བ་སོགས་མངོན་ཐུབ། རྒྱ་ཡིག་ནི་མཁྲེགས་གཟུགས་ཀྱི་མཚོན་རིས་ཤིག་མ་ཡིན་པར་གཞུང་ལུགས་ཀྱི་གཉོམ་ལག་རྒྱས་ཤིང་ལོ་ངོ་སྟོང་ལྔའི་ལོ་རྒྱུས་ཀྱི་གསོན་ཤུགས་ལྡན་པའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཤིག་གྲུབ་ཡོད། མ་ཟད་ཀྱི། རྒྱལ་ཁབ་ཆེན་པོ་ཞིག་གི་མངའ་ཐང་དང་ཚེ་སྲོག་ལ་འབྲེལ་ཡོད།
རྒྱལ་ཕྱི་ནང་གང་དུ་ཡིན་རུང་བོད་རིག་པ་ནི་གཏིང་ཚུགས་ཤིང་རུས་ཆོས་པའི་རིག་ཚན་ཞིག་ཆགས་པ་མ་ཟད་གཙོ་བོ་ཞིག་ཀྱང་འཛིན་གྱི་འདུག འཛམ་གླིང་སྤྱི་དང་སྒོས་སུ་ནུབ་ཕྱོགས་རྒྱལ་ཁབ་ན་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཧ་ཅང་མང་། ངས་ཤེས་རྟོགས་བྱུང་བ་ཁོ་ན་ལྔ་བརྒྱ་ལྷག་བརྒལ་ཞིང་། དེར་ཞིབ་འཇུག་བྱེད་མཁན་མི་ཁྲི་ཕྲག་མང་པོ་འདུག རྒྱལ་ནང་དུ་སློབ་གྲྭ་ཆེན་མོ་དང་ཚན་རིག་ཞིབ་འཇུག་ཁང་། རིག་གཞུང་ལས་ཁུངས་སོགས་སུ་བོད་རིག་པ་ནི་ཞིབ་འཇུག་གི་ཡུལ་གཙིགས་ཆེན་ཞིག་ཆགས་ཡོད་པ་མ་ཟད་ཀྱི། ཡིད་དབང་འཕྲོག་པའི་རིག་གཞུང་གི་དཔྱད་གཞི་དང་རིག་གནས་ཀྱི་རྫོང་ཆེན་ཞིག་ཏུ་མཐོང་།
འགྲོ་བ་མི་གདོད་ནས་སྐད་ཆ་བྱུང་ཞིང་རྗེས་སུ་ཡི་གེ་བྱུང་བ་དེ་ནི། མི་དང་དུད་འགྲོའི་རྩ་བའི་ཁྱད་པར་ལགས། དེ་རྟིང་མི་རིགས་ཀྱི་དབྱེ་བ་ཕྱེས་པ་དང་མི་རིགས་གཅིག་པ་ས་ཁོངས་གཅིག་ན་འཚོ་ཞིང་། གཅིག་མཐུན་གྱི་སྐད་ཆ་བཤད། དེའི་ཕྱིར་སྐད་ཆ་ནི་མི་རིགས་ཀྱི་རྩ་བའི་ཁྱད་ཆོས་སུ་འཁུམས། སྐད་ཆ་ནས་ཡི་གེ་བྱུང་བ་ནི་ཤེས་དཔལ་འཕེལ་བའི་གལ་ཆེའི་རྣམ་པ་ཞིག་གྲགས་ཤིང་། ཡི་གེས་རེག་ཟིག་བཀོད་པ་ནི་ཤེས་རབ་ཀྱི་སྦྱོར་བ་དང་རང་དབང་ངང་བསམ་པའི་འཆར་སྒོ་གསར་གཏོད་བགྱིས་པའི་རིག་གནས་ཀྱི་སྙིང་སྟོབས་ཤིག་རེད།
བོད་ཡིག་གི་འབྱུང་ཁུངས་ནི་རྒྱལ་ཕྱི་ནང་གི་མཁས་པ་མང་པོའི་འདོད་ཚུལ་མི་གཅིག་པའི་རྩོད་གཞི་ཞིག་ཡིན་ཞིང་། ལ་ལས་ལོ་ངོ་1400སྔོན་དུ་ཐོན་མི་སམ་བྷོ་ཊས་ལེགས་སྦྱར་གྱི་ཡི་གེ་དཔེ་བླངས་ནས་བརྩམས་པར་གྲགས་ཤིང་། ཡང་འགའ་ཞིག་གིས་ལོ་ངོ་3000ཡར་སྔོན་གྱི་ཞང་ཞུང་གི་དམར་ཡིག་ལས་རིམ་འགྱུར་བྱས་པར་བསྙད། གང་ལྟར་ཀྱང་། ལོ་རྒྱུས་སྨྲ་བ་དག་གི་དཔེ་ཆའི་ནང་དུ་བཤད་སྲོལ་མི་འདྲ་བ་ཧ་ཅང་མང་མོད་ཀྱི། དུས་རབས་བདུན་པའི་དུས་འགོར་ཚད་ལྡན་གྱི་ཡི་གེ་བྱུང་ཞིང་། ཀློག་བདེ་ལ་ཉན་སྤྲོ་བ། ཐ་སྙད་ཕུན་སུམ་ཚོགས་པ། ཚིག་དོན་གསལ་བ། བརྡ་སྤྲོད་ཀྱི་སྒྲིག་གཞི་ཚང་བ། རྟགས་གསལ་བ་ཞིག་བྱུང་ཡོད་པ་ནི་རྩོད་གཞི་མེད་པའི་དོན་དངོས་ཤིག་རེད། དར་ཁྱབ་ཆེ་བའི་སྐད་ཆ་དང་ཚད་ལྡན་གྱི་ཡི་གེ་ཡོད་པས། རིན་ཐང་གི་འཚོལ་སྙེགས་དང་བོད་ཀྱི་ཤེས་རིག་ལ་གསོན་ཤུགས་བསྩལ།
སྐད་བརྡ་རིག་པའི་ཚད་གཞི་ངེས་ཅན་ཞིག་ནས་གླེང་ན། བོད་ཡིག་ནི་འཛམ་གླིང་ཐོག་གཞུང་ལུགས་ཀྱི་མ་ལག་ཚང་བའི་མངོན་ཐོན་གྱི་ཁྱད་ཆོས་ལྡན། དེ་ཡང་གསལ་བྱེད་སུམ་ཅུ་དང་དབྱངས་བཞི། ཡི་གེ་སོ་སོ་ཐུན་མིན་གྱི་སྒྲ་གདངས་རེ་རེ་ལྡན་ཞིང་། སྐད་བསྒྱུར་བྱེད་ཕྱིར་ལོག་ཡིག་ལྔ་དང་བརྩེགས་ཡིག་ལྔ། ལེགས་སྦྱར་གྱི་གསལ་བྱེད་ལ་མཐར་ཟད་དུ་གྲགས་པའི”ཀྵ”ཡིག་བསྣན་པས་བཅུ་གཅིག་ཡོད། དེ་དག་ཕན་ཚུན་སྦྱོར་སྐབས་གསལ་བྱེད་སུམ་ཅུ་དང་མིང་གཞིའི་ཡི་གེ་གཙོ་བོར་བྱས་རྟིང་། སྔོན་འཇུག་དང་རྗེས་འཇུག ཡང་འཇུག་བཅས་འཇུག་ཅིང་དབྱངས་དང་སྦྱར་ནས་སྒྲ་འདོན། གསལ་བྱེད་གཅིག་ཁོ་ནས་ཐ་སྙད་གྲུབ་ཀྱང་དོན་སྟོན་མི་ནུས་ཤིང་། སྔོན་འཇུག་དང་རྗེས་འཇུག་སོགས་ཞུགས་ཤིང་ཡི་གེའི་ཚོགས་པ་སོ་སོས་དོན་སྟོན་ནུས་པས་སྐད་ཆའི་ཐ་སྙད་མཚོན་ནོ།།
བོད་ཡིག་ནི་བཀླགས་ན་ཁ་ལ་བདེ་བ། ཚིག་ཉུང་བའི་སྒྲ་མཚོན་གྱི་ཡི་གེ་ངེས་ཅན་དེས་ཕུན་སུམ་ཚོགས་པའི་སྐད་ཆའི་ཉིང་བཅུད་བསྡུ་ཐུབ་པ་མ་ཟད། ཁ་གསལ་གོ་བདེར་སྦྱར་ན་དོན་གྱི་གནད་འབྱིན་པའི་ཐ་སྙད་མང་། རིགས་མང་ཞིང་གཟུགས་རིས་སྣ་མང་ཅན་གྱི་ཡི་གེ་གཞན་དང་བསྡུར་ན། བོད་ཡིག་ནི་སྦྱོང་སླ་ཞིང་ཤེས་སླ་བ། ངེས་སླ་བ། འབྲི་བདེ་བ་སོགས་ཀྱི་ཁྱད་ཆོས་མང་བས་ཡི་གེའི་འཕེལ་རིམ་གྱི་ཆོས་ཉིད་དང་མཐུན་ཡོད། བོད་ཡིག་ཐོག་མར་སྦྱོང་དུས་ཟླ་གསུམ་ལྷག་ལ་འབད་འབུངས་ཀྱིས་ཆོག་ན། ཚགས་པར་དང་དཔེ་ཆ་སོགས་ཀློག་ཐུབ་ངེས་ཡིན།
ད་ལྟ་ང་ཚོས་བོད་ཡིག་གིི་ལོ་རྒྱུས་སྙན་ངག་གི་དཔེ་རྙིང་དག་མཇལ་དུས། ཕྱི་ལོ་1300སྔོན་དུ་སྐད་ཆའི་རྨང་གཞིའི་ཐོག་བོད་ཡིག་ལེགས་བཅོས་དང་ཚད་ལྡན་འཐུས་ཚང་དུ་གཏོང་མཁན་གྱི་རླབས་ཆེན་གྱི་སྐད་བརྡ་སྨྲ་བ་ཐོན་མི་སམ་བྷོ་ཊའི་བཀའ་དྲིན་དྲན་ཡོང་།
མི་རིགས་ཤིག་གི་ཤེས་དཔལ་ཇི་སྲིད་འཕེལ་རྒྱས་དང་མངའ་ཐང་རྒྱས་ཚེ་དེ་སྲིད་ཕུན་སུམ་ཚོགས་པའི་ཐ་སྙད་གྲངས་མང་ཞིག་འབྱུང་བའོ།། དེ་ལྟ་དེ་བཞིན་སློབ་དཔོན་ཐོན་མིས་སྔར་ཡོད་ཀྱི་ཡི་གེའི་ཐོག་ཏུ་སྙེགས་དོར་བཅུད་ལེན་གྱི་སྒོ་ནས་གསལ་བྱེད་ཡི་གེ་དང་སྒྲ་གདངས་ཀྱི་སྒོ་ནས་དབྱངས་སྦྱར་ཞིང་། བོད་ཀྱི་སྐད་ཆའི་ཁྱད་ཆོས་ལྟར་ཡི་གེ་སྒྲ་སྦྱོར་བ་དང་། ཁོང་ཉིད་ལེགས་སྦྱར་གྱི་ཡི་གེ་སློབ་སྦྱོང་བགྱིས་པའི་རྨང་གཞིའི་ཐོག བོད་ཀྱི་སྒྲ་ཡི་བསྟན་བཅོས་རྣམ་བརྒྱད་བརྩམས་ཤིང་། དེའི་ནང་ནས་《སུམ་ཅུ་པ།》དང་《རྟགས་ཀྱི་འཇུག་པ།》གཉིས་ནི་ད་ལྟའང་ང་ཚོས་བཀོལ་བཞིན་པ་མ་ཟད། བོད་ཀྱི་བརྡ་སྤྲོད་དཔེ་ཆ་གང་གིས་ཀྱང་བསྒྲུན་དུ་མེད།
བོད་ཀྱི་ཤེས་རིག་གི་འཕེལ་རྒྱས་ཀྱི་འགྲོས་ལྟར་ཕྱིའི་ཤེས་རིག་དང་འབྲེལ་འདྲིས་མང་དུ་འགྲོ་ཞིང་། སྔར་མེད་པའི་ཆོས་དཔེ་མང་པོ་ཞིག་བོད་ལ་བསྒྱུར་བ་དང་། དུས་རབས་བརྒྱད་པའི་ནང་བོད་ཡིག་སྐད་གསར་བཅད་བྱས་ནས་སླར་འཐུས་ཚང་དུ་བཏང་། སྒོས་སུ་བོད་རིགས་ཀྱི་མཁས་པ་མང་པོ་ཞིག་རྒྱ་གར་དུ་ཕེབས་ནས་ལེགས་སྦྱར་སྐད་ཀྱི་ཆོས་དཔེ་སློབ་སྦྱོང་བགྱིས་ཤིང་། རྒྱ་གར་གྱི་དགེ་འདུན་པ་མང་པོ་ཞིག་བོད་ཡུལ་དུ་གདན་དྲངས་ནས་ནང་ཆོས་འཆད་སྤེལ་མཛད། ལེགས་སྦྱར་གྱི་སྐད་ཆ་བསླབས་པ་སོགས་གང་ལྟར་སྐབས་དེར་ནང་བསྟན་དཔེ་ཆ་བོད་ཡིག་ཏུ་བསྒྱུར་བའི་ཚ་རླབས་ཤིག་འཕྱུར།
དཀོན་མཆོག་གསུམ་གྱི་གདན་ས་ཆེན་མོ་བསམ་ཡས་དགོན་དུ་ཕྱོགས་བཞི་ནས་ཁྱེར་ཡོང་བའི་ཡིག་རིགས་འདྲ་མིན་གྱི་ནང་བསྟན་དཔེ་ཆ་དང་ས་ཕྱོགས་གང་སར་ནས་གདན་དྲངས་པའི་ལོ་ཆེན་གྱིས་ཁེངས་ཤིང་། བསམ་ཡས་དགོན་ནི་ལོ་ཙྭའི་ལྟེ་གནས་སུ་གྱུར་པ་དང་དགེ་འདུན་པ་དག་ལོ་ཙྭའི་བྱ་བ་གཉེར། ལོ་ཙྭའི་དུས་ཡུན་རིང་བོ་བརྒྱུད་དུས་རབས་བཅུ་བའི་ནང་སླར་སྒྲིག་གཞི་དང་མཐུན་པའི་སྐད་གསར་བཅད་མ་བྱས་ཀ་མེད་ཐུག ཡིག་བསྒྱུར་གྱི་ནང་དུ་སྒྲ་བསྒྱུར་དང་དོན་བསྒྱུར། ཐད་བསྒྱུར་གསུམ་ནི་ཐབས་ཤེས་གཙོ་བོ་བཀོལ་ཞིང་། ཡིག་བསྒྱུར་གྱི་གཟབ་ནན་རང་བཞིན་དང་བླ་མེད་ཀྱི་རང་བཞིན། དྭངས་གཙང་གི་རང་བཞིན། རིན་ཐང་གི་རང་བཞིན་བཅས་བསྟན།
སྐད་གསར་བཅད་ཐེངས་གསུམ་བགྱིས་པས་བོད་ཡིག་ནི་ནི་འཛམ་གླིང་ཐོག་གི་ཚད་ལྡན་གྱི་ཡི་གེར་གྱུར་པའི་རྨང་གཞི་བཞག བོད་ཡིག་གི་ཁྱད་ཆོས་ནི་བོད་ཀྱི་སྐད་གདངས་དང་ངེས་སྲོལ་མཚོན་ཐུབ་པ་ཙམ་མ་ཡིན་པར། རྒྱ་ཡིག་སོགས་ཀྱི་སྐད་རིགས་འདྲ་མིན་གྱི་སྒྲ་གདངས་ཇི་བཞིན་དུ་སྟོན་ཐུབ། སྔོན་གྱི་དཔེ་རྙིང་ཁག་ཅིག་གི་ནང་དུ་བོད་ཡིག་གིས་རྒྱ་ཡིག་སྒྲ་གདངས་གསལ་ཞིང་། སྐབས་དེ་དུས་ཀྱི་རྒྱ་ཡིག་གི་སྒྲ་གདངས་ཀློག་སྟངས་རྟོགས་སླ་བ་མ་ཟད། ནུབ་ཕྱོགས་ཀྱི་སྐབས་དེ་དུས་ཀྱི་སྐད་ཆ་སོགས་ཞིབ་འཇུག་བྱེད་པར་རིན་ཐང་ཧ་ཅང་ཆེ།
ལེགས་སྦྱར་གྱི་ཡི་གེ་མཁྱེན་མཁན་ཀུན་གྱིས་ཤེས་གསལ་ལྟར། ལེགས་སྦྱར་གྱི་ཡི་གེས་ནང་བསྟན་གྱི་ལྟ་གྲུབ་ཀྱི་ནང་ཚན་དག་སྤྱི་མཚན་ཙམ་ཞིག་ལས་སྟོན་མི་ཐུབ་ཅིང་། གལ་སྲིད་ནང་བསྟན་གྱི་གོ་རྟོགས་མཐོན་པོ་སླེབས་མེད་ཚེ་ཧ་ཅང་གོ་དཀའ། འོན་ཀྱང་། བོད་ཡིག་གིས་དེ་དག་ཁ་གསལ་གོ་བདེའི་ངང་ནས་དོན་གྱི་ངོ་མ་སྟོན་ནུས། འདི་ནི་ཡི་གེ་ཡན་གར་བ་ཞིག་གིས་ནུས་པ་ཞིག་ལར་ནས་མིན་ནོ།།དེ་བས་བོད་ཡིག་གི་ཁྱད་ནུས་ནི་གཞན་གྱིས་བསྒྲུན་དུ་མེད་པའི་གནས་ཧ་ཅང་མང་།
གཞན་ནང་བསྟན་གྱི་ཐོག་ན་མཛད་རྗེས་བླ་ན་མེད་པའི་ཡེ་ཤེས་དབང་པོ་མཆོག་རྒྱ་བཟའ་ཀོང་ཇོ་བོད་དུ་ཡོང་བའི་ལམ་བརྒྱུད་ནས་ཁྲང་ཨན་དུ་ནང་བསྟན་སློབ་གཉེར་བགྱིས་ཤིང་། རྒྱལ་བའི་བཀའ་མང་པོ་སྤྱན་དུ་འདྲེན། རྗེས་སུ་ཁོང་ཉིད་དཔལ་ནཱ་ལེནྡྲའི་སློབ་གླིང་དུ་ཕེབས་ནས་རྒྱ་གར་ན་མིང་དུ་གྲགས་པའི་བླ་མ་བྱང་ཆུབ་སེམས་དཔའ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་བོད་དུ་གདན་དྲངས་ཤིང་། བཀའ་བསྟན་ཡིག་སྒྱུར་སོགས་ནང་བསྟན་བསམ་གྱིས་མི་ཁྱབ་པའི་འཆད་སྤེལ་མཛད། ཐང་རྒྱལ་རབས་སྐབས་སུ་ཀྲུང་ཧྭ་ཡི་ཤེས་རིག་འཛམ་གླིང་གི་རྩེར་སོན་དུ་བུད་ཡོད། སྐབས་དེར་ཁྲང་ཨན་ནི་འཛམ་གླིང་ཤེས་རིག་གི་གཞིས་ཁྱིམ་ཆེན་མོ་ཞིག་རེད་ཅེས་བཤད་ན་མི་ཆོག་པ་མེད། བོད་ཀྱི་མཁས་པ་སང་ཤི་དང་བཅས་པ་མི་བཞི་ཁྲང་ཨན་དུ་ཕེབས་ནས་རྒྱ་བརྒྱུད་ནང་བསྟན་སློབ་གཉེར་བགྱིས་ཤིང་།《རྡོ་རྗེ་གཅོད་པ།》དང《དགེ་བཅུའི་མདོ།》སོགས་རྒྱ་ཡིག་དཔེ་ཆ་བཞི་བཅུ་ལྷག་བོད་དུ་དྲངས། དེ་དག་རྒྱ་བོད་གཉིས་ཀྱི་ལོ་ཆེན་དག་མཉམ་དུ་འཛོམས་ནས་བོད་ལ་བསྒྱུར། སང་ཤི་ནི་བོད་ཀྱི་ལོ་རྒྱུས་ཐོག་རྒྱ་ཡིག་གི་ཆོས་དཔེ་བོད་ལ་སྒྱུར་མཁན་གྲགས་པས་མཚན་པ་ཞིག་རེད།
སྐད་ཡིག་གི་ལྷན་སྐྱེས་ཀྱི་རིག་པ་ལྡན་པའི་རྣམ་དཔྱོད་ཅན་གྱི་ལོ་ཆེན་བཻ་རོ་ཙ་ན་རྒྱ་གར་དུ་ལེགས་སྦྱར་གྱི་ཡི་གེ་སློབ་གཉེར་བགྱིས་ཤིང་། གསང་སྔགས་ཀྱི་དཔེ་ཆ་གྲངས་མང་ཞིག་ཁྱེར་ནས་ཕྱིར་ཕེབས། ཁོང་གིས་《天边光明佛号赞》、《六十如理论简说》(བོད་འགྱུར་གྱི་དཔེ་མིང་མ་རྙེད)གཉིས་བསྒྱུར། དེ་ཡང་རྒྱ་གར་གྱི་གསང་ཆོས་ལུགས་བོད་དུ་ཐོག་མར་དྲངས་མཁན་ཆགས། གྲུབ་མཐའ་རྙིང་མའི་ནང་གི་རྣལ་འབྱོར་དང་རྫོགས་ཆེན། མཚམས་པ་སོགས་དེ་དག་ལས་དར་ཁྱབ་ཕྱིན། མ་ཟད་ཀྱི། ཁོང་ནི་གྲུབ་མཐའ་རྙིང་མའི་བླ་མ་གཙོ་བོ་ཞིག་ཡིན།
ལེགས་སྦྱར་གྱི་ཡི་གེ་དང་རྒྱ་ཡིག་གཉིས་བྱང་ཆུབ་པའི་བོད་ཀྱི་ལོ་ཆེན་འགལ་ལོ་ཆོས་འགྲུབ་བགྲང་བྱ་བཅུ་དགུ་ནས་ཡིག་སྒྱུར་གྱི་ལས་ལ་ཞུགས། ཁོང་གི་མི་ཚེ་ཐུང་ངུའི་ནང་དུ་ལེགས་སྦྱར་སྐད་ཀྱི་དཔེ་ཆ་20ལྷག་བོད་ཡིག་ཏུ་བསྒྱུར། བོད་རིགས་ནི་ལོ་ངོ་སྟོང་གཅིག་གི་སྔོན་ནས་ཆེད་ལས་རང་བཞིན་གྱི་སྒྲིག་གཞི། གཞུང་ལུགས་བཅས་ཀྱི་ལོ་ཙྭའི་ཚོགས་པ་ཡོད་པ་མ་ཟད། ལོ་ཙྭའི་བྱ་བ་གཙིགས་མཐོང་ཆེན་པོར་བགྱིས། སྔོན་བྱོན་དམ་པ་རྣམས་ཀྱི་སྐུ་དྲིན་དང་རྣམ་ཐར་རྗེས་སུ་དྲན་པའི་《མེ་སྲུང་འཁོར་ལོ》ཞིག་གི་ཐོག་ཏུ་རིགས་གསུམ་མགོན་པོ་དང་ལོ་ཙྭ་གཉིས་མཉམ་དུ་བགྲངས་འདུག ལོ་ངོ་800སྔོན་དུ་ཁྲང་ཨན་དུ་རྒྱ་ཡིག་སློབ་གཉེར་བྱས་པའི་ན་གཞོན་དང་རྒྱ་གར་ནས་གདན་དྲངས་པའི་མཁས་པ། བལ་ཡུལ་ནས་ཕེབས་པའི་ཆོས་འཆད་མཁན་དགེ་འདུན་པ་སོགས་བསམ་ཡས་དགོན་དུ་འཛོམས་ནས་ལོ་ཙྭའི་བྱ་གཞག་གི་མཐོ་རླབས་ཤིག་འཕྱུར་ཞིང་འགྱུར་དེབ་དག་ས་ཁྱབ་རྒྱ་ཆེན་པོ་ཕྱིན།
ཡིག་སྒྱུར་གྱི་ཚོམས་ཆེན་དེའི་ནང་ལོ་ཆེན་ལོ་ཆུང་སྟོང་ལས་འདས་ཤིང་། འགྱུར་དེབ་རི་བོའི་གཏོས་དང་མཚུངས་པ་ཞིག་ཡོད་པ་ནི་སྐབས་དེར་འཛམ་གླིང་ཐོག་ཏུ་དེ་ལྟ་བུ་ཧ་ཅང་དཀོན། ད་ལྟའང་དར་ཁྱབ་ཤིན་ཏུ་ཆེ་བའི《དཀར་ཆག་མཆིམས་ཕུ་མ》དང་《དཀར་ཆག་ལྡན་དཀར་མ》《དཀར་ཆག་འཕངས་ཐང་མ།》སོགས་ཀྱང་ལོ་ངོ་སྟོང་གི་སྔོན་ནས་བསྒྱུར་ཟིན་པ་དག་རེད། དུས་དེ་ནས་བཟུང་སྟེ་བོད་ཀྱི་ཡིག་སྒྱུར་གྱི་བྱ་བ་ནི་འཛམ་གླིང་ཐོག་རྩེར་སོན་དུ་བུད། ཡིག་སྒྱུར་གྱི་གཞུང་ལུགས་ཕྱོགས་ནས་གླེང་ན་《བསྟན་འགྱུར》ནང་གི་《སྒྲ》ཡི་ནང་དུ་ཡིག་སྒྱུར་གྱི་རྩ་དོན་དང་སྒྲིག་སྲོལ། ཐབས་ཤེས་སོགས་ཀྱི་སྐོར་ན་ཆེད་དུ་གླེང་ཡོད།
བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་པ། ནང་བསྟན་གྱི་དགོངས་དོན་དང་མཐུན་པ། ཀློག་པོ་པོའི་ཆུ་ཚད་དང་མཐུན་པ་ནི་སྐབས་དེའི་ཡིག་བསྒྱུར་རྩ་བའི་རྩ་དོན་གསུམ་མོ།། དོན་བསྒྱུར་མི་བདེ་བ་དག་སྒྲ་བསྒྱུར་བྱེད་ཅིང་། མ་ཡིག་གི་བསྟན་དོན་ཇི་བཞིན་སྟོན་ཐུབ་པ་ནི་དོན་བསྒྱུར་དང་། ལེགས་སྦྱར་གྱི་སྐད་འགྲོས་ལྟར་བསྒྱུར་པ་ནི་ཐད་བསྒྱུར་ཡིན། མ་ཡིག་གི་གོང་འོག་སྣོལ་ནས་བསྒྱུར་པ་ན་སྣོལ་བསྒྱུར་ཟེར། ཡིག་བསྒྱུར་གྱི་ཚད་གཞི་འདི་དག་ལོ་ངོ་700རྗེས་ཀྱི་མིང་དུ་གྲགས་པའི་རྒྱ་ནག་གི་ལོ་ཙྭ་བ་ཆེན་པོ་ཡན་ཧྥོ་(严复)ཡིས་བསྟན་པའི་“དོན་ཇི་མ་ཇི་བཞིན་སྟོན་པ། འབྲེལ་ཆགས་པ། བབ་ཆགས་པ།”་“信、达,雅”ལུགས་དང་ཧ་ཅང་འདྲ།
ཡིག་བསྒྱུར་གྱི་ནང་དོན་ངོས་ནས་བཤད་ན། ཏུན་ཧོང་བྲག་ཕུག་གི་སངས་རྒྱས་སྟོང་སྐུའི་ནང་ནས་རྙེད་པའི་ལོ་ཆེན་ནམ་མཁའ་བཟང་པོ་སོགས་ཀྱིས་བསྒྱུར་པའི་སློབ་དཔོན་ནག་མོ་ཁོལ་གྱི་དུང་བརྗོད་སྙན་ངག་《སྤྲིན་གྱི་ཕོ་ཉ།》ཡིན་ཞིང་། སྙན་དེབ་འདི་གཞན་གྱི་ཡི་གེ་བསྒྱུར་པའི་ཐོག་མ་དེའང་ཡིན་འདུག ལོ་800རྗེས་སུ་ནུབ་ཕྱོགས་སུ་རིག་རྩལ་བསྐྱར་དར་གྱི་ལས་འགུལ་བྱུང་ནས་གཟོད་རླབས་ཆེན་གྱི་སྙན་ངག་པ་ཁོང་དང་ཁོང་གི་བརྩམས་ཆོས་ཤེས་རྟོགས་ཐུབ། ང་ཚོས་ད་ལྟ་མཐོང་བཞིན་པའི་《བཀའ་བསྟན་འགྱུར།》གྱི་ནང་དུ་རྒྱ་གར་གྱི་མིང་དུ་གྲགས་པའི་ཟློས་གར་རྩོམ་པོ་པོ་འཕགས་པ་རྟ་དབྱངས་ཀྱིས་བརྩམས་པའི་ལོ་རྒྱུས་སྙན་ངག་རིང་མོ་《སངས་རྒྱས་ཀྱི་བསྟོད་པ》ཡང་སྐབས་དེ་དུས་ཡིག་སྒྱུར་མཛད་པ་ཡིན། 《ཤེས་རབ་བརྒྱ་བ།》དང་《ཤེས་རབ་སྡོང་བུ།》《སྐྱེ་བོ་གསོ་ཐིགས།》དང་བཅས་པ་རྒྱ་གར་སྙན་ངག་གི་དཔེ་ཆ་བཅུ་ལྷག་བོད་ལ་བསྒྱུར། འདི་དག་ཕལ་ཆེ་བ་《བཀའ་བསྟན་འགྱུར་》གྱི་ནང་དུ་བསྡུས་པ་དེས་བོད་ཀྱི་ཡིག་སྒྱུར་བྱ་ཡུལ་ནང་བསྟན་ཁོ་ན་མ་ཡིན་པར་རྩོམ་རིག་ཀྱང་གལ་ཆེའི་ཚུལ་གྱིས་བསྒྱུར་ཡོད་འདུག
ངས་འདི་ལྟར་བལྟས་ཡོང་དུས་རྒྱ་བོད་གཉིས་ཀྱི་འབྲེལ་འདྲིས་ལ་ཞིབ་འཇུག་ཤེས་དགོས་ཚེ། བོད་ཡིག་གི་འཕེལ་རིམ་དང་ཡིག་སྒྱུར་གྱི་ལོ་རྒྱུས་ལ་ཞིབ་འཇུག་བགྱིས་ན་གསལ་པོ་རྟོགས་པར་སྣང་། བཙན་པོ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོ། ཁྲི་སྲོང་ལྡེའུ་བཙན་དང་གྱིམ་ཤིང་ཀོང་ཇོ་སོགས་ཀྱི་གཉེན་འབྲེལ་གྱིས་མི་རིགས་གཉིས་ཀྱི་བར་ལ་རིག་གནས་ཀྱི་འབྲེལ་འདྲིས་ཆེན་པོ་བྱུང་ཞིང་། ལོ་བརྒྱའི་སྔོན་དུ་བོད་ཀྱི་མཁས་པས་ཏུན་ཧོང་ཡིག་རྙིང་ལས་རྒྱ་ཡིག་གི་ལོ་རྒྱུས་དཔེ་ཆ་《ཞང་ཧྲོ》《ཙུའུ་ཀྲོན》《ཀྲན་གོ་ཐབས་ཇུས་》《尚书》、《左传》、《战国策》བོད་འགྱུར་མ་རྙེད། རྒྱ་བོད་ཡིག་བསྒྱུར་གྱི་རྣམ་པ་དེས་ལོ་ངོ་སྟོང་གི་སྔོན་ནས་བོད་ཀྱི་མཁས་པ་དག་རྒྱ་ཡིག་གི་ཆུ་ཚད་སྤྱིར་བཏང་བ་ཞིག་མིན་པར་ངོ་སྤྲོད་ཐུབ།
ཉེ་རབས་སུ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་རང་རྐྱ་ཕེར་བའི་ལྟ་བའི་ཐོག་ནས་ཏུན་ཧོང་ཡིག་རྙིང་ལ་གཏིང་གཟབ་པོས་ཞིབ་འཇུག་བགྱིས་ཤིང་ཀུན་གྱིས་ཡིད་སྨོན་པའི་དཔེ་ཆ་བརྩམས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བོའི་ཁྲོད་དུ་རླབས་ཆེན་གྱི་མེས་པ་དག་གིས་ང་ཚོ་ལ་བཞག་པ་ནི་བརྗིད་ཉམས་ལྡན་པའི་བསྟན་ཡོད་ཤུལ་བཞག་ཙམ་ཞིག་མ་ཡིན་པར། བལྟས་ན་ཟད་མཐའ་མེད་ཅིང་སྤྱད་ན་རྫོགས་མཐའ་མེད་པའི་བསམ་བློའི་ཉིང་བཅུད་གཏིང་ཟབ་ཅིང་། ངོ་མཚར་བའི་དཔེ་རྙིང་རི་བོའི་གཏོས་དང་མཚུངས་པ་བཞག་ཡོད། འགྲོ་བ་མིའི་རིགས་ལ་ཡི་གེ་གསར་གཏོད་མ་བྱས་སྔོན་དུ། དྲན་ཤེས་ཀྱིས་ཤེས་བྱ་གསོག་འཇོག་བྱེད་ཅིང་ཡི་གེ་ཡོད་རྟིང་དཔེ་ཆ་ལ་བརྟེན་ནས་ཐོས་གསོག་བྱེད།
བཤད་རྒྱུན་ཞིག་ལ་ས་སྐྱ་དགོན་པ་ནི་ཏུན་ཧོང་གཉིས་པ་ཞེས་སུ་གྲགས། དེ་ཡང་རྒྱ་ནག་ལུགས་དང་རྒྱ་གར་ལུགས། བོད་ལུགས་སོགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་སྐྲུན་གྱི་རྣམ་པ་ཁྱད་དུ་འཕགས་ཤིང་། གདུང་མ་108ཅན་གྱི་བརྗིད་ཅིང་རྔམ་མཐོ་བའི་འདུ་ཁང་ཆེན་མོའི་ནང་དུ་གྱང་བཞིན་སྤམ་པའི་དཔེ་ཆ་རི་རབ་ལྟར་བརྩེགས་ཤིང་། ཁ་རྒྱུན་དུ་སྐྱབས་ཀྱི་གནས་མཆོག་ལྷ་ཁང་། གྱང་རོ་ཞིག་ཀྱང་ཆོས་དཔེས་བརྟེན་ཡོད་ཅེས་བཤད་སྲོལ་འདུག ཤིང་གི་དཔེ་སྒྲོམ་དེ་དག་ནང་དུ་གླེགས་བམ་པོ་ཏི་དང་པོ་ཏི་བརྩེགས་ནས་གྱང་ལྟར་འགྱིང་ཞིང་། དེའི་ཕྱི་ཁོག་ནི་གསེར་དང་དངུལ། རྒྱལ་མཚལ་སོགས་ཀྱིས་གྲུབ་ཡོད་ཅིང་། དེ་དག་གི་ནང་དོན་ནི་ཐོག་གི་གནམ་དཔྱད་རིག་པ་དང་འོག་གི་ས་ཁམས་རིག་པ། ནང་བསྟན་གསུང་རབ། རྩོམ་རིག་སྒྱུ་རྩལ། བཟོ་སྐྲུན་ལག་རྩལ། གསོ་བ་རིག་པ་སོགས་ཡོངས་སུ་ཚང་།
ལོ་ངོ700སྔོན་ནས་བཟུང་ས་སྐྱ་དགོན་པ་ནི། བསམ་ཡས་དགོན་དང་འདྲ་བར་ལོ་ཆེན་དག་འཛོམས་སའི་ཡིག་སྒྱུར་གྱི་ལྟེ་གནས་ཤིག་ཆགས། ད་ཡོད་ཀྱི་དཔེ་ཁྲི་གསུམ་ལྷག་ཡོད་པ་འདི་ཡང་མེས་པོ་དག་གི་བློ་གྲོས་ཀྱི་དཔལ་ལས་འཁྲུངས་པའི་ཤེས་རིག་གི་ཉིང་བཅུད་རེད་ཨང་། གཞན་ཡང་དཔལ་དང་གྲགས་པས་མཚན་པས་བླ་བྲང་བཀྲ་ཤིས་འཁྱིལ་དུ་དུས་འཁོར་གླིང་ཞིག་ཡོད་པར་དེའི་ནང་དུ་ཚད་ལྡན་གྱི་དཔེ་ཆ་བསྡུ་གསོག་ཁང་དང་དཔེ་སྐྲུན་ཁང་ཡོད་ཅིང་། ཕྱི་ལོ་1959ལོར་དཔེ་ཆ་བསྡུ་ཉར་གླིང་གཙང་སེལ་གནང་། 《བླ་བྲང་དགོན་པའི་གནའ་དཔེ་བསྡུ་གསོག་གི་དཀར་ཆག་བཞུགས་སོ།》 ཞེས་པའི་ནང་དུ་བསྡུ་ཉར་བྱས་པའི་དཔེ་ཆ་འབུམ་གཉིས་དང་ཁྲི་གསུམ་མ་ཟིན་ཙམ་ཞིག་ཡོད་ཅིང་། བོད་ཡིག་གི་ཆོས་དཔེ་ཁྲི་ཚོ་དྲུག་ལྷག་ཅིག་ཡོད་འདུག དེའི་ནང་དུ་གསོ་བ་རིག་པ་དང་ཚད་མ་རིག་པ། སྒྲ་རིག་པ། བཟོ་རིག་པ། སྐར་རྩིས་རིག་པ། སྡེབ་སྦྱོར་རིག་པ་སོགས་རིག་ཚན་བཅུ་བདུན་ལྷག་ཡོད་ཅིང་། ཁ་ཤས་བོད་ལ་བསྒྱུར་ནས་ད་ལྟའི་བར་ཀློག་མ་མྱོང་བ་ཡང་འདུག
ན་གཞོན་ཀྲང་ཆིན་(张骞)ཤ་ཅུ་རུ་འབྱོར་ནས་ཀུ་མཱ་ར་ཛའི་གྲིབ་མ་ཙམ་ཡང་མཐོང་། དེ་གའི་འབྲོག་མི་དག་གིས་ཁོང་ལ་གནས་འདིའི་མིང་ལ་”སྟོང་དཔོན་”ཟེར་ཞེས་བཤད། སྟོང་ནི་མང་བའི་དོན་དང་དཔོན་ནི་ཆོས་སྐུའི་དོན་ལ་གོ ད་ལྟ་བཤད་བཞིན་པའི་སངས་རྒྱས་སྟོང་སྐུ་དང་ཡོངས་སུ་མཐུན། སངས་རྒྱས་སྟོང་སྐུའི་ནང་དུ་བོད་ཡིག་གི་དཔེ་རྙིང་ཧ་ཅང་མང་པོ་གསོག་འཇོག་བགྱིས་ཡོད་ཅིང་། ལ་ལ་ཞིག་ཤིང་སྒྲོམ་ནང་དུ་བཅུག་པ་དང་། འགའ་ཞིག་ཐག་པས་བསྡམས་པ། གཞན་ཡང་ཤིང་ཏ་ལའི་ཐོག་ཏུ་བྲིས་པ་དང་། ལག་བྲིས་བརྒྱབ་པ། དཔར་མ། ངོ་བཤུས་བརྒྱབ་པ་སོགས་ཡོད་འདུག དབྱིན་ཇིའི་སི་ཐན་དབྱིན་(斯坦因)དང་ཧྥ་རན་སིའི་པོ་ཞི་ཧེ་(伯希和)སོགས་སྔ་རྗེས་སུ་གནས་འདི་ནས་བོད་ཡིག་དཔེ་རྙིང་སྟོང་ཚོ་མང་པོ་དབུལ་འདྲེན་བྱས་ཤིང་། ངས་ཤེས་གསལ་ལྟར་ན་ཏུན་ཧོང་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ན་བོད་ཡིག་ཡིག་རྙིང་ཤོག་དྲིལ་སྟོང་ལྔ་ལྷག་ཁྱེར་ཡོད་པར་གསལ། ད་དུང་ཁག་ཅིག་ཏུན་ཧོང་བཀྲམས་སྟོན་ཁང་གི་ནང་དུ་བཞག་འདུག ཏུན་ཧོང་ནང་གི་བོད་ཡིག་དཔེ་རྙིང་དག་ནི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞི་ཕུན་སུམ་ཚོགས་པ་ཞིག་ཡིན་པ་མངོན་སུམ་རེད།
བོད་རིགས་ནི་ཡིག་ཚགས་བསྡུ་ཉར་དང་ལོ་རྒྱུས་ཡིག་ཐོག་བཀོད་པའི་དུས་ཡུན་ཧ་ཅང་རིང་ཞིང་། དགོན་སྡེ་ཁག་གིས་ལོ་རྒྱུས་རྒྱུན་འཛིན་བྱེད་ཕྱིར་ལོ་རྒྱུས་ཀྱི་འཕོ་འགྱུར་ཡིག་ཐོག་བཀོད་པ་དང་། སྐུ་དྲག་ཚོས་ཡབ་མེས་དག་གི་དབང་གནས་འཛིན་ཕྱིར་སྔོན་གྱི་བཀའ་ཤོག་སོགས་བདག་ཉར་བགྱིད་ཀྱི་ཡོད།
བོད་རང་སྐྱོང་ལྗོངས་ལོ་རྒྱུས་ཡིག་ཚགས་བསྡུ་གསོག་ཁང་དུ་བོད་ཡིག་ཡིག་ཆ་ཁྲི་སུམ་བརྒྱ་ལྷག་ཉར་འདུག རྒྱལ་ནང་དུ་མཚོན་ན་བོད་ཡིག་གི་ལམ་ནས་བྲིས་པའི་ལོ་རྒྱུས་ཀྱི་ཡིག་ཆའི་དུས་ཚོད་དང་གྲངས་ཀ་ནི་རྒྱ་ཡིག་ལས་ཀྱང་རིང་ཞིང་མང་། གལ་སྲིད་ཡབ་མེས་དག་གི་ཤེས་རབ་ཀྱི་བློ་རྟོགས་དགོས་ཚེ། རིན་ཐང་གཞལ་དུ་མེད་པའི་གླེགས་བམ་དང་བོད་ཀྱི་རིག་གཞུང་ཞིབ་འཇུག་བྱས་པའི་ཡིག་ཆ་ཁག་མ་བཀླག་ཐུ་མེད་རེད། འཇིག་རྟེན་ཐོག་ཏུ་གོ་ཆོད་མེད་པའི་རྒྱུ་ཆ་མེད་ཅིང་། བསྟན་བཅོས་འདི་དག་གིས་མི་རྣམས་ལ་ཤེས་རབ་དང་བདེ་སྐྱིད། རེ་བ་སོགས་བསྩལ་ཐུབ།
སྐད་ཆ་ནི་མི་རིགས་ཤིག་གི་ཁྱད་ཆོས་གཙོ་བོ་ཡིན་ཞིང་། མི་རིགས་ཀྱི་འཕོ་འགྱུར་དང་གཅིག་གྱུར་ལ་ནུས་པ་རབ་ཏུ་ཆེ། ཡི་གེ་ནི་མི་རིགས་ཤིག་གི་ཚེ་སྲོག་གི་རླབས་རྒྱུན་བསྲིང་བའི་མཚོན་ཆ་གལ་ཆེན་ཞིག་དང་ཤེས་རིག་གི་འོད་སྟོང་འཕྲོ་བའི་ལག་ཆ་ཞིག་ཀྱང་ངོ་།། བོད་ཡིག་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཐུབ་པའི་རྣམ་ཤེས་གྲུབ་ཡོད་པ་མ་ཟད་ཀྱི། བོད་ཀྱི་ཕུན་སུམ་ཚོགས་པའི་ཤེས་རིག་གི་ཉིང་བཅུད་དང་དེའི་རོགས་འདེགས་ཀྱི་ཀ་བ་ཡིན། བོད་ཀྱི་ཤེས་རིག་གི་མ་གདན་ནི་བོན་ཆོས་ཡིན་ཞིང་། རྗེས་སུ་ཐུབ་བསྟན་རིག་གནས་ཁྱབ་དར་བྱུང་ཞིང་རྒྱ་རིགས་དང་མི་རིགས་གཞན་གྱི་རིག་གནས་སྙེགས་དོར་བཅུད་ལེན་གྱི་སྒོ་ནས་དར་སྤེལ་བཏང་། འདིས་བོད་ཀྱི་ཤེས་རིག་ཕུན་སུམ་ཚོགས་སུ་ཕྱིན་པ་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་མཚོན་རྟགས་གལ་ཆེན་ཞིག་ལགས། ངའི་བསམ་པར་བོད་ཀྱི་རིག་གནས་ཞེས་བཤད་དུས་མི་མང་པོ་ཞིག་གི་ཡིད་ལ་འཆར་ཡོང་བ་ནི། རིག་གནས་ཆེ་ཆུང་བཅུ་པོ་དེ་རེད། བོད་ཀྱི་གླེགས་བམ་ཁག་ཏུ་བྲིས་པའི་རིག་གནས་ཞེས་པ་ནི་རིག་ཚན་དང་ཤེས་བྱ་སོགས་ལ་གོ་ཞིང་། དེའི་ནང་དུ་བཟོ་རིག་པ་དང་གསོ་བ་རིག་པ། སྒྲ་རིག་པ། ནང་དོན་རིག་པ། ཚད་མ་རིག་པ་བཅས་རིག་གནས་ཆེ་བ་ལྔ་དང་། སྙན་ངག སྡེབ་སྦྱོར། སྐར་རྩིས། ཟློས་གར། མངོན་བརྗོད་སོགས་རིག་གནས་ཆུང་བ་ལྔ་འདུས། རིག་ཚན་འདི་དག་ནི་ཤར་ནུབ་རྒྱལ་ཁབ་གང་དང་ཡང་མི་འདྲ་བའི་དམིགས་བསལ་གྱི་རྣམ་པ་ཞིག་རེད།
བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ཐུབ་བསྟན་རིག་གནས་དང་གདོད་མའི་རིག་གནས་གཉིས་ལས་གྲུབ་ཅིང་། བསྟན་པ་སྔ་དར་དང་བསྟན་པ་ཕྱི་དར་སྐབས་ནས་འཕོ་འགྱུར་ཆེན་པོ་བྱུང་། རིག་གནས་ཆེ་ཆུང་བཅུ་ནི་དགོན་སྡེ་ཁག་གི་སློབ་གཉེར་གྱི་ཡུལ་གཙོ་བོ་བཟུང་བ་དང་། རིག་གནས་ལྔ་ཁོང་དུ་ཆུད་ཚེ་སྤྱི་ཚོགས་ཐོག་ཏུ་མཁས་པའི་གོ་འཕངས་ཧ་ཅང་མཐོ། རིག་གནས་ཆེ་ཆུང་བཅུ་བྱང་དུ་ཆུབ་ན་དེ་བས་ཀྱང་ངོ་།།
བོད་ལ་རིག་གནས་ཆེ་ཆུང་བཅུ་ཁོ་ན་ཙམ་ཞིག་མ་ཡིན་པར། དམངས་སྲོལ་རིག་གནས་དང་རིན་ཐང་གི་ལྟ་བ། ཆོས་ལུགས་དད་མོས། རྩོམ་རིག་སྒྱུ་རྩལ། ནང་གི་བསམ་བློའི་འཁྱེར་སོ་དང་ཕྱི་ཡི་འཚོ་གནས་བྱེད་ཚུལ་བཅས་པ་ཐུན་མིན་རིག་གནས་ལྡན། ཤེས་དཔལ་འཕེལ་བས་འགྲོ་བ་མིས་རྩ་འཛུགས་ཤེས་པ་དང་སྐད་ཆ་བཤད་ཤེས་པ། ཡི་གེ་སྤྱོད་ཤེས་པ། གསར་གཏོད་བྱེད་ཐུབ། ང་རང་གི་བསམ་ཚུལ་ལྟར་ན་རིག་གནས་འབྲེལ་འདྲིས་ཀྱིས་མིའི་སྤྱི་ཚོགས་ཡར་རྒྱས་ལ་ཕན་ཧ་ཅང་ཆེ་བར་མཐོང་། ཐུབ་བསྟན་བསམ་བློའི་ཤན་ཞུགས་ནས་སྲོལ་རྒྱུན་རིག་གནས་དང་འོ་ཆུ་འདྲེས་པ་ལྟར་གྱུར་པས། བོད་ཀྱི་ཤེས་རིག་ཡུལ་དུས་ཀྱི་ཚད་བཀག་ལས་གྲོལ་ནས་གང་སར་ཁྱབ། བོད་ཀྱི་རིག་གནས་རྒྱ་ཆེ་ཞིང་ཁོང་ཡངས་པ། གཅིག་སྒྲིལ་གྱི་རང་བཞིན་སོགས་ནི་དུས་ནམ་ཡང་ཉམས་པའི་མེད་པའི་གྲུབ་ཆ་ཞིག་དང་། དམིགས་བསལ་གྱི་ལོ་རྒྱུས་དང་ས་ཁམས། དཔལ་འབྱོར། ཆབ་སྲིད། སོགས་རིག་གནས་སྣ་ཚོགས་ཀྱི་སྣང་ཚུལ་ཁྲོད་ནས་མྱུ་གུ་བུས་པ་ཡིན་པས། དམིགས་བསལ་གྱི་ཤེས་རིག་ལྡན་པའི་ལོ་རྒྱུས་ཤིག་ཡོད་པ་བསྙོན་དུ་མེད།
སྐད་ཆ་ནི་འགྲོ་བ་མིའི་ནང་སེམས་མངོན་བྱེད་དང་རྣམ་ཤེས་ལྡན་པའི་མི་ཞིག་གི་འདྲ་གཟུགས་ཕྱིར་མཚོན་གྱི་མཚོན་ཆ་ཞིག་ཡིན་པ་མ་ཟད་མི་རིགས་ཤིག་གི་ངོ་གདོང་སྟོན་བྱེད་ཀྱི་མེ་ལོང་ཞིག་ཀྱང་ངོ་།། བོད་མི་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ནང་དུ་ཤེས་རིག་ཁྱད་དུ་འཕགས་པའི་མི་རིགས་ཤིག་ཡིན་ཞིང་། སེམས་པ་བཟང་ཞིང་རྒན་བཀུར་གཞོན་བྱམས། བབ་ཆགས་ཤིང་བརླིང་བ། བློ་གྲོས་ལྡན་པ་སོགས་ཀྱི་རྣམ་པ་དག་སྐད་ཆའི་ནང་ནས་རྟོགས་ཐུབ། སྐད་ཆ་ནི་བསམ་བློ་དང་བསམ་གཞིག་གི་ཕྱི་ཁོག་ཡིན་ཞིང་། བོད་རིགས་ཀྱིས་གནད་དོན་ཞིག་དོ་སྣང་བགྱིས་ཚེ་ཐོག་མར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་རྒྱུས་ལོན་བྱས་རྟིང་། རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དང་གཞན་གྱི་བསམ་ཚུལ་སོགས་བསྡུ་ལེན་བྱས་ནས་རྩོད་གླེང་བྱ་བ་ནི་དགོན་སྡེ་ཁག་གི་རྟགས་གསལ་གཏོང་བ་དང་འདྲ་བོ། དེ་ནི་དགག་རྒྱག་དང་བསམ་འཆར་མི་བཟོད་ཅིང་། སྔོན་དུ་གཏན་ཚིགས་རིག་པའི་རིགས་འདེད་རྟིང་སྤྱི་མཚན་རིག་པའི་ཁུངས་སྐྱེལ་བའི་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་མི་འདྲ།
ལོ་ངོ་སྟོང་གསུམ་ལྷག་གི་གོད་ཆག་དང་བཅོས་སྒྱུར་ལས་བྱུང་བའི་བོད་ཡིག་ནི། དཔྱོད་ཤེས་ངེས་ཅན་ཞིག་གི་སྔོན་འགྲོའི་འོག་ནས་བརྒྱུད་ཅིང་། སྐད་དང་ཡི་གེ་ཚད་ལྡན་ཞིག་ཡིན་པའི་ཁར་བབ་ཆགས་ཤིང་ལེགས་པ་མ་ཟད། རྩོམ་འབྲི་དང་ཡིག་སྒྱུར། གསར་རྩོམ་གང་ཞིག་ཡིན་ཡང་རྗོད་བྱེད་ཚིག་སྙན་ལ་རྗོད་བྱའི་དོན་གྱི་གནས་ལུགས་ཁ་གསལ་གོ་བདེའི་ངང་སྟོན་ཐུབ། བོད་ཀྱི་ལེགས་བཤད་ནི་བོད་པའི་མཁས་པ་དང་དགེ་འདུན་པ་དག་གིས་བརྩམས་པའི་འཇིག་རྟེན་ཆོས་ཉིད་ཀྱི་སྙན་རྩོམ་ཞིག་ཡིན་ཞིང་། དེ་ནི་ཁ་མཚར་དང་ཚོར་བ་བརྗོད་པའི་ལྷུག་རྩོམ་མིན་ལ། གཞུང་ལུགས་སྟོང་བཤད་ཀྱི་ཚིག་འཕྲི་ཡང་མིན། དེ་ནི་འཛམ་གླིང་གི་ཤེས་རིག་བྱིངས་སུ་ཁྱབ་རྒྱ་དང་ཤུགས་རྐྱེན་ཧ་ཅང་ཆེ་བའི་འཇིག་རྟེན་ཆོས་ཉིད་ཁ་གསལ་གོ་བདེའི་ངང་མཚོན་པ་ཞིག་རེད།
དུས་རབས་བཅུ་གསུམ་དུས་འགོར་ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་《ས་སྐྱ་ལེགས་བཤད།》ཀྱི་ནང་དུ་ཚིག་བརྗིད་ཅིང་དོན་ཟབ་པའི་ངང་ཤེས་རབ་དང་བླུན་པོ། ལེགས་དང་ཉེས། བདེན་པ་དང་རྫུན་མ་སོགས་མི་ཆོས་གཙང་མ་བཅུ་དྲུག་གི་བླང་དོར་གནས་ལུགས་བརྗོད་ཡོད། དེའི་རྗེས་སུ་བོད་ཀྱི་མཁས་པའི་སྡེ་ན་ལེགས་བཤད་རྩོམ་པའི་དར་སྲོལ་ཧ་ཅང་ཆེ་ཞིང་། སྔ་རྗེས་སུ་《དགེ་ལྡན་ལེགས་བཤད》དང་《ཆུ་ཤིང་བསྟན་བཅོས།》《རིན་པོ་ཆེའི་བསྟན་བཅོས།》སོགས་ལེགས་བཤད་བསྟན་བཅོས་ཉི་ཤུ་ལྷག་བརྩམས།
བོད་ཀྱི་གཏམ་དཔེ་ནི་བོད་རིགས་ཀྱི་སྐད་ཆའི་ཆ་ཤས་གཙོ་བོར་གྲུབ། དམངས་ཁྲོད་ནས་བསྡུ་ལེན་བྱས་ཤིང་ཡིག་ཐོག་བཀོད་པའི་གཏམ་དཔེའི་དཔེ་ཆ་200ལྷག་འདུག དེ་དག་ནི་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་བརྡོལ་ཞིང་མང་ཚོགས་ཀྱི་ཕུན་སུམ་ཚོགས་པའི་འཚོ་བའི་ཁྲོད་ཀྱི་བསམ་པའི་འཆར་སྒོ་དང་ཆོས་ཉིད་མཚོན་པའི་སྐད་ཆའི་སྒྱུ་རྩལ་ཞིག་གོ། གཏམ་དཔེ་འདི་དག་གི་ཐུན་མོང་གི་ཁྱད་ཆོས་ནི་སྣང་བརྙན་གསོན་ཉམས་དོད་ཅིང་ནང་དོན་གཏིང་ཟབ་པ། ཚིག་ཉུང་ཞིང་དོན་གསལ་ལ་དགོད་བྲོ་བའི་ཁྱད་ཆོས་འཛོམས། འདིའི་ནང་བོད་མི་རིགས་ཀྱི་ཐོན་སྐྱེད་ངལ་རྩོལ་གྱི་མྱོང་བ་མཚོན་ཡོད་ཅིང་། དོན་གྱི་གཏན་ཚིགས་རྟོགས་པའི་མན་ངག་དང་བསམ་བློའི་རིག་གནས་ཀྱི་ཉིང་བཅུད་ལྡན་པའི་སྒྱུ་རྩལ་ཞིག་ཀྱང་ཡིན། སྐབས་འགར་བརྒྱ་བཤད་སྟོང་འགྲེལ་གྱིས་བཀྲལ་མི་ཐུབ་པའི་དོན་འགའ་གཏམ་དཔེ་རེ་རེས་ཁ་གསལ་གོ་བདེའི་ངང་དོན་གྱི་གནས་ལུགས་བཀྲལ་ཐུབ། བོད་ཀྱི་གཏམ་དཔེ་ནི་ཚིག་རྐང་རིང་ཐུང་མི་སྙོམ་པའི་རིགས་མང་མོད་ཀྱི། མཚོན་བྱ་དང་རྩོམ་ཚུལ། གྲུབ་ཆ་སོགས་ནི་མི་རིགས་ཀྱི་ཁྱད་ཆོས་དང་གཏིང་ཟབ་པའི་འཚོ་བའི་རྣམ་པས་ཁེངས། ནམ་རྒྱུན་འཚོ་བའི་ཁྲོད་དུ་ཁ་བརྡ་བྱེད་སྐབས་བཤད་མི་ཤེས་པའི་དོན་མང་པོ་ཞིག་འོས་ཤིང་འཚམས་པའི་གཏམ་དཔེ་རེ་རེས་གསོན་ཉམས་ལྡན་པའི་ངང་ནས་མཚོན་ཐུབ།
བོད་ཀྱི་དམངས་གླུ་ནི་བོད་ཀྱི་སྐད་དང་ཡི་གེའི་གཟི་འོད་འཕྲོ་བའི་ངོས་ཤིག་ཡིན། དེ་ཡང་དགོན་པ་བཞེངས་སྐྲུན་དང་ཁོད་ཡངས་པའི་རྩྭ་ཐང་གི་འབྲོག་སྡེ། གྲོ་སྙེའི་རྦ་རླབས་འཕྱུར་བའི་ཞིང་ས་སོགས་ནས་སྐད་སངས་མཐོ་ཞིང་རྣ་ལ་སྙན་པའི་ལྷད་མེད་ཀྱི་གླུ་སྐད་དེ་དག་གོ། གླུ་གར་ལ་བྱང་དུ་ཆུབ་པའི་བོད་མི་རིགས་ཀྱིས་སྲིད་པ་ཆགས་གླུ་དང་དགའ་སྐྱོ་མཚོན་པའི་གདུང་གླུ། སྐྱེས་ཕོ་མོའི་མཛའ་གླུ། འཐབ་འཛིང་གི་དཔའ་གླུ། ཐོན་སྐྱེད་ངལ་རྩོལ་གྱི་ཨར་གཞས། མི་རིགས་མཐུན་སྒྲིལ་གྱི་སྤྲོ་གླུ་སོགས་དམངས་གླུ་གྲངས་ཀྱིས་མི་ལངས་པ་ཞིག་གསར་དུ་བཏོད། དམངས་གླུ་ནི་ངལ་རྩོལ་མི་དམངས་ཀྱིས་གསར་དུ་བཏོད་པ་ཡིན་པས། དེར་འདམ་དང་རྩྭ་ཆུའི་དྲི་བསུང་མངའ་ཞིང་། ངལ་རྩོལ་མི་དམངས་ཀྱི་བློ་རིག་གསལ། དམངས་གླུ་ཉན་སྐབས་སེམས་སུ་རི་ཆུའི་ཡུལ་ལྗོངས་ཀྱི་མཛེས་པ་དང་ཡིད་འཕྲོག་བུ་མོའི་ཞལ་རས། བདེ་སྐྱིད་ལྡན་པའི་མང་ཚོགས་ཀྱི་རེ་འདུན་མངོན་ཡོང་། འདི་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཀྱང་ཡིན་ཏེ། གསོན་ཉམས་ལྡན་པའི་དཔེ་དང་སྣང་བརྙན། འགྱུར་ཁུགས་ལྡན་པའི་དབྱངས། གཏིང་ཟབ་པའི་བསམ་བློ་སོགས་སྙན་འཇེབས་ཀྱི་སྐད་ཆས་གངས་ལྗོངས་ཀྱི་རྣམ་ཤེས་གསལ། བོད་རིགས་ཀྱིས་ཡིད་དུ་འོང་བའི་སྐད་ངག་གིས་སེམས་ཀྱི་བསམ་འདུན་དང་བརྩེ་དུང་མཚོན་པར་བྱེད། བོད་ཀྱི་སྐད་ཡིག་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་རིག་གནས་ཤུལ་བཞག་དང་བསམ་པའི་ཁྱད་ནོར་ཡིན།
ཡིག་གཟུགས་ནི་ཡི་གེའི་གཟུགས་རིས་ཀྱི་སྒྱུ་རྩལ་ཞིག་ཡིན་པས་དེ་ནི་རིག་གནས་ཀྱི་བྱེ་བྲག་ཅིག་གཏོགས། འཛམ་གླིང་སྒང་གི་ཡི་གེ་བྱིངས་ལ་གཟུགས་རིས་ཀྱི་སྒྱུ་རྩལ་རིགས་མི་འདྲ་བ་མང་པོ་ཡོད་པ་ཇི་བཞིན། བོད་ཀྱི་ཡིག་གཟུགས་ལ་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན། མཁས་པ་འགའ་ཞིག་གིས་དེ་ལས་ཀྱང་རིང་བར་འདོད་པ་མངའ། བོད་ཀྱི་ཡི་གེའི་གཟུགས་རིས་ཐོག་མ་ཤོག་བུའི་ཐོག་ཏུ་བྲིས་པ་མ་ཡིན་པར་རྡོ་བའི་ངོས་སུ་བྲིས་པ་གསལ། ལྷ་སའི་ཕ་བོང་དགོན་གྱི་རྡོ་ཞིག་གི་ངོས་ན་མ་ཎི་ཡིག་དྲུག་གསལ་ལྷང་ངེར་བརྐོས་ཡོད་པ་དེ། བཤད་རྒྱུན་ལྟར་ན་དེ་ནི་ལོ་ངོ་1300སྔོན་གྱི་ཐོན་མི་སམ་བྷོ་ཊའི་ཡིག་ཕུད་ཡིན་པར་གྲགས།
ལྷ་སའི་ཤར་ཕྱོགས་ཀྱི་མལ་གྲོ་གོང་དཀར་རྫོང་གི་བཙུན་མོ་ཚལ་དགོན་རྒྱབ་ཀྱི་བྲག་ཐོག་ཏུ་ཡང་ཡི་གེའི་གཟུགས་རིས་མངོན་གསལ་དོད་པོ་མཐོང་རྒྱུ་འདུག རྗེས་སུ་ཡི་གེ་ཤོག་བུའི་སྟེང་དུ་འབྲི་སྲོལ་དར་ཞིང་། ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཡིག་གཟུགས་སོ་ཕག་གཤིབ་འདྲ་དང་སྦལ་ནག་ན་ལ་བགྲད་འདྲ། ཡང་ཡིག་མཁན་ཆབ་དཀར་བེའུ་ཚེ་ཡིས་བྲིས་པའི་བྱ་ཕོ་འཇོལ་འདྲ་ནི་ལོ་ངོ་བརྒྱད་བརྒྱ་ལྷག་ལོ་རྒྱུས་ལྡན་པ་དང་། ཡིག་མཁན་ཌ་ཤོད་འབུམ་མས་བྲག་གི་སྟེང་དུ་བྲིས་པའི་མུ་ཏིག་ལྟར་ལ་བརྒྱུས་འདྲ་ལོ་ངོ་དྲུག་བརྒྱའི་ལོ་རྒྱུས་ལྡན་པར་གྲགས། དེའི་རྗེས་སུ་སྦུར་ནག་ན་ལ་བགྲད་འདྲ་ དང་ཉ་མོ་ཆུ་ནས་འཕྱོངས་འདྲ། སེང་གེ་གནམ་ལ་འཕྱོངས་འདྲ་སོགས་ཡིག་གཟུགས་མི་འདྲ་བརྒྱད་ལྷག་བྱུང་།
འདི་དག་ནི་གཟུགས་རིས་ཀྱི་ཁྱད་ཆོས་ཐོག་ནས་མིང་བཏགས་ཤིང་མཛེས་ཉམས་དོད་པའི་ཡིག་གཟུགས་ཀྱི་རྣམ་པ་ཞིག་ལགས། ནམ་རྒྱུན་བཀོལ་བཞིན་པའི་ཡིག་གཟུགས་གཙོ་བོ་ནི་དབུ་ཅན་དང་དབུ་མེད་གཉིས་ཡིན་ཞིང་། ཡི་གེ་འབྲི་བྱེད་ཕལ་ཆེ་བས་ཤིང་སྨྱུག་སྤྱོད། སྨྱུག་གུའི་ཁ་སྲ་བ་དང་དོག་པ། ལེབ་པ། སྙོམ་པ་བཅས་བཀོལ་ཞིང་ཁ་སྙོམ་པོས་འབྲུག་ཚ་སོགས་འབྲི་ཐུབ། སྨྱུག་ཁ་གཡོན་ནས་གཡས་ལ་འབྲི་བ་ནི་དབུ་ཅན་དང་གཡས་ནས་གཡོན་ལ་འབྲི་བ་ནི་དབུ་མེད་ཀྱི་འབྲི་ཐབས་ཡིན། བོད་ཀྱི་ཡིག་གཟུགས་ནི་སྔོན་གྱི་འབྲི་སྲོལ་དང་དབྱངས་གསལ་གྲུབ་ཚུལ་གྱི་ཆོས་ཉིད་སོགས་ཚད་གཞི་བརྟན་པོ་ཞིག་ཡོད་པ་ལས། རང་ཉིད་ཀྱི་བསམ་པའི་འཆར་སྒོ་བརྟེན་ནས་གསར་གཏོད་སོགས་གང་འདོད་འབྲི་རུང་བ་ཞིག་མ་ཡིན་ནོ།།
བོད་ཡིག་གཟུགས་ནི་ཤོག་ཐོག་ཙམ་མ་ཡིན་པར་རྡོ་རིང་དང་བྲག་བརྐོས། རྡོ་བརྐོས།ཤིང་བརྐོས་སོགས་ལས་མཐོང་ཐུབ། བོད་ཡིག་གི་ཡིག་གཟུགས་སྐོར་ལ་བྲིས་པ་ཆེས་སྔ་ཤོས་ནི་ལོ་ཆེན་སྐལ་བ་དཔལ་རྩེགས་ཀྱིས་བརྩམས་པའི་《བོད་ཡིག་དབུ་ཅན་གྱི་འབྲི་ལུགས།》ཡིན་ཞིང་། རྗེས་སུ་ལོ་ཆེན་རོང་པོས་《ཡིག་གཟུགས་འབྲི་ཐབས་ཀྱི་བློ་གསལ་ཟ་མ་ཏོག》བརྩམས་ཤིང་། སྤྱི་ལོ1687ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་《ཡིག་གཟུགས་འབྲི་ཐབས་ཀྱི་ཟ་མ་ཏོག་གི་འགྲེལ་བ།》ཞེས་པ་ཞིག་བརྩམས།
ཡི་གེའི་ལམ་ནས་རང་ཉིད་ཀྱི་ནང་སེམས་མཚོན་པ་དག་སྐད་ཆས་མཚོན་མི་ཐུབ། ད་ལྟའི་བོད་ཀྱི་མཁས་པ་དག་ནི་ཤེས་བྱ་ཕྱུག་ཅིང་འཇེམ་པ། རྩོམ་འབྲིའི་རིག་པ་རྣོ་བ། སློབ་ཁྲིད་ཀྱི་ཐབས་རྩལ་བྱང་བ་སོགས་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྱི་ཤེས་རིག་ཕུན་སུམ་ཚོགས་པ་དང་། སྒོས་སུ་རང་ཉིད་ཀྱི་ཁེ་ཕན་དང་མིང་གྲགས་ཉི་ཚེ་བའི་དོན་ལ་མི་གཞོལ་པར། ཚ་རབས་བུ་རྒྱུད་དག་ལ་ཤེས་རིག་གི་བློ་སྒོ་འབྱེད་མཁན་གྱི་མེས་པོ་དག་གི་སྐུ་དྲིན་ཉག་གཅིག་གོ། ཁོང་ཅག་ནི་མཁས་པའི་ཁྱིམ་རྒྱུད་དང་སློབ་གསོ་སོགས་ཚད་ངེས་ཅན་ལྡན་པ་མ་ཟད་སྦྱངས་ཐོབ་ཀྱི་བརྩོན་འགྲུས་དང་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པའི་མི་སྣ་རྐྱང་རྐྱང་ཡིན་ངེས། རིག་པ་རྣོ་དབལ་ལྡན་ཞིང་དོན་གྱི་གཏིང་ཟབ་པ། རྩོམ་རྩལ་ཕུལ་དུ་བྱུང་བའི་མེས་པོ་དག་གི་དཔེ་ཆ་མཇལ་དུས་སེམས་སུ་བརྗོད་མི་ཤེས་པའི་ཚོར་བ་ཞིག་འབྱུང་གི་འདུག དེ་ནི་ཁོང་ཅག་གི་སྨྱུག་རྩེ་ལས་ཐོན་པའི་ཁྲག་དང་རུས་པ་ཡིན་པས་ལོས་ཡིན་ཨང་།
བོད་ཀྱི་ཤེས་ལྡན་པ་དང་ཆོས་ལུགས་པ་རྣམས་སྔོན་གྱི་མེས་པོ་དག་དང་འདྲ་བར་ནན་ཏན་དང་གཟབ་བརླིང་ངང་འབད་པ་ལྷུར་དུ་ལེན་དགོས་པ་དང་། རང་ཉིད་ཀྱི་རིག་པ་བརྡར་ནས་གསར་རྩོམ་དང་སྐད་ཆ་འཆད་དགོས་པ་ལས། དུས་ཚོད་འཕྲོ་བརླག་དང་ཁྲལ་མངོན་སླ་བཅོས། བྲེ་མོའི་ལོང་གཏམ་དང་མ་ཤེས་ཤེས་ཁུལ། ཡར་བཤུ་མར་བཤུ་སོགས་ལ་འབད་ནས་འཚོལ་ཆོས་དང་ཟོལ་སྦྱོར་སོགས་སྤངས་དགོས་པ་ནི་གལ་ཆེན་ཞིག་ཏུ་འདོད།
སྐད་ཆ་ནི་འགྲོ་བ་མི་ལ་མཚོན་ན་མཚོན་ཆ་གལ་ཆེན་ཞིག་ཡིན་ཞིང་། ཤེས་རིག་ཕུལ་དུ་བྱུང་བའི་མི་རིགས་ཤིག་ལ་སྐད་ཆ་ཡང་ཕུན་སུམ་ཚོགས་པོ་ཡོད་པ་སྨོས་མེད་རེད། ང་ཚོས་རྟག་པར་ཕ་སྐད་ཅེས་འབོད་དོན་ནི་ཡབ་མེས་དག་གི་ཤུལ་བཞག་རིག་གནས་ཡིན་ཕྱིར་རོ།། སྐད་ཡིག་ཅིག་ལ་ཇི་ཙམ་གྱིས་འབད་ཀྱང་སྔར་བཞིན་མང་པོ་ཞིག་རྟོགས་མི་ཐུབ་པ་ནི་ཕུལ་བྱུང་གི་སྐད་ཡིག་ཅིག་ཡིན་མི་སྲིད། ཕུལ་བྱུང་གི་སྐད་ཡིག་ཅིག་ཡིན་ཚེ་འཛམ་གླིང་ཐོག་གི་ཤེས་བྱ་ཐམས་ཅད་པོ་ངོ་སྤྲོད་བགྱིད་ཐུབ་ངེས། སྐབས་ལ་ལར་ཐ་སྙད་ཀྱི་ཞུན་བརྡར་མ་ཆོད་ན་དོན་མཚོན་པར་ཧ་ཅང་དཀའ། བོད་ཡིག་གིས་ཤེས་བྱ་གསར་པ་ཡོད་ཚད་ཀྱི་མཐིལ་བརྟོལ་ཐུབ་པ་ནི་ཚད་ལྡན་དང་ཕུན་སུམ་ཚོགས་པའི་སྐད་ཡིག་ཅིག་ཡིན་པ་ར་སྤྲོད་ཐུབ།
བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བགྱིད་མཁན་གྱི་ཕྱི་རྒྱལ་བ་མང་པོ་ཞིག་གིས་ཐོག་མར་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་པ་མ་ཟད། བོད་ཀྱི་སྐད་ཡིག་གི་གསོན་ཤུགས་དང་ཐུན་མིན་གྱི་ཁྱད་ཆོས་སོགས་ལ་ཧང་སངས་ཡོད་པ་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མི་ཇེ་མང་ནས་ཇེ་མང་གིས་བོད་ཀྱི་ཤེས་རིག་ལ་དོ་སྣང་དང་སློབ་སྦྱོང་གི་སྤྲོ་བ་འཕེལ་བཞིན་འདུག སྐད་ཆ་ནི་མི་དང་མི་ཕན་ཚུན་བར་ལ་གོ་བརྡ་སྤྲོད་བྱེད་ཉག་གཅིག་ཡིན་པས་ཐོགས་པ་མེད་པར་བཤད་ཤེས་ན་བརྗེད་དུ་མི་སྲིད། དཔེ་ཆ་ནི་མིའི་རིགས་ཀྱི་ཤེས་རིག་གི་ཐེམ་སྐས་ཡིན་ཞིང་། ནམ་རྒྱུན་བོད་ཡིག་གི་དཔེ་ཆ་བཀླགས་ཚེ་ནང་སེམས་དང་གཤིས་ཀ་སོགས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཞེས་གྲགས། རྩོམ་འབྲི་བ་ནི་ལོ་རྒྱུས་ཟིན་ཐོར་འགོད་པ་དང་ཤེས་རིག་དར་སྤེལ་གཏོང་བ། དུས་རབས་ཀྱི་དགོངས་པ་ངོ་སྤྲོད་པ་མ་ཟད། རིགས་ཞེན་དང་རང་གི་མེས་པོ་དག་ལ་དྲིན་དྲན་པའི་སེམས་ཀྱི་ཚོར་བ་དམར་བརྗོད་བྱེད་པའི་རྣམ་ཤེས་ཤིག་ཀྱང་ཡིན། ཡི་གེ་ཇི་སྲིད་བྲིས་ན་དེ་སྲིད་མཛེས་ཉམས་དོད་པ་བཞིན་རྩོམ་འབྲི་ཇི་སྲིད་བྱང་ན་དེ་སྲིད་ཀྱི་ལེགས། དེ་ལྟ་དེ་བཞིན་སྐད་ཡིག་གི་བླ་སྲོག་མ་རྒུད་ཚེ་མི་རིགས་ཀྱི་ཤེས་རིག་གི་དར་ཆ་ནམ་ཞར་ཡང་འགྱིང་སྲིད།
(ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་གྱིས་བརྩམས།)