ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

འཕགས་པ་དགའ་བོ་ལ་མངལ་དུ་འཇུག་ཚུལ་བསྟན་པ།

སྤེལ་དུས 2018-01-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཅོམ་ལྡན་འདས་ཀྱིས་གསུངས།
          སངས་རྒྱས་ཤཱཀྱ་ཐུབ་པས་མངལ་དུ་འགྱུར་བར་ཕ་མའི་ཁུ་བ་གཉིས་དང་ལྡན་མི་ལྡན་པ་དང་། ཕ་མ་གཉིས་ཡོངས་སུ་དག་པ་དང་མི་དག་པ་དང་། །མའི་མངལ་གྱི་གནས་སུ་ནད་ལ་སོགས་པའི་སྐྱོན་དང་ལྡན་མི་ལྡན་པ་ན་མངལ་མི་འཆག་པ་དང་། ཐ་ན་བུད་མེད་ཀྱི་ལུས་ཀྱི་མཐུ་སྟོབས་དང་ལྡན་མི་ལྡན། ངལ་བ་དང་བཟའ་བཏུང་ལ་སོགས་པའི་རྐྱེན་ཟླ་མཚན་མྱུར་དུ་འཆད་པའམ། ཡང་ན་དུས་ཀྱི་ཟླ་མཚན་མི་གཏན་པ་སོགས་གསུངས་ཡོད་པ་མ་ཟད། ཕ་མའི་ཁུ་ཁྲག་དང་རྒྱུ་རྐྱེན་འདུས་པའི་དབང་གིས་མངལ་མངོན་པར་གྲུབ་སྟེ་སྔོན་གྱི་ལས་ཀྱིས་རྒྱུ་བྱས་ནས་ཕན་ཚུན་གཅིག་གིས་རྐྱེན་དང་གཅིག་གིས་རྒྱུ་བྱས་པའི་དབང་གིས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བས་སའི་ཁམས་ཀྱིས་རྟེན་དང་ཆུའི་ཁམས་ཀྱིས་བསྡུས་པ་དང་། མེའི་ཁམས་ཀྱིས་ཡོངས་སུ་སྨིན་པ་དང་རླུང་གི་ཁམས་ཀྱིས་འཕེལ་བ་བཅས་བྱེད་ཚུལ་དང་བཅས་པ་ནས་མངལ་དུ་ཞག་དང་པོ་ནས་བཟུང་གང་དང་གང་ཞིག་སོ་སོར་ལུས་ཀྱི་ཤ་ཁྲག་ལ་སོགས་པའི་མཚན་མ་རྣམས་རིམ་གྱིས་ཇི་ལྟར་སྣང་ཚུལ་དང་བཅས་པའི་ལུས་ཀྱི་དངོས་པོའི་གནས་ཚུལ་གསུངས་པ་ཇི་ལྟ་བ་བཞིན་འཆད་པར་བྱའོ། །
          རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཕྱི་རོལ་གྱི་ས་བོན་དང་།  ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་ཀྱི་ཁམས་ཞེས་བྱ་བ་དག་ཡོད་པས་མྱུ་གུ་འབྱུང་བ་དང་། ནང་གི་ལས་དང་ཉོན་མོངས་པ་དང་། ཁུ་ཆུ་དང་། ཁྲག་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དག་ཡོད་པས་མངལ་དུ་འཇུག་པ་དག་འབྱུང་ངོ་། །འཕགས་པ་ལངྈར་གཤེགས་པའི་མདོ་ལས། ཇི་ལྟར་ན་འབྱུང་བ་ཆེན་པོ་བཞི་པོ་དེ་དག་གིས་རྒྱུར་བྱས་པའི་གཟུགས་རྣམས་སྐྱེད་ཅེ་ན། འདི་ལྟ་སྟེ། གཤེར་བར་རྣམ་པར་རྟོག་པའི་འབྱུང་བ་ཆེན་པོས་ནི་ཕྱི་ནང་གི་ཆུའི་ཁམས་སྐྱེད་དོ། །བྱ་བ་ནུས་པའི་རྣམ་པར་རྟོག་པའི་འབྱུང་བ་ཆེན་པོས་ནི་ཕྱི་ནང་གི་ཆུའི་ཁམས་སྐྱེད། གཡོ་བར་རྣམ་པར་རྟོག་པའི་འབྱུང་བ་ཆེན་པོས་ནི་ཕྱི་ནང་གི་རླུང་གི་ཁམས་སྐྱེད་དོ། །གཟུགས་གཅད་དུ་རུང་བར་རྣམ་པར་རྟོག་པའི་འབྱུང་བ་ཆེན་པོས་ནི་ཕྱི་ནང་གི་སའི་ཁམས་སྐྱེད་དོ། །གཟུགས་དང་ནམ་མཁའ་གཉིས་ཀའང་ལོག་པའི་བདེན་པ་ལ་མངོན་པར་ཞེན་པས་ཕུང་པོ་ལྔ་འདུས་པ་དང་། འབྱུང་བ་ཆེན་པོ་དང་། འབྱུང་བ་ལས་གྱུར་པ་སྐྱེའོ། །རྣམ་པར་ཤེས་པ་ནི་གནས་རྣམ་པར་སྣ་ཚོགས་དང་། ཡུལ་ལ་མངོན་པར་ཆགས་པའི་རྒྱུས་འགྲོ་བ་གཞན་དུ་མཚམས་སྦྱོར་བར་འགྱུར་རོ། །ས་ལ་སོགས་པ་ཆེན་པོ་བཞི་དང་འབྱུང་བ་ལས་གྱུར་པ་རྣམས་ལ་ནི་འབྱུང་བ་ཆེན་པོ་བཞིའི་རྟེན་ཡོད་ཀྱི། འབྱུང་བ་ཆེན་པོ་བཞི་པོ་དག་གི་རྐྱེན་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དངོས་པོ་དང་། དབྱིབས་དང་། མཚན་ཉིད་དང་། གནས་དང་། བྱ་བ་དང་། སྦྱོར་བ་རྣམས་དངོས་པོ་མེད་པས་འབྱུང་བ་ཆེན་པོ་རྣམས་མི་སྐྱེའོ། །དངོས་པོ་དང་། དབྱིབས་དང་། མཚན་ཉིད་དང་། གནས་དང་། བྱ་བ་དང་། སྦྱོར་བ་རྣམས་འདུས་པ་ལས་སྐྱེ་བས། དབྱིབས་མེད་པ་མ་ཡིན་ནོ། །ཞེས་དང་། འཕགས་པ་སཱ་ལུའི་ལྗང་པའི་མདོ་ལས། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས་འདུས་པ་ལས་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བར་བལྟའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་སའི་ཁམས་གང་ཞེ་ན། གང་འདི་འདུས་བྱས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་འགྲུབ་པར་བྱེད་པ་འདི་ནི་སའི་ཁམས་ཞེས་བྱའོ། །གང་ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི་ཆུའི་ཁམས་ཞེས་བྱའོ། །གང་ལུས་ཀྱིས་ཟོས་པ་དང་འཐུང་བ་དང་། འཆོས་པ་དང་། མྱངས་པ་རྣམས་འཇུ་བར་བྱེད་པ་འདི་ནི་མེའི་ཁམས་ཞེས་བྱའོ། །གང་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་འདི་ནི་རླུང་གི་ཁམས་ཞེས་བྱའོ། །གང་ལུས་ཀྱི་ནང་སྦུབས་ཡོད་པར་བྱེད་པ་འདི་ནི་ནམ་མཁའི་ཁམས་ཞེས་བྱའོ། །གང་མདུང་ཁྱིམ་གྱི་ཚུལ་དུ་ལུས་ཀྱི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་བྱེད་པ་རྣམ་པར་ཤེས་པའི་ཚོགས་ལྔ་འདུས་པ་དང་། ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །རྐྱེན་འདི་དག་མེད་པར་ལུས་སྐྱེ་བར་མི་འགྱུར་གྱི་ནམ་ནང་གི་སའི་ཁམས་ཚང་ཞིང་དེ་བཞིན་དུ་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་རྣམས་ཀྱང་ཚང་བར་གྱུར་ལ། ཐམས་ཅད་འདུས་པ་དེ་ལས་ལུས་མངོན་པར་འགྲུབ་པར་འགྱུར་རོ། །ཞེས་ལུས་མངོན་པར་གྲུབ་པ་ནི་ལས་དང་ཉོན་མོངས་པ་དང་། ཁུ་ཆུ་དང་ཁྲག་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས་འདུས་པ་ལས་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་རྐྱེན་དུ་མ་ཞིག་གི་མཚན་ཉིད་ཚང་བས་ཕུང་པོ་ལྔ་འདུས་པ་དང་འབྱུང་བ་བཞིའི་རྟེན་ལས་གྱུར་པ་སྐྱེ་བ་བསྟན་ཞིང་། གཞན་དུ་ན་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་མ་བྱུང་བ་ཡིན་ནའང་ལུས་ལེན་པར་ནུས་པ་མ་ཡིན་ནོ། །དེའང་རྒྱལ་བས་མངལ་དུ་འཇུག་ཚུལ་ནས་བཙའ་བའི་བར་ཇི་ལྟ་བ་བཞིན་རྒྱ་ཆེར་གསུངས་པ་མདོ་དང་ལྷག་པར་དུ་《དཀོན་མཆོག་བརྩེགས་》པའི་ནང་གསལ་བར་བཞུགས་ཡོད་པས་དེ་དག་ནི་འདི་ལྟ་སྟེ། 
          མདོ་ལས། དགེ་སློང་དག འདི་ན་ཕྱི་རོལ་གྱི་ཆོས་ཀྱིས་རྣལ་འབྱོར་སྤྱོད་པ་རྣམས་ནང་གི་བདག་ཉིད་ཀྱི་ལུས་ལ་སོ་སོར་རྟོག་པར་བྱེད་དོ། །འདི་ལྟ་སྟེ། ཕྱི་རོལ་གྱི་ཆོས་རྣམས་མཐོང་ནས་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ལས་དང་པོ་ས་བོན་གྱི་ཚོགས་རྣམས་ལ་སོ་སོར་རྟོག་པར་བྱེད་དེ། ས་བོན་ལས་ནི་མྱུ་གུ་འབྱུང་ངོ་། །མྱུ་གུ་ལས་ནི་སྡོང་བུ་འབྱུང་ངོ་། །སྡོང་བུ་ལས་ནི་འདབ་མ་འབྱུང་ངོ་། །འདབ་མ་རྣམས་ལས་ནི་མེ་ཏོག་འབྱུང་ངོ་། །མེ་ཏོག་ལས་ནི་འབྲས་བུ་འབྱུང་བར་འགྱུར་རོ། །དེ་ཁོ་ན་བཞིན་དུ་རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ནང་གི་བདག་ཉིད་རྣམས་ལ་ཡང་མཐོང་བ་ཡིན་ཏེ། 
དང་པོ་ས་བོན་དུ་གྱུར་པའི་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་དང་བཅས་པ་ཁུ་ཆུར་ལྟུང་བ་ཡིན་ནོ། །ཁུ་ཆུ་ལས་ནི་མེར་མེར་པོར་འགྱུར་རོ། །མེར་མེར་པོ་ལས་ནི་ནུར་ནུར་པོར་འགྱུར་རོ། །ནུར་ནུར་པོ་ལས་གོར་གོར་པོར་འགྱུར་རོ། །གོར་གོར་པོ་ལས་ནི་ནར་ནར་པོར་འགྱུར་རོ། །ནར་ནར་པོ་ལས་ནི་འབུར་འབུར་ལྔ་འབྱུང་བར་འགྱུར་ཏེ། རྐང་པའི་འབུར་འབུར་གཉིས་དང་། ལག་པའི་འབུར་འབུར་གཉིས་དང་། མགོའི་འབུར་འབུར་གཅིག་གོ། དེ་ལྟར་འབུར་འབུར་ལྔ་པོ་རྣམས་ལས་ནི། དབང་པོ་རྣམས་གསལ་བར་སྐྱེ་བར་འགྱུར་རོ། །དེ་ལྟར་སྔ་ཕྱིའི་རིམ་པས་རྒ་ཤིའི་མཐར་ཐུག་པར་འགྱུར་རོ། །ཞེས་དང་། དཀོན་བརྩེགས་ལས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་དང་དགེ་སློང་རྣམས་ལ་བཀའ་བསྩལ་པ། 
          ང་ལ་ཆོས་ཀྱི་རྣམ་གྲངས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། གཅིག་པུ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་དཀར་བ། ཚངས་པར་སྤྱོད་པའི་ཆོས་འདི་ལྟ་སྟེ། 
          མངལ་དུ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡོད་ཀྱི། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་ཁྱོད་ལ་རྣམ་པར་ཕྱེ་སྟེ་བསྟན་པར་བྱའོ། །
          བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་གསོལ་པ། བཅོམ་ལྡན་འདས། དེ་བཞིན་དུ་ཐོས་པར་འཚལ་ལོ། །ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །དགའ་བོ། སེམས་ཅན་རྣམས་ནི། མངལ་དུ་འཇུག་པར་འདོད་པའི་ཚེ་རྒྱུ་དང་། རྐྱེན་ཕུན་སུམ་ཚོགས་པར་གྱུར་ན་ནི། ལུས་ལེན་པར་འགྱུར་གྱི། གལ་ཏེ་ཕུན་སུམ་ཚོགས་པར་མ་གྱུར་ན་ནི། ལུས་ལེན་པར་མི་འགྱུར་རོ། །དེ་ལ་རྐྱེན་དང་མི་ལྡན་པ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཕ་དང་། མ་གཉིས་ཀ་ཡང་ཆགས་པའི་སེམས་བྱུང་བར་གྱུར་ལ། བར་མ་དོའི་ཕུང་པོ་ཡང་མངོན་དུ་གྱུར་ཅིང་སྐྱེ་བའི་གནས་ཡོངས་སུ་ཚོལ་བར་བྱེད་ཀྱང་ཕ་མ་དེ་དག་གི་འདུ་འཕྲོད་སྔ་ཕྱིར་གྱུར་ཅིང་དུས་གཅིག་ཏུ་བྱུང་བར་མ་གྱུར་ཏམ། སོ་སོའི་ལུས་ལ་ནད་རྣམས་ལྡན་པར་གྱུར་ན་ཡང་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་མ་ལ་མངལ་རླུང་དང་། མཁྲིས་པ་དང་། བད་ཀན་དང་། ཁྲག་གིས་ཉེ་བར་ནོན་པར་གྱུར་ཏམ། མཚམས་ཤས་གང་བའམ། སྨན་གྱིས་གང་བའམ། དབུས་ནས་འདྲ་བའམ། གྲོག་མོའི་རྐེད་པ་འདྲ་བའམ། རྔ་མོའི་ཁ་འདྲ་བའམ། ཤིང་རྟའི་ཚིགས་པ་བཞིན་སོག་ཁར་འདུག་པའམ། ཤིང་རྟའི་སྲོག་ཤིང་ལྟ་བུར་འདུག་པའམ། ཤིང་རྟའི་ལྟེ་བའི་ཁ་ལྟ་བུར་འདུག་པའམ། ཤིང་ལོ་ལྟ་བུར་གྱུར་པའམ། སྤ་ལྟ་བུར་འཁྱིལ་བར་གྱུར་ཏམ། མངལ་གྱི་ནང་ནས་ཀྱི་གྲ་མ་སྐྱེས་པ་ལྟ་བུར་གྱུར་ཏམ། ཁུ་ཆུ་དང་། ཁྲག་མང་དུ་འཛག་ཅིང་སྐད་ཅིག་ཡུད་ཙམ་ཡང་འདུག་ཏུ་མི་བཏུབ་པར་གྱུར་ཏམ། ཐུར་དུ་འཛག་པར་གྱུར་ཏམ། མངལ་གྱི་ལམ་རྩུབ་པར་གྱུར་ཏམ། སྟེང་དུ་ཡངས་པའམ། འོག་ཏུ་ཡངས་པའམ། ཡོ་བའམ། ཟབ་པ་མ་ཡིན་པའམ། རྡོལ་ནས་ཟགས་པའམ། མཐོ་བའམ། དམའ་བའམ། ཐུང་ཞིང་དོག་པའམ། ནད་སྣ་ཚོགས་དང་བཅས་པར་གྱུར་ན་ཡང་མངལ་དུ་འཇུག་པར་མི་འགྱུར། གལ་ཏེ་ཕ་མ་ཆོ་རིགས་བཙུན་ཞིང་བསོད་ནམས་ཆེན་པོ་དང་ལྡན་པར་གྱུར་ལ། བར་མ་དོའི་ཕུང་པོ་བསོད་ནམས་ཆུང་བ་དང་། བར་མ་དོའི་སྲིད་པ་ཆོ་རིགས་བཙུན་ཞིང་བསོད་ནམས་ཆེན་པོ་དང་ལྡན་པར་གྱུར་ལ། ཕ་མ་བསོད་ནམས་ཆུང་བར་གྱུར་ཏམ། གཉིས་ཀ་བསོད་ནམས་དང་ལྡན་ཡང་ཕན་ཚུན་ཕྲད་པར་འགྱུར་བའི་ལས་བསགས་པར་མ་གྱུར་ན་ཡང་མངལ་དུ་འཇུག་པར་མི་འགྱུར་རོ། །འདི་ལྟར་བར་མ་དོའི་ཕུང་པོ་དེ་མངལ་དུ་འཇུག་པར་འགྱུར་བ་ན། ཐོག་མ་ཁོ་ནར་ཕྱིན་ཅི་ལོག་གི་སེམས་རྣམ་པ་གཉིས་འབྱུང་བར་གྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཕ་མ་གཉིས་ཕྲད་པར་གྱུར་པའི་ཚེ་གལ་ཏེ་ཕོར་འགྱུར་བ་ཞིག་ཡིན་ན་ནི། མ་ལ་ནི། ཆགས་པ་སྐྱེ་བར་འགྱུར་ལ། ཕ་ལ་ནི། ཞེ་སྡང་སྐྱེ་བར་གྱུར་ཏེ། ཕའི་ཁུ་བ་བྱུང་ན། འདི་ནི་བདག་གི་ཡིན་ནོ། །སྙམ་དུ་སེམས་སོ། །གལ་ཏེ་མོར་འགྱུར་བ་ཞིག་ཡིན་ན་ནི། ཕ་ལ་ནི། ཆགས་པ་སྐྱེ་བར་འགྱུར་ལ། མ་ལ་ནི་ཞེ་སྡང་སྐྱེ་བར་གྱུར་ཏེ། མའི་ཁུ་བ་བྱུང་ན། འདི་ནི་བདག་གི་ཡིན་ནོ། །སྙམ་དུ་སེམས་པས། གལ་ཏེ་འདི་ལྟ་བུའི་ཞེ་སྡང་དང་། ཆགས་པའི་སེམས་སྐྱེས་པར་མ་གྱུར་ན། མངལ་དུ་འཇུག་པར་མི་འགྱུར་རོ། །གཞན་ཡང་དགའ་བོ། ཇི་ལྟར་མའི་མངལ་དུ་འཇུག་པར་འགྱུར་ཞེ་ན། འདི་ལྟ་སྟེ། ཕ་མ་ཡང་ཆགས་པའི་སེམས་སྐྱེས་པར་གྱུར། དུས་ཀྱི་ཟླ་མཚན་ཡང་རྗེས་སུ་མཐུན་པར་གྱུར། བར་མ་དོའི་ཕུང་པོ་ཡང་མངོན་དུ་གྱུར་ལ། གོང་མ་ལྟ་བུའི་སྐྱོན་མང་པོ་ཡང་མེད་ཅིང་ལས་ཀྱི་རྐྱེན་དང་ཡང་ལྡན་པར་གྱུར་ན། མངལ་དུ་འཇུག་པར་འགྱུར་རོ། །འདི་ལྟར་བར་མ་དོའི་ཕུང་པོ་དེ་མངལ་དུ་འཇུག་པར་འདོད་པ་ན་དེ་ཡང་རྣམ་པ་གཉིས་སུ་གྱུར་ཏེ། གཉིས་གང་ཞེ་ན། བསོད་ནམས་དང་མི་ལྡན་པ་དང་། བསོད་ནམས་ཆེན་པོ་དང་ལྡན་པ་གང་ཡིན་པའོ། །བསོད་ནམས་དང་མི་ལྡན་པ་གང་ཡིན་པ་དེ་ནི། རྣམ་པར་རྟོག་པའི་སེམས་བྱུང་ནས་ཡུལ་མཐོང་བར་གྱུར་པ་ན་འདི་སྙམ་དུ་སེམས་ཏེ། དེང་བདག་ནི། རླུང་དང་། གྲང་བ་དང་། གནམ་རྨུགས་པ་དང་། ཆར་འབབ་པ་དང་། སྐྱེ་བོ་མང་པོའི་ཅ་ཅོ་དང་། མང་པོའི་མཐུ་སྟོབས་ཀྱིས་གནོད་པར་བྱེད་པ་དང་ཕྲད་པར་གྱུར་ཏེ། ཞེས་འཇིགས་ཤིང་སྐྲག་པ་སྐྱེས་ནས་དེང་བདག་རྩྭའི་ཁྱིམ་དང་། ལོ་མའི་ཁྱིམ་དང་། རྩིག་པའི་དྲུང་དབེན་པར་འཇུག་པར་བྱའོ། །ཡང་ན་རི་དང་། ནགས་སྟུག་པོ་དང་། བྲག་ཕུག་དག་ཏུ་འཇུག་པར་བྱའོ་སྙམ་དུ་སེམས་ཏེ། གཞན་ཡང་འདུ་ཤེས་རྣམ་པ་སྣ་ཚོགས་བསྐྱེད་ནས་ཇི་ལྟར་མཐོང་བ་བཞིན་དུ་མའི་མངལ་དུ་འཇུག་པར་བྱེད་དོ། །གང་བསོད་ནམས་ཆེན་པོ་དང་ལྡན་པ་དེ་ཡང་འདི་སྙམ་དུ། དེང་བདག་ནི། རླུང་དང་། གྲང་བ་དང་། གནམ་རྨུགས་པ་དང་། ཆར་འབབ་པ་དང་། སྐྱེ་བོ་མང་པོའི་ཅ་ཅོ་དང་། མང་པོའི་མཐུ་སྟོབས་ཀྱིས་གནོད་པར་བྱེད་པ་དང་། ཕྲད་པར་གྱུར་ཏོ། །ཞེས་འཇིགས་ཤིང་སྐྲག་པ་སྐྱེས་ནས་ཁང་པ་བརྩེགས་མའི་སྟེང་དུ་འཛེག་པའམ། ཡང་ཐོག་མཐོན་པོའི་སྟེང་དུ་འཛེག་པའམ། གཞལ་མེད་ཁང་གི་ནང་དུ་འཇུག་པའམ། ཁྲི་ལ་འདུག་པར་བྱའོ་སྙམ་དུ་སེམས་ཏེ། གཞན་ཡང་འདུ་ཤེས་རྣམ་པ་སྣ་ཚོགས་བསྐྱེད་ནས་ཇི་ལྟར་མཐོང་བ་བཞིན་དུ་མའི་མངལ་དུ་འཇུག་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་བཀའ་བསྩལ་པ། དགའ་བོ། འདི་ལྟར་བར་མ་དོའི་ཕུང་པོ་དེ་ཐོག་མ་ཁོ་ནར་མངལ་དུ་བཞུགས་པ་གང་ཡིན་པ་དེ་ནི། མེར་མེར་པོ་ཞེས་བྱ་སྟེ། ཕ་མའི་མི་གཙང་བ་དང་། འདས་པའི་ལས་ལ་བརྟེན་ནས་ལུས་ལེན་པར་བྱེད་ཀྱང་འདི་ལྟར་ལས་དེ་དང་ཕ་མའི་རྐྱེན་རྣམས་ཀྱིས་སོ་སོ་ནས་རང་བསྐྱེད་པར་མི་བྱེད་ཀྱི། འདུས་པའི་མཐུ་སྟོབས་ཀྱིས་ལུས་ལེན་པར་བྱེད་པས། འདི་ལྟ་སྟེ། དཔེར་ན། སྣོད་ཀྱི་ནང་དུ་ཞོས་བཀང་ནས་སྐྱེས་བུའི་རྩོལ་བ་དང་། ཐག་པ་ལ་སོགས་པ་ལ་བརྟེན་ཏེ་མར་འབྱུང་བ་ཡང་རྐྱེན་རྣམས་ལས་དམིགས་པར་མི་འགྱུར་མོད་ཀྱི། འོན་ཀྱང་འདུས་པའི་མཐུ་ལས་མར་འབྱུང་བར་འགྱུར་བ་དེ་བཞིན་དུ་མེར་མེར་པོའི་ལུས་ཀྱང་དེ་བཞིན་ཏེ། འདི་ལྟར་རྒྱུ་དང་། རྐྱེན་གྱི་མཐུས་མངལ་དུ་ལུས་མངོན་པར་འགྲུབ་པར་འགྱུར་རོ། །དགའ་བོ་འདི་ལྟ་སྟེ། དཔེར་ན། རྩྭ་སྔོན་པོ་དང་། བ་ལང་གི་ལྕི་བ་དང་། རྒྱ་ཤུག་དང་། ཞོ་ལ་བརྟེན་ནས་སོ་སོ་ནས་སྲིན་བུ་སྐྱེ་བར་འགྱུར་བ་རེ་རེའི་ནང་དུ་སྲིན་བུ་མི་དམིགས་ཀྱང་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་སྲིན་བུ་སྐྱེ་བར་འགྱུར་ཏེ། སྲིན་བུ་དེ་དག་སྐྱེ་བ་ན་སོ་སོ་ནས་རྟེན་ཇི་ལྟ་བ་བཞིན་དུ་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོར་འགྱུར་རོ། །དེ་བཞིན་དུ་ཕ་མའི་མི་གཙང་བ་ལས་ལུས་འདི་སྐྱེ་བ་ཡང་རྐྱེན་རྣམས་ཀྱི་ནང་དུ་བཙལ་ན། དམིགས་པར་མི་འགྱུར་མོད་ཀྱི། འོན་ཀྱང་རྐྱེན་འདུས་པའི་མཐུ་དང་མ་བྲལ་བར་ཡང་ལུས་ཡང་དག་པར་ལེན་པར་ཡང་མི་འགྱུར། ལུས་འདི་སྐྱེས་པ་ན་ཕ་མའི་འབྱུང་བ་ཆེན་པོ་བཞི་དང་ངོ་བོ་ཉིད་མ་ཐ་མི་དད་པར་གྱུར་ཏེ། འདི་ལྟ་སྟེ། སའི་ཁམས་ཀྱིས་ནི་སྲ་བའི་བྱ་བ་བྱེད་དོ། །ཆུའི་ཁམས་ཀྱིས་ནི་གཤེར་བའི་བྱ་བ་བྱེད་དོ། །མེའི་ཁམས་ཀྱིས་ནི་དྲོ་བའི་བྱ་བ་བྱེད་དོ། །རླུང་གི་ཁམས་ཀྱིས་ནི་ཡང་ཞིང་གཡོ་བའི་བྱ་བ་བྱེད་དོ། །མེར་མེར་པོའི་ལུས་དེ་དག་གལ་ཏེ་སའི་ཁམས་འབའ་ཞིག་དང་ལྡན་ལ་ཆུའི་ཁམས་མེད་པར་གྱུར་ན་ནི། འདི་ལྟ་སྟེ། དཔེར་ན། ཕྱེ་དང་ཐལ་བ་སྐམ་པོ་བཅངས་པ་བཞིན་དུ་འདུར་མི་བཏུབ་པར་འགྱུར་རོ། །གལ་ཏེ་ཆུའི་ཁམས་འབའ་ཞིག་དང་ལྡན་ལ་སའི་ཁམས་མེད་པར་གྱུར་ན་ནི། འདི་ལྟ་སྟེ། དཔེར་ན་འབྲུ་མར་རམ། ཆུའི་རང་བཞིན་སྣུམ་ཞིང་གཤེར་བས། སྲ་བ་མེད་པ་བཞིན་དུ་བོ་ཞིང་གྱེས་པར་འགྱུར་རོ། །གལ་ཏེ་ས་དང་ཆུའི་ཁམས་འབའ་ཞིག་དང་ལྡན་ལ་མེའི་ཁམས་མེད་པར་གྱུར་ན་ནི། འདི་ལྟ་སྟེ། དཔེར་ན། དབྱར་ཚ་བའི་དུས་སུ་ཤའི་གོང་བུ་གྲིབ་མ་ལ་བཞག་པ་ཉི་མའི་འོད་ཀྱིས་མ་ཕོག་པ་བཞིན་དུ་རུལ་ཞིང་མྱགས་པར་འགྱུར་རོ། །གལ་ཏེ་ས་དང་། ཆུ་དང་། མེའི་ཁམས་དང་ལྡན་ལ་རླུང་གི་ཁམས་མེད་པར་གྱུར་ན་ནི། འཕེལ་བར་མི་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན། འཁུར་བ་མཁན་ནམ་དེའི་སློབ་མ་མཁས་པས་འཁུར་བ་བཙོས་ནས་དབུགས་ཀྱིས་བུས་ཏེ། ཅི་དང་ཅི་བྱ་བ་རྣམས་མངོན་པར་འདུས་བྱས་ནས་དེ་དག་ནང་སྟོང་དུ་བྱེད་པ། གལ་ཏེ་རླུང་གི་སྟོབས་མེད་པར་གྱུར་ན་མངོན་པར་འགྲུབ་པར་མི་འགྱུར་རོ། །དེ་བཞིན་དུ་འབྱུང་བ་ཆེན་པོ་བཞི་པོ་དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་ཡོངས་སུ་བཟུང་ནས་རྣམ་པར་བཞག་པ་ཡིན་པས་དེའི་ཕྱིར་མེར་མེར་པོའི་ལུས་ཕ་མའི་འབྱུང་བ་ཆེན་པོ་བཞི་དང་། ལས་ཀྱི་རླུང་གི་རྒྱུས་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་རྐྱེན་མང་པོ་རྣམས་ཀྱི་ནང་ན་དམིགས་པར་མི་འགྱུར་ཡང་འདུས་པའི་སྟོབས་ཀྱིས་ལུས་ཡང་དག་པར་ལེན་པར་འགྱུར་བར་རིག་པར་བྱའོ། །གཞན་ཡང་དགའ་བོ། འདི་ལྟ་སྟེ། དཔེར་ན། ས་བོན་གསར་པ་ཡོངས་སུ་གཙང་ལ་ལེགས་པར་སྦས་པ། སྲིན་བུས་མ་ཟོས་པ། མ་རུལ་ཅིང་མ་འཚིགས་པ་དང་། མ་གས་པ་དང་། བུ་ག་མེད་པ་ཞིག་གང་ལ་ལ་ཞིག་གིས་ཞིང་བཟང་ཞིང་གཤིན་པ་བཙལ་ཏེ་ས་བོན་དེ་བཏབ་ན། ཅི་ཉིན་ཞག་གཅིག་གིས་མྱུ་གུ་དང་། སྡོང་བུ་དང་། ཡལ་ག་དང་། ལོ་མ་གྲིབ་མ་དང་བཅས་པ་དང་། མེ་ཏོག་དང་། འབྲས་བུ་རྒྱས་ཤིང་ཕུན་སུམ་ཚོགས་པར་འགྱུར་རམ། བཅོམ་ལྡན་འདས། དེ་ནི། འདི་ལྟར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དགའ་བོ། མེར་མེར་པོའི་ལུས་ཀྱང་དེ་བཞིན་དུ་རྒྱུ་དང་རྐྱེན་ལས་རིམ་གྱིས་སྐྱེ་བར་འགྱུར་གྱི། དུས་གཅིག་ཏུ་དབང་པོ་རྣམས་ཕུན་སུམ་ཚོགས་པར་མི་འགྱུར་ཏེ། དེ་ལྟ་བས་ན། ཕ་མ་ལས་བྱུང་བར་གྱུར་པའི་ལུས་འདི་རྐྱེན་རྣམས་ཀྱི་ནང་ན་བཙལ་ན་ཡང་དམིགས་པར་མི་འགྱུར་མོད་ཀྱི། འོན་ཀྱང་ཚོགས་པའི་སྟོབས་ཀྱིས་སྐྱེ་བ་ལེན་པར་འགྱུར་བ་རིག་པར་བྱའོ། །གཞན་ཡང་དགའ་བོ། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་མིག་དང་ལྡན་པས་མེ་ཤེལ་གྱི་ནོར་བུ་བླངས་ནས་ཉི་མ་ལ་བཞག་སྟེ་ལྕི་བ་སྐམ་པོ་ནོར་བུ་དང་མི་རིང་བར་བསྟེན་པ་ལས་མེ་འབྱུང་བར་འགྱུར་བ། ལྕི་བ་དང་། ཉི་མའི་འོད་སོ་སོ་ནས་མེ་འབྱིན་པར་མི་ནུས་ཀྱང་ཕན་ཚུན་མི་འབྲལ་བས་རྒྱུ་དང་། རྐྱེན་གྱི་སྟོབས་ཀྱིས་མེ་འབྱུང་བར་བྱེད་དོ། །ཕ་མ་ལས་བྱུང་བའི་ལུས་ཀྱང་དེ་བཞིན་ཏེ། འདི་ལྟ་སྟེ། མེར་མེར་པོའི་ལུས་གང་ཡིན་པ་དེ་ནི། གཟུགས་ཞེས་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱས་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི། མིང་ཞེས་བྱ་སྟེ། མིང་དང་གཟུགས་ཀྱི་ཕུང་པོ་ལྔ་པོས་སྐད་ཅིག་མ་གཅིག་ལ་ལུས་བླངས་ནས་སྡུག་བསྔལ་མྱོང་བར་བྱེད་པ་ལ་ཡང་ངས་བསྔགས་པ་རྗོད་པར་མི་བྱེད་ན། ཡུན་རིང་པོར་སྲིད་པ་རྣམས་སུ་འཁོར་བར་འགྱུར་ལ་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་སྟེ། དཔེར་ན། མི་གཙང་བ་ནི། ཉུང་ཡང་མནར་ན། མང་པོ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བས་ན་མེར་མེར་པོའི་ལུས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་སུ་ཞིག་སྲེད་ཅིང་ཆགས་པར་བྱེད། གཞན་ཡང་དགའ་བོ། འདི་ལྟར་ལུས་དེ་མའི་མངལ་ན་གནས་པ་ཡང་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ལོན་ནས་གདོད་འབྱུང་བར་འགྱུར་ཏེ། 
          ཞག་བདུན་ཕྲག་དང་པོ་ལ་མའི་མངལ་ན་གནས་པ་གང་ཡིན་པ་དེ་ནི། མེར་མེར་པོ་ཞེས་བྱ་སྟེ། ལུས་ཀྱི་མཚན་མ་དང་པོར་སྣང་བ་ཡིན་པས། འདི་ལྟ་སྟེ། དཔེར་ན། ཞོ་མ་ཆགས་པ་དང་འདྲ་བས་ཞག་བདུན་གྱི་བར་དུ་མངལ་གྱི་ནང་དུ་བཙོས། 
རབ་ཏུ་བཙོས་ནས་འབྱུང་བ་ཆེན་པོ་བཞི་མཐར་གྱིས་མངོན་པར་འགྲུབ་པར་བྱེད་དོ། །
          ཞག་བདུན་ཕྲག་གཉིས་པ་ལ་མའི་མངལ་དུ་གནས་པའི་ཚེ་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། ཀུན་སྡུད་ཅེས་བྱ་སྟེ། རླུང་ཤིན་ཏུ་ཕྲ་མོ་དེས་མའི་རྩིབ་ལོགས་གཡོན་པ་དང་། གཡས་པ་བུས་ཏེ་མེར་མེར་པོའི་ལུས་ཀྱི་མཚན་མ་རིམ་གྱིས་སྣང་བར་བྱེད་པས། དེའི་དབྱིབས་ཞོ་བསྐ་བའམ། མར་འཁྱགས་པ་འདྲ་སྟེ། མངལ་གྱི་ནང་དུ་བཙོས། རབ་ཏུ་བཙོས་པས་ནུར་ནུར་པོའི་ལུས་སུ་གྱུར་ནས་འདི་ལྟར་འབྱུང་བ་ཆེན་པོ་བཞི་པོ་དག་མཐར་གྱིས་མངོན་པར་འགྲུབ་པར་བྱེད་དོ། །
          ཞག་བདུན་ཕྲག་གསུམ་པ་ལ་མའི་མངལ་དུ་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། མཛོད་ཁ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་ནུར་ནུར་པོ་གང་ཡིན་པ་དེ་མཐར་གྱིས་མཁྲེགས་ཤིང་ལྟར་ལྟར་པོར་བྱེད་པས་དེའི་དབྱིབས་ནི། སྨན་བརྡུངས་པའི་གཏུན་བུ་འདྲ་ལ་ཐུང་ཞིང་ཆུང་སྟེ་མངལ་གྱི་ནང་དུ་བཙོས། རབ་ཏུ་བཙོས་པས་འདི་ལྟར་འབྱུང་བ་ཆེན་པོ་བཞི་པོ་འདི་དག་མཐར་གྱིས་འབྲེལ་བར་བྱེད་དོ། །
          ཞག་བདུན་ཕྲག་བཞི་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། ནང་རབ་ཏུ་འབྱེད་པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་ལྟར་ལྟར་པོ་གང་ཡིན་པ་དེ་ནི། མཁྲང་བར་བྱེད་པས། དེའི་དབྱིབས་ནི། མཆིག་གུ་འདྲ་བ་སྟེ། ནང་དུ་བཙོས། རབ་ཏུ་བཙོས་པས་འབྱུང་བ་ཆེན་པོ་བཞི་པོ་མཐར་གྱིས་འཕེལ་བར་བྱེད་དོ། །
          ཞག་བདུན་ཕྲག་ལྔ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། ཡང་དག་པར་སྡུད་པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མཁྲང་འགྱུར་གང་ཡིན་པ་དེ་ནི། རྐང་ལག་འགྱུར་བ་སྒྱུར་བར་བྱེད་པས་གོར་གོར་པོ་གང་ཡིན་པ་དེ་ནི། རྣམ་པར་ཕྱེ་ནས་བརླ་གཉིས་དང་། དཔུང་པ་གཉིས་དང་། མགོའི་མཚན་མ་མངོན་དུ་འབྱུང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་དབྱར་གྱི་དུས་སུ་ཆར་འབབ་པའི་ཚེ་ལྗོན་ཤིང་རྣམས་ཡལ་ག་དང་། འདབ་མ་སྐྱེད་པར་བྱེད་པ་དེ་བཞིན་དུ་ལས་ཀྱི་རླུང་གི་སྟོབས་ཀྱིས་ཀྱང་ལུས་ཀྱི་མཚན་མ་རྣམས་སྣང་བར་བྱེད་དོ། །
          ཞག་བདུན་ཕྲག་དྲུག་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། ཟས་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མཚན་མ་བཞི་འབྱུང་བར་བྱེད་དོ། །བཞི་གང་ཞེ་ན་འདི་ལྟ་སྟེ། པུས་མོ་གཉིས་དང་། དཔུང་པ་གཉིས་གང་ཡིན་པ་དེ་ནི་མཚན་མ་རྣམ་པ་བཞི་ཞེས་བྱའོ། །
ཞག་བདུན་ཕྲག་བདུན་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་འཁྱིལ་བར་བྱེད་པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མཚན་མ་རྣམ་པ་བཞི་འབྱུང་བར་བྱེད་དེ། འདི་ལྟ་སྟེ། ལག་པའི་མཐིལ་གཉིས་དང་། རྐང་པའི་མཐིལ་གཉིས་ཏེ་དེའི་མཚན་མ་ནི་ཤིན་ཏུ་མཉེན་པས་དབུ་བ་འདུས་པ་དང་འདྲའོ། །
          ཞག་བདུན་ཕྲག་བརྒྱད་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། ཟློག་ཅིང་སྒྱུར་བར་བྱེད་པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མཚན་མ་ཉི་ཤུ་འབྱུང་བར་བྱེད་དེ། འདི་ལྟ་སྟེ། ལག་པ་དང་། རྐང་པའི་སོར་མོའི་མཚན་མ་ཉི་ཤུ་འབྱུང་བར་བྱེད་པ་གང་ཡིན་པའོ། །
དེ་ནི་འདི་ལྟ་སྟེ་དཔེར་ན་དབྱར་ཆར་འབབ་པའི་ཚེ་ལྗོན་ཤིང་རྣམས་ཀྱི་ཡལ་ག་དང་། འདབ་མ་མཐར་གྱིས་སྐྱེས་ཤིང་འཕེལ་བར་བྱེད་པ་དེ་བཞིན་དུ་ལས་ཀྱི་རླུང་གི་སྟོབས་ཀྱིས་ཀྱང་མཚན་མ་རྣམས་མངོན་དུ་སྣང་བར་བྱེད་དོ། །
          ཞག་བདུན་ཕྲག་དགུ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། རྣམ་པར་འབྱེད་པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མཚན་མ་རྣམ་པ་དགུ་འབྱུང་བར་བྱེད་དོ། །དགུ་གང་ཞེ་ན་འདི་ལྟ་སྟེ། མིག་གཉིས་དང་། རྣ་བ་གཉིས་དང་། སྣ་གཉིས་དང་། ཁ་དང་། བཤང་བ་དང་། གཅི་བའི་གནས་གང་ཡིན་པ་དེ་དག་ནི། མཚན་མ་རྣམ་པ་དགུ་ཞེས་བྱའོ། །
          ཞག་བདུན་ཕྲག་བཅུ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། སྲ་བར་བྱེད་པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་སྲ་ཞིང་བརྟན་པར་བྱེད་དོ། །གཞན་ཡང་དེའི་ཚེ་ཀུན་ནས་སྒོ་ཞེས་བྱ་བའི་རླུང་འབྱུང་སྟེ། དེས་མངལ་ན་གནས་པའི་ལུས་བུས་པས་ལུས་ཀུན་ཏུ་རྒྱས་ཤིང་གང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་རྐྱལ་པ་གང་བ་ཇི་ལྟ་བ་བཞིན་ནོ། །
          ཞག་བདུན་ཕྲག་བཅུ་གཅིག་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། རྡོ་རྗེ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མངལ་ན་གནས་པ་དེ་སྟེང་དང་། འོག་གི་ཕྱོགས་སུ་འགྲོ་ཞིང་ལུས་ཀྱི་བུ་ག་རྣམས་འབྱིན་པར་བྱེད་དོ། །གཞན་ཡང་རླུང་དེའི་སྟོབས་ཀྱིས་མ་དེ་རེས་འགའ་དགའ་བ་དང་། མི་དགའ་བར་ཡང་བྱེད། འགྲོ་བ་དང་འགྲེང་བ་དང་འདུག་པ་དང་ཉལ་བ་ན་ཡང་དེའི་རང་བཞིན་དུ་འགྱུར་ཞིང་རྐང་ལག་སྐྱེད་པར་ཡང་བྱེད་པས་མངལ་ན་གནས་པའི་བུ་ག་རྣམས་མཐར་གྱིས་སྐྱེ་ཞིང་འཕེལ་བར་ཡང་བྱེད་ལ། དེའི་ཁ་ནས་ཁྲག་ནག་པོ་ཡང་འབྱུང་བར་འགྱུར། སྣ་ནས་ཀྱང་ཆུ་མི་གཙང་བ་འབྱུང་བར་འགྱུར་ཏེ། རླུང་དེས་དབང་པོ་རྣམས་བཟློག་ནས་དེ་ནས་ཞི་བར་འགྱུར་རོ། །
          ཞག་བདུན་ཕྲག་བཅུ་གཉིས་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། ཡོན་པོའི་སྒོ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་རྩིབ་ལོགས་གཡས་གཡོན་གྱི་ནང་ཁྲོལ་གྱི་རྒྱུ་མ་ཆེ་ཆུང་རྣམས་སྐྱེད་པར་བྱེད་དེ། དེ་ནི་འདི་ལྟ་སྟེ། དཔེར་ན་པདྨའི་རྩ་བ་ཤད་ཤད་པོའམ་སྐུད་པ་གྲིམས་པ་ས་ལ་བཞག་པ་ལྟ་བུར་ལན་བཅོ་བརྒྱད་འཁོར་བར་ལུས་ལ་བརྟེན་ཏེ་གནས་སོ། །དེའི་ཚེ་གཞན་ཡང་སྤུ་བ་རྒྱུས་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེའི་དབང་གིས་ཚིགས་ཀྱི་ཡན་ལག་སུམ་བརྒྱ་ཉི་ཤུ་དང་། གནད་བརྒྱ་རྩ་གཅིག་ལུས་ལ་གནས་པར་འགྱུར་རོ། །
ཞག་བདུན་ཕྲག་བཅུ་གསུམ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། བཀྲེས་ཤིང་སྐོམ་པར་བྱེད་པ་ཞེས་བྱ་སྟེ་རླུང་དེའི་སྟོབས་ཀྱིས་མངལ་གྱི་ལུས་དེ་ཉམ་ཆུང་ཞིང་བཀྲེས་པ་དང་སྐོམ་པའི་འདུ་ཤེས་སྐྱེད་པར་བྱེད་པས་དེའི་ཚེ་མས་ཟོས་ཤིང་འཐུང་བའི་རོ་ཇི་སྙེད་པ་དག་ལུས་ཀྱི་གནད་དང་། ལྟེ་བའི་དཀྱིལ་འཁོར་ཡོངས་སུ་འཛིན་ཅིང་ཕན་འདོགས་པར་བྱེད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་དེ་བཀའ་བསྩལ་པ། བུ་ནི་མ་མངལ་གནས་པ་ན། མངལ་གནས་དེ་ལ་ཕན་འདོགས་པས། དེས་ན་ལུས་སྲོག་རབ་གནས་ཤིང་། རིམ་གྱིས་སྐྱེ་དང་འཕེལ་བར་བྱེད། མས་ནི་ཟོས་ཤིང་བཏུངས་པ་དག། མངལ་ན་གནས་ལ་ཕན་འདོགས་པས། རིམ་གྱིས་སྐྱེ་དང་འཕེལ་བར་བྱེད། 
          ཞག་བདུན་ཕྲག་བཅུ་བཞི་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། སྐུད་པའི་སྒོ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་རྩ་རྒྱུས་དགུ་བརྒྱ་བསྐྱེད་ནས་ལུས་ཀྱི་མདུན་དང་། རྒྱབ་དང་གཡས་གཡོན་སྣོལ་མར་གཡོག་པར་བྱེད་དོ། །
ཞག་བདུན་ཕྲག་བཅོ་ལྔ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། །པདྨ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་རྩ་རྒྱུ་བ་ཉི་ཤུ་བསྐྱེད་ནས་བཟའ་བ་དང་བཏུང་བའི་རོ་གང་ཡིན་པ་རྩ་འདི་བཞུགས་ནས་ལུས་ལ་ཕན་འདོགས་པར་བྱེད་དོ། །ཉི་ཤུ་གང་ཞེ་ན་ལུས་ཀྱི་མདུན་དང་རྒྱབ་དང་གཡས་གཡོན་རེ་རེ་ལ་ཡང་རྩ་ལྔ་ལྔ་ཡོད་དེ། རྩ་འདི་དག་རེ་རེ་ལ་ཡང་རྩ་ཕྲ་མོའི་ཡན་ལག་བཞི་བཅུ་བཞི་བཅུ་ཡོད་དོ། །རྩ་དེ་དག་རེ་རེ་ལ་ཡང་ཡན་ལག་བརྒྱ་བརྒྱ་ཡོད་དོ། །ལུས་ཀྱི་མདུན་ན་ཡོད་པ་ཉི་ཁྲི་ནི་ས་ག་ཞེས་བྱའོ། །ལུས་ཀྱི་རྒྱབ་ན་ཡོད་པ་ཉིས་ཁྲི་ནི་སྟོབས་ཞེས་བྱའོ། །ལུས་ཀྱི་གཡོན་ཕྱོགས་ན་ཡོད་ན་ཉིས་ཁྲི་ནི་བརྟན་པ་ཞེས་བྱའོ། །ལུས་ཀྱི་གཡས་ཕྱོགས་ན་ཡོད་པ་ཉིས་ཁྲི་ནི་མཐུ་དང་ལྡན་པ་ཞེས་བྱ་སྟེ། དེ་ལྟར་ན་རྩའི་ཡན་ལག་ཆེ་ཕྲ་བརྒྱད་ཁྲི་ལུས་དེ་ལ་སྐྱེ་བར་འགྱུར་རོ། །རྩ་དེ་དག་ཀྱང་ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་ཏེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། མར་དང་། ཞོ་དང་། འབྲུ་མར་གྱི་ཁ་དོག་གོ། རྩ་བརྒྱད་ཁྲི་པོ་དེ་དག་རེ་རེ་ལ་ཡང་རྩ་བ་རེ་རེ་ཡོད་དེ། རྩ་བ་རེ་རེ་ལ་ཡང་བུ་ག་སྣ་ཚོགས་ཡོད་དེ། བུ་ག་གཅིག་དང་བུ་ག་གཉིས་ནས་བུ་ག་བདུན་པའི་བར་དང་ལྡན་ཏེ། རེ་རེ་ཡང་སྤུའི་བུ་ག་དང་ཕན་ཚུན་འབྲེལ་ཏེ། དེ་ནི་དཔེར་ན་པདྨའི་རྩ་བ་ལ་བུ་ག་མང་པོ་ཡོད་པ་ཇི་ལྟ་བ་བཞིན་ནོ། །
          ཞག་བདུན་ཕྲག་བཅུ་དྲུག་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། བདུད་རྩི་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་མིག་དང་། རྣ་བ་དང་། སྣ་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་སྙིང་པོའི་ཁོ་ར་ཁོར་ཡུག་གི་བུ་ག་དགུ་པོ་དེ་དག་རྣམ་པར་ཕྱེ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་སྟེ་སྟེང་དང་འོག་ཏུ་རྒྱུ་ཞིང་ཐོགས་པ་མེད་པ་དང་། བཟའ་བ་དང་། བཏུང་བ་ཟོས་ཤིང་འཐུང་བ་གང་ཡིན་པ་དེ་དག་ཀྱང་ལུས་ལ་ཕན་འདོགས་ཤིང་བསགས་པའི་གནས་ཡོད་པ་དང་། ལེགས་པར་བཞུགས་ནས་འོག་གི་ཕྱོགས་སུ་འབྱུང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་རྫ་མཁན་ནམ་རྫ་མཁན་གྱི་སློབ་མ་མཁས་པས་འཇིམ་པ་ལེགས་པར་སྦྱར་ཏེ་འཁོར་ལོའི་སྟེང་དུ་བཞག་ནས་འོག་དང་སྟེང་དུ་བསྒྱུར་ཞིང་སྣོད་ཀྱི་རྣམ་པ་མངོན་པར་འདུས་བྱས་ནས་མངོན་པར་གྲུབ་པ་དེ་བཞིན་དུ་འདི་ཡང་རླུང་གི་སྟོབས་དང་། དགེ་བ་དང་མི་དགེ་བའི་ལམ་གྱི་མགོ་དང་། རྣ་བ་ལ་སོགས་པ་རིམ་གྱིས་ཡོངས་སུ་རྫོགས་པར་བྱེད་དོ། །
          ཞག་བདུན་ཕྲག་བཅུ་བདུན་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། འབྲི་གདོང་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་མིག་གཉིས་ཀུན་ཏུ་དྭངས་པ་དང་། རྣ་བ་དང་། སྣའི་དབང་བོ་ལ་སོགས་པ་ཡང་རིམ་གྱིས་ཡོངས་སུ་སྨིན་པར་བྱེད་དེ། འདི་ལྟ་སྟེ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་རྡུལ་གྱིས་གཡོགས་པ་སའི་ཕྱེ་མ་དང་འབྲུ་མར་དང་ཐལ་བ་བླངས་ཏེ་བྱི་དོར་བྱས་ན། ཡོངས་སུ་གསལ་བར་འགྱུར་བ་དེ་བཞིན་དུ་ལས་ཀྱི་རླུང་གི་སྟོབས་ཀྱིས་མིག་ལ་སོགས་པ་བུས་ནས་མིག་ལ་སོགས་པ་ཀུན་ཏུ་དྭངས་པར་བྱེད་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །
ཞག་བདུན་ཕྲག་བཅོ་བརྒྱད་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་བརྟན་པར་འགྱུར་བ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་དབང་པོ་རྣམས་མཐར་གྱིས་ཡོངས་སུ་སྨིན་ཅིང་གསལ་བ་དང་མཐར་གྱིས་ཡོངས་སུ་དག་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་སྤྲིན་དང་ཁུག་སྣ་རྣམས་ཀྱིས་བསྒྲིབས་ཤིང་ཁེབས་པར་གྱུར་པ་གློ་བུར་དུ་རླུང་དྲག་པོ་ལངས་ཏེ་བུས་ནས་ཕྱོགས་བཞིར་གཏོར་བར་གྱུར་ན། ཉི་མ་དང་ཟླ་བའི་དཀྱིལ་འཁོར་དེ་ཤིན་ཏུ་ཡོངས་སུ་གསལ་བར་འགྱུར་བ་དེ་བཞིན་དུ་འདི་ལྟར་ལས་ཀྱི་དབང་པོ་རྣམས་བུས་པས་ཆེས་ཤིན་ཏུ་གསལ་ཞིང་ཡོངས་སུ་དག་པར་བྱེད་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །
          ཞག་བདུན་ཕྲག་བཅུ་དགུ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་སྔ་མའི་རླུང་གི་སྟོབས་ཀྱིས་མིག་དང་རྣ་བ་དང་སྣ་དང་ལྕེའི་དབང་པོ་བཞི་པོ་དག་ཡོངས་སུ་སྨིན་པར་བྱེད་དོ། །དང་པོ་མངལ་དུ་འཇུག་པའི་ཚེ་ནི་དབང་པོ་གསུམ་དང་ལྡན་ཏེ་ལུས་ཀྱི་དབང་པོ་དང་སྲོག་གི་དབང་པོ་དང་ཡིད་ཀྱི་དབང་པོ་སྟེ། དེ་ལྟར་དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །
          ཞག་བདུན་ཕྲག་ཉི་ཤུ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། ཤིན་ཏུ་སྲ་བ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་ལུས་ལས་རུས་པ་སྣ་ཚོགས་སྐྱེད་པར་བྱེད་དེ། རྐང་པ་གཡོན་པ་ལ་བརྟེན་ཏེ་རུས་པ་ཉི་ཤུ་བསྐྱེད་དོ། །རྐང་པ་གཡས་པ་ལ་བརྟེན་ཏེ་རུས་པ་ཉི་ཤུ་བསྐྱེད་དོ། །གཞན་ཡང་རྐང་པའི་རྟིང་པའི་རུས་པ་བཞི་དང་རྗེ་ངར་གྱི་རུས་པ་གཉིས་དང་ལྷ་ངའི་རུས་པ་གཉིས་དང་བརླའི་རུས་པ་གཉིས་དང་། རྐེད་པ་དང་དཔྱིའི་རུས་པ་གསུམ་གསུམ་དང་སྒལ་ཚིགས་ཀྱི་རུས་པ་བཅོ་བརྒྱད་དང་། རྩིབ་མའི་རུས་པ་ཉི་ཤུ་རྩ་བཞི་དང་བྲང་གི་རུས་པ་སུམ་ཅུ་དང་། ལག་པ་གཡས་གཡོན་རེ་རེ་ལ་རུས་པ་ཉི་ཤུ་དང་། ལག་ངར་གྱི་རུས་པ་བཞི་དང་དཔུང་པའི་རུས་པ་གཉིས་དང་འགྲམ་པའི་རུས་པ་གཉིས་དང་། མགོའི་རུས་པ་བཞི་དང་སོའི་རྩ་བའི་རུས་པ་སུམ་ཅུ་རྩ་གཉིས་ཀྱང་སྐྱེད་པར་བྱེད་དོ། །འདི་ལྟ་སྟེ། དཔེར་ན་གཟུགས་མཁན་ནམ་གཟུགས་མཁན་གྱི་སློབ་མ་མཁས་པས་སྔར་ཤིང་སྲ་བ་བླངས་ཏེ་ཕྱིས་སྲད་བུས་བཅིངས་ནས་གཟུགས་བརྡ་རྙིང་པ་རྣམས་བྱས་པ་ལ་འཇིམ་པ་མ་བསྐུས་མོད་ཀྱི། འོན་ཀྱང་དེའི་ཚེ་རུས་པའི་མཚན་ཉིད་ཅེས་བརྗོད་པ་དེ་བཞིན་དུ་ལས་ཀྱི་རླང་[རླུང]གི་སྟོབས་ཀྱིས་རུས་པ་རྣམས་བསྐྱེད་པའི་དུས་ཀྱི་ཚེ་ཡང་དེ་བཞིན་ཏེ། དེ་ལྟ་བས་ན་ཞག་བདུན་ཕྲག་བདུན་པོ་དེ་དག་ཏུ་རུས་པ་ཕྲ་མོ་མ་གཏོགས་པར་རུས་པ་ཆེན་པོ་སྐྱེ་བའི་གྲངས་ནི་ཉིས་བརྒྱ་ཡོད་པར་རིག་པར་བྱའོ། །
          ཞག་བདུན་ཕྲག་ཉི་ཤུ་གཅིག་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། ཡང་དག་སྐྱེད་པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མངལ་ན་གནས་པ་དེའི་ལུས་ཀྱི་ཤ་སྐྱེད་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ཞལ་ཞལ་མཁན་ནམ་ཞལ་ཞལ་མཁན་གྱི་སློབ་མས་འཇིམ་པ་ལེགས་པར་སྦྱངས་ནས་རྩིག་པ་རྣམས་ལ་ཞལ་ཞལ་བྱེད་པ་དེ་བཞིན་དུ་ལས་ཀྱི་རླུང་གི་དབང་གིས་དེའི་ལུས་ཀྱི་ཤ་སྐྱེད་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །
          ཞག་བདུན་ཕྲག་ཉི་ཤུ་གཉིས་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་ཀུན་ཏུ་རྒྱལ་བ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་ལུས་ཀྱི་ཁྲག་སྐྱེད་པར་བྱེད་དོ། །
          ཞག་བདུན་ཕྲག་ཉི་ཤུ་གསུམ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། ཡོངས་སུ་དག་པར་འཛིན་པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་ལུས་ཀྱི་པགས་པ་སྐྱེད་པར་བྱེད་དོ། །
          ཞག་བདུན་ཕྲག་ཉི་ཤུ་བཞི་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། སྤྲིན་འཛིན་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་ལུས་ཀྱི་ལག་པ་རྐྱོང་ཞིང་མདོག་དང་ལྡན་པར་བྱེད་དོ། །
          ཞག་བདུན་ཕྲག་ཉི་ཤུ་ལྔ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། གྲོང་ཁྱེར་འཛིན་ཅེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མངལ་ན་གནས་པ་དེའི་ལུས་ལ་ཤ་དང་ཁྲག་འཕེལ་ཞིང་རིམ་གྱིས་རབ་ཏུ་དང་བར་བྱེད་དོ། །
          ཞག་བདུན་ཕྲག་ཉི་ཤུ་དྲུག་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། སྐྱེ་བ་མངོན་པར་གྲུབ་པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་སྐྲ་དང་སྤུ་དང་སེན་མོ་རྣམས་བསྐྱེད་ནས་ཐམས་ཅད་རྩ་རྒྱུས་རྣམས་དང་འབྲེལ་བར་བྱེད་དོ། །
          ཞག་བདུན་ཕྲག་ཉི་ཤུ་བདུན་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། སྨན་ཡོན་ཆེན་པོ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་ལུས་ཀྱི་མཚན་མ་རྣམས་མཐར་གྱིས་མངོན་པར་འགྲུབ་པར་བྱེད་དོ། །གང་ཚེ་རབས་སྔ་མ་ལ་སྡིག་པ་མི་དགེ་བའི་ལས་རྣམས་མངོན་པར་འདུས་བྱས་ཤིང་ཡོ་བྱད་རྣམས་ལ་སེར་སྣས་ཕངས་ཤིང་སྦྱིན་པ་གཏོང་བར་མི་བྱེད་པ་དང་། ཕ་མ་དང་མཁན་པོ་དང་བླ་མའི་གནས་རྣམས་ཀྱིས་རྗེས་སུ་བསྟན་པ་ཉན་པར་མི་བྱེད་པ་ཞིག་ཡིན་ན་ནི། ལས་དེའི་དབང་གིས་ཡིད་དུ་མི་འོང་བའི་གཟུགས་རྣམ་པ་སྣ་ཚོགས་ཐོབ་པར་འགྱུར་བས། གལ་ཏེ་ལུས་རིང་ཞིང་སྦོམ་པ་དང་ཚོ་ཞིང་དཀར་བ་དང་མཉེན་པ་གང་ཡིན་པ་དེས་མཛེས་པར་གྱུར་ན་ནི། ལུས་ཐུང་ཞིང་ཕྲ་བ་དང་རིད་ཅིང་གནག་པ་དང་རྩུབ་པ་དག་ཐོབ་པར་བྱེད་དོ། །
          གལ་ཏེ་ལུས་ཐུང་ཞིང་ཕྲ་བ་དང་རིད་ཅིང་གནག་པ་དང་རྩུབ་པ་གང་ཡིན་པ་དེས་མཛེས་པར་གྱུར་ན་ནི། ལུས་རིང་ཞིང་སྦོམ་པ་དང་ཚོ་ཞིང་དཀར་བ་དང་ཤིན་ཏུ་མཉེན་པ་དག་ཐོབ་པར་བྱེད་དོ། །གལ་ཏེ་ལུས་ཀྱི་ཡན་ལག་མཐོ་བ་དང་དམའ་བ་དང་མང་བ་དང་ཉུང་བ་དང་ཐགས་བཟང་བ་དང་ཐགས་ངན་པས་མཛེས་པར་གྱུར་ན་ནི། མཐོ་བ་དང་དམའ་བ་དང་མང་བ་དང་ཉུང་བ་དང་ཐགས་བཟང་བ་དང་ཐགས་ངན་པ་དང་། མི་ལྡན་པའི་ལུས་ཡང་དག་པར་ལེན་པར་བྱེད་དོ། །གཞན་ཡང་འོན་པ་དང་ལོང་པ་དང་ལྐུགས་པ་དང་རྐང་ལག་འཕྱེ་ཞིང་འགྲོ་བ་དང་། དབང་པོ་རྣམས་མ་ཚང་བ་དང་། ཚིག་སྨྲས་པ་གཞན་གྱིས་ཉན་པར་མི་འདོད་པ་དང་། ལུས་མི་སྡུག་ཅིང་ཡི་དྭགས་དང་འདྲ་བ་ཡང་ཡང་དག་པར་ལེན་པར་འགྱུར་ཏེ། སྡིག་པ་མི་དགེ་བའི་ལས་ཀྱི་དབང་གིས་ཡིད་དུ་མི་འོང་བའི་ལུས་རྣམ་པ་སྣ་ཚོགས་ལེན་པར་འགྱུར་བས། ཕ་མ་དང་ཉེ་བཤེས་རྣམས་ཀྱིས་ཀྱང་མཐོང་བར་མི་འདོད་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། གལ་ཏེ་ཚེ་རབས་སྔ་མ་ལ་དགེ་བ་བཅུའི་ལས་མངོན་པར་འདུས་བྱས་ཤིང་སྦྱིན་པ་ལེགས་པར་བཏང་བ་དང་། སེར་སྣ་དང་། གཡོ་སྒྱུའི་བསམ་པ་མེད་པ་དང་ཕ་མ་དང་མཁན་པོ་དང་བླ་མའི་གནས་རྣམས་ཀྱིས་རྗེས་སུ་བསྟན་པ་དག་ལ་མངོན་པར་ཡིད་ཆེས་ཤིང་ཡང་དག་པར་བླངས་པ་ཞིག་ཡིན་ན་ནི། རྒྱུ་དང་རྐྱེན་དེས་གལ་ཏེ་མིའི་ལུས་ཐོབ་པར་གྱུར་ན་ཡང་གོང་དུ་བསྟན་པ་ལྟ་བུའི་སྡིག་པ་མི་དགེ་བའི་ལས་ལས་མངོན་པར་གྲུབ་པའི་ལུས་ལེན་པར་མི་འགྱུར་ཞིང་མྱ་ནོན་སྣ་ཚོགས་དང་ལྡན་པའི་ལུས་ཐོབ་པར་འགྱུར་བས། བྱད་བཞིན་མཛེས་པ་དང་མཚན་རྣམས་དང་ལྡན་ཞིང་སྨྲས་པ་རྣམས་མང་པོ་ཀུན་གྱིས་མཉན་པར་འདོད་པའི་འོས་སུ་འགྱུར་ཏེ། དེ་ལྟ་བས་ན་དགེ་བའི་ལས་ཀྱི་དབང་གིས་ཁྱད་པར་དུ་འཕགས་པའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟ་བུ་ཐོབ་པར་འགྱུར་བར་རིག་པར་བྱའོ། །དགའ་བོ། དེ་ལྟ་བུའི་ལུས་དེ་ཡང་གལ་ཏེ་ཕོ་ཡིན་ན་ནི་མའི་མངལ་ན་གཡས་ཕྱོགས་སུ་ཙོག་པུར་འདུག་ལ་ལག་པ་གཉིས་ཀྱིས་གདོང་གཡོགས་ནས་མའི་སྒལ་ཚིགས་ལོགས་སུ་བལྟས་ཏེ་འདུག་གོ། གལ་ཏེ་མོ་ཡིན་ན་ནི་རྩིབ་ལོགས་གཡོན་ཕྱོགས་སུ་ཙོག་པུར་འདུག་གོ། ལག་པ་གཉིས་ཀྱིས་གདོང་གཡོགས་ཏེ་མའི་ལྟོ་བ་ལ་ཁ་བལྟས་ནས་མ་ཞུ་བའི་གནས་ཀྱི་ནི། འོག་ཞུ་བའི་གནས་ཀྱི་ནི། སྟེང་ན་ནང་དུ་བཙོས་རབ་ཏུ་བཙོས་ཤིང་གནས་ལྔ་ཀུན་ཏུ་བཅིངས་པས་འདི་ལྟ་སྟེ། དཔེར་ན། རྩྭའི་རྐྱལ་པའི་ནང་ན་འདུག་པ་དང་འདྲའོ། །གལ་ཏེ་དེའི་མས་ཤིན་ཏུ་མང་དུ་ཟོས་སམ་ཤིན་ཏུ་ཉུང་དུ་ཟོས་སམ། གལ་ཏེ་ཟས་ཤིན་ཏུ་མངར་བའམ་ཤིན་ཏུ་རྩུབ་པའམ་ཤིན་ཏུ་བསྐ་བའམ་ཤིན་ཏུ་སྣུམ་པའམ་ཤིན་ཏུ་ལན་ཚྭ་བྲོ་བའམ་ཤིན་ཏུ་ཁ་བའམ་ཤིན་ཏུ་སྐྱུར་བའམ་ཤིན་ཏུ་གྲང་བའམ་ཤིན་ཏུ་ཚ་བ་དག་ཟོས་པར་གྱུར་ཏམ། གཞན་ཡང་འདོད་ཆགས་སྤྱད་པར་གྱུར་ཏམ་དྲག་ཏུ་སོང་ངམ་མཆོང་བ་བྱས་སམ་ཡུན་རིང་དུ་ཉལ་ལམ་ཡུན་རིང་དུ་འདུག་པར་གྱུར་ན་ཡང་མངལ་ན་གནས་པ་དེ་སྡུག་བསྔལ་མྱོང་བར་འགྱུར་ཏེ། དེ་ལྟ་བས་ན་མའི་མངལ་ན་གནས་པའི་ཚེ་སྡུག་བསྔལ་མང་པོ་དག་གིས་རབ་ཏུ་གཟིར་བར་རིག་པར་བྱའོ། །ངས་མིར་གྱུར་པའི་སྡུག་བསྔལ་མདོ་ཙམ་དུ་བསྟན་པ་ཡང་དེ་འདྲ་ན། སེམས་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་དཔེ་བྱར་དཀའ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མཁས་པ་སུ་ཞིག་འཁོར་བའི་རྒྱ་མཚོར་ལུས་འདི་ལྟ་བུ་ལ་རབ་ཏུ་མོས་པར་བྱེད། 
          ཞག་བདུན་ཕྲག་ཉི་ཤུ་བརྒྱད་པ་ལ་མའི་མངལ་ན་གནས་པའི་ཚེ་ཕྱིན་ཅི་ལོག་གི་འདུ་ཤེས་རྣམ་པ་བརྒྱད་འབྱུང་བར་འགྱུར་ཏེ། བརྒྱད་གང་ཞེ་ན་བཞོན་པའི་འདུ་ཤེས་དང་ཁང་བུ་བརྩེགས་པའི་འདུ་ཤེས་དང་ཁྲི་སྟན་གྱི་འདུ་ཤེས་དང་ཆུ་མིག་གི་འདུ་ཤེས་དང་རྫིང་གི་འདུ་ཤེས་དང་ཆུ་བོའི་འདུ་ཤེས་དང་ཀུན་དགའ་ར་བའི་འདུ་ཤེས་དང་སྐྱེད་མོས་ཚལ་གྱི་འདུ་ཤེས་ཏེ། འདི་ནི་འདུ་ཤེས་རྣམ་པ་བརྒྱད་ཅེས་བྱའོ། །
          ཞག་བདུན་ཕྲག་ཉི་ཤུ་དགུ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། མེ་ཏོག་ཕྲེང་བ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མངལ་ན་གནས་པ་དེའི་ལུས་ཀྱི་པགས་པའི་མདོག་ཀུན་ཏུ་བཟང་ཞིང་མཚན་མ་རྣམས་རབ་ཏུ་གསལ་བར་བྱེད་དེ། ཐམས་ཅད་ཀྱང་འདས་པའི་དུས་སུ་ལས་རྣམས་མངོན་པར་འདུས་བྱས་པའི་བྱེ་བྲག་མི་མཚུངས་པས་རྣམ་པ་ཇི་ལྟ་བ་བཞིན་དུ་ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་པར་འགྱུར་བས་ཁ་ཅིག་ནི། ཁ་དོག་དཀར་པོར་འགྱུར། ཁ་ཅིག་ནི་ཁ་དོག་ནག་པོར་འགྱུར། ཁ་ཅིག་ནི་ཁ་དོག་དཀར་བ་ཡང་མ་ཡིན། ནག་པ་ཡང་མ་ཡིན་པར་འགྱུར། 
ཁ་ཅིག་ནི་ཁ་དོག་སྔོན་པོར་འགྱུར། ཁ་ཅིག་ནི་ཁ་དོག་རྩུབ་ཅིང་སྐམ་པར་འགྱུར། ཁ་ཅིག་ནི་ཁ་དོག་སྣུམ་པར་འགྱུར་ཏེ་འདི་ལྟ་བུའི་ཁ་དོག་གི་མཚན་ཉིད་དང་ལྡན་པར་འགྱུར་རོ། །
          ཞག་བདུན་ཕྲག་སུམ་ཅུ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། ལྕགས་ཀྱི་སྒོ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་སྐྲ་དང་སྤུ་དང་སེན་མོ་རྣམས་རབ་ཏུ་སྐྱེ་བ་དང་། ཁ་དོག་དཀར་ནག་རྣམས་རབ་ཏུ་གསལ་བར་བྱེད་དེ། ལས་ཀྱི་རྐྱེན་གྱིས་མཚན་མ་འདི་དང་འདི་དག་འབྱུང་བར་འགྱུར་རོ། །
          ཞག་བདུན་ཕྲག་སུམ་ཅུ་གཅིག་པ་ནས་ཞག་བདུན་ཕྲག་སུམ་ཅུ་ལྔ་པའི་བར་དུ་མའི་མངལ་ན་གནས་པའི་ཚེ་ནི་ལུས་ཀྱི་མཚན་མ་རྣམས་ཆེར་སྐྱེ་བར་འགྱུར་བས། མཐར་གྱིས་ལུས་ཀྱི་ཡན་ལག་ཕུན་སུམ་ཚོགས་ཤིང་ཡངས་པར་འགྱུར་རོ། །
          ཞག་བདུན་ཕྲག་སུམ་ཅུ་དྲུག་པ་ལ་མའི་མངལ་ན་གནས་པའི་ཚེ་ནི། དེ་འབྱུང་བའི་བསམ་པ་སྐྱེ་བས་མངོན་པར་མི་དགའ་བར་འགྱུར་རོ། །
          ཞག་བདུན་ཕྲག་སུམ་ཅུ་བདུན་པ་ལ་མའི་མངལ་ན་གནས་པའི་ཚེ་ནི། ཕྱིན་ཅི་ལོག་ཏུ་མ་གྱུར་པའི་འདུ་ཤེས་རྣམ་པ་ལྔ་འབྱུང་བར་འགྱུར་རོ། །ལྔ་གང་ཞེ་ན། མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་དང་། བཙོན་རའི་འདུ་ཤེས་དང་། མུན་ནག་གི་འདུ་ཤེས་དང་། ཡོངས་སུ་སྐྱོ་ནས་ཕྱིར་འབྱུང་བའི་འདུ་ཤེས་སྐྱེ་བ་གང་ཡིན་པ་སྟེ། མངལ་ན་གནས་པ་དེ་ཡོངས་སུ་སྐྱོ་བའི་བསམ་པ་དེ་ལྟ་བུ་དག་གང་སྐྱེ་བར་འགྱུར་རོ། །
          ཞག་བདུན་ཕྲག་སུམ་ཅུ་བརྒྱད་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི། ཐོགས་པའི་རྐྱེན་ཅེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེ་རབ་ཏུ་སྒྱུར་བར་བྱེད་དོ། །གཞན་ཡང་ཁ་ཐུར་དུ་ལྟ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། དེའི་མགོ་ཐུར་དུ་ལྟ་ཞིང་ལག་པ་གཉིས་བརྐྱང་སྟེ་མཐར་གྱིས་འབྱུང་བར་འདོད་པར་འགྱུར་རོ། །མངལ་ན་གནས་པ་དེ་གལ་ཏེ་ཚེ་རབས་སྔ་མ་ལ་མངལ་དུ་འཆི་བར་འགྱུར་བའི་ལས་བསགས་པ་ཞིག་ཡིན་ན་ནི། དེའི་ལག་པ་དང་རྐང་པ་སྣོལ་མར་གྱུར་ནས་བསྒྱུར་མི་ནུས་པས། སྡིག་པ་མི་དགེ་བའི་ལས་ཀྱི་རྐྱེན་གྱིས་མའི་མངལ་ཉིད་དུ་འཆི་བའི་དུས་བྱེད་པར་འགྱུར་ཏེ། 
          དེའི་མ་ཡང་དེའི་ཚེ་སྡུག་བསྔལ་ཆེན་པོ་མྱོང་བའམ་ཡང་ན་འཆི་བའི་དུས་བྱེད་པར་འགྱུར་རོ། །གལ་ཏེ་ཚེ་རབས་སྔ་མ་ལ་དགེ་བའི་ལས་རྣམས་མངོན་པར་འདུས་བྱས་ཤིང་ཚེ་རིང་པོར་འགྱུར་བའི་རྒྱུ་བསགས་པ་ཞིག་ཡིན་ན་ནི། བཙས་སུ་ཉེ་བའི་ཚེ་མ་དང་། བུ་གཉིས་ཀ་རབ་ཏུ་བདེ་ཞིང་། སྡིག་པ་མི་དགེ་བའི་ལས་ཀྱི་སྡུག་བསྔལ་གོང་མ་ལྟ་བུ་མེད་དོ། །
          ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་འདས་ནས་མངལ་ནས་འབྱུང་བར་འདོད་པའི་ཚེ་སྡུག་བསྔལ་སྣ་ཚོགས་མྱོང་ནས་གདོད་འབྱུང་བར་འགྱུར་བ་དེའི་ཕྱིར་ལུས་འདི་ལྟ་བུ་ལེན་པ་འདི་ནི། ཡང་དག་པར་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ། །
          དང་པོ་མངལ་ནས་འབྱུང་བའི་ཚེ་ཁྱེའུའམ་བུ་མོ་ཡང་རུང་སྟེ། ས་ལ་ལྷུང་མ་ཐག་ཏུ་ལག་པས་བཟུང་ངམ་གོས་ཀྱིས་བླངས་སམ་ཁྲི་ལ་བཞག་གམ། ཁང་པའི་ནང་དུ་བཞག་གམ་ས་ལ་བཞག་གམ་བླ་གབ་མེད་པར་བཞག་གམ། ཉི་མ་ལ་བཞག་གམ་དགུན་ནམ་དབྱར་གྱི་དུས་སུ་གྲང་བ་དང་། ཚ་བའི་རླུང་གིས་བཙས་མ་ཐག་པའི་ལུས་དེ་ལ་རེག་པར་གྱུར་ན་ཡང་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་བ་ལང་གསོན་པོར་བཤུས་པ་རྩིག་པ་ལ་རེག་གམ་བླ་གབ་མེད་པའི་ཐང་ལ་ལྷུང་པར་གྱུར་ན། སྲོག་ཆགས་དག་གིས་ཟ་བར་འགྱུར་བའམ། གཞན་ཡང་འདི་ལྟ་སྟེ། དཔེར་ན་མི་ཞིག་ལ་སྦྲང་བུ་མཆུ་རིང་རྣམས་ཀྱིས་ཟ་བ་ལ་ཡང་ལྕག་གིས་གཞུས་པ་དེ་བཞིན་དུ་དང་པོ་མངལ་ནས་འབྱུང་བའི་ཚེ་ཆུ་དྲོན་པོ་དག་གིས་ལུས་བཀྲུ་བའི་རེག་པའི་སྡུག་བསྔལ་མྱོང་བ་ཡང་དེ་དང་འདྲའོ། །བཙས་ནས་མཐར་གྱིས་ཆེར་གྱུར་པ་དང་མའི་ལུས་ལས་ཁྲག་དང་འདྲེས་པའི་ནུ་ཞོ་བྱུང་ནས་གསོ་བར་བྱེད་དོ། །ངས་སྔར་མདོ་སྡེ་གཞན་དག་ལས་རྒྱ་ཆེར་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་ལུས་འདི་ནི་མི་གཙང་བ་དང་སྡུག་བསྔལ་མང་པོ་ལས་མངོན་པར་གྲུབ་པ་ཡིན་པས་མཁས་པ་སུ་ཞིག་འཁོར་བ་ན་འདི་འདྲ་བའི་ལུས་ལ་རྗེས་སུ་ཆགས་པར་བྱེད། 
          ཅེས་རྒྱལ་བའི་དབང་པོ་སངས་རྒྱས་ཤཱཀྱ་ཐུབ་པས་མངལ་དུ་འཇུག་ཚུལ་ནས་བཙའ་བའི་བར་ཇི་ལྟ་བ་བཞིན་གསུངས་པ་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ཚེ་དང་ལྡན་པ་དགའ་བོ་ལ་མངལ་དུ་འཇུག་པ་བསྟན་པའི་ལེའུ་སྟེ། ལེའུ་བཅུ་གསུམ་ནང་གསལ་བར་བཞུགས་ཡོད་པས་རིག་པར་བྱའོ། །