བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་བྱུང་ཚུལ་མདོ་ཙམ་བརྗོད་པ།
སྤེལ་དུས 2018-02-05
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
བྱ་མདོ་ཀླུ་བྱམས་རྒྱལ་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།
འཛམ་གླིང་གི་ས་མཐོ་སྟེ་ཇོ་མོ་གླང་མའི་གཙུག་རྒྱན་གྱིས་མཛེས་པའི་ཁ་བ་རི་པའི་ལྗོངས་འདི་ལ། སྐུ་དྲིན་གཞལ་ཐབས་བྲལ་བའི་སྔོན་བྱོན་དམ་པ་དང་གནའ་བོའི་ཡབ་མེས་རྣམས་ཀྱིས་མཚོན་པའི་རང་རེའི་མི་རིགས་ཧྲིལ་བོའམ་མི་དམངས་ཐུན་མོང་ནས་གསར་གཏོད་དང་བསྐྲུན་གནང་མཛད་པའི་རིག་གནས་འོད་སྟོང་འབར་བ་དག་ཡོད་པ་ལས། མིའི་རིགས་ཀྱི་འཚོ་གནས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བདེ་རྩར་ཐུག་པའི་རིག་པའི་གནས་ཆེན་པོ་ལྔ་ཡི་ཡ་གྱལ་དུ་གྱུར་པའི་གསོ་དཔྱད་སྨན་གྱི་རིག་པ་དེ་བོད་རིགས་ཙམ་མ་ཟད། ད་དུང་སོག་པོ་སོགས་སྤུན་ཟླ་མི་རིགས་གཞན་དག་གི་འཚོ་གནས་ལའང་ལོ་རྒྱུས་རང་བཞིན་ལྡན་པའི་ལེགས་སྐྱེས་ཆེས་ཆེ་བ་ཕུལ་ཡོད་སྟབས་དེའི་སྙན་གྲགས་ཀྱང་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་ཁྱབ་སྟེ། དེང་སྐབས་ཨ་མེ་རི་ཀ་དང་། དབྱིན་ཇི། འཇར་པན། ཨུ་རུ་སུ། ཧྥ་རན་སི་སོགས་ཚན་རིག་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་ཏུའང་བོད་ལུགས་གསོ་རིག་གི་དགེ་མཚན་མཐོང་ནས་དེ་ལ་སློབ་སྦྱོང་དང་ཞིབ་འཇུག་བཅས་བྱེད་ཀྱི་ཡོད་པ་རེད།
དེ་ལྟ་བུའི་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ཚེ་ཡི་རིག་པ་དེ་ཉིད་ཐོག་མར་གངས་ལྗོངས་སུ་ཇི་ལྟར་བྱུང་བའི་ཚུལ་རོབ་ཙམ་ཞུ་བ་ལ། ལོ་རྒྱུས་སྨྲ་བའི་ཁྱུ་མཆོག་འགོས་ལོ་གཞོན་ནུ་དཔལ་གྱིས་“བོད་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་ལུང་རིགས་ཀྱི་གནོད་པ་མེད་”ཅེས་གསུངས་པ་ལྟར། མི་ལོ་ཁྲི་སྟོང་ལྷག་འདས་པའི་གོང་ནས་བོད་ཀྱི་ཡུལ་ཁམས་དང་བོད་མིའི་འགྲོ་བ་བྱུང་ཟིན་པ་ནི། དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་གནའ་རྫས་རྟོག་ཞིབ་མཁས་ཅན་མང་པོས་བོད་ཀྱི་ཡུལ་ལུང་ཁག་ནས་ཐོན་པའི་གདོད་མའི་རྡོ་ཆས་རྙིང་པ་སོགས་ལ་ཚན་རིག་ཐོག་ནས་བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད་ར་སྤྲོད་གསལ་པོ་བྱུང་ཡོད་པ་དང་། ད་དུང་མིའི་རིགས་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་མཛད་མཁན་མཁས་དབང་མི་ཉུང་བ་ཞིག་གིས་འཛམ་གླིང་གི་མེས་པོ་མཚོ་བོད་མཐོ་སྒང་ནས་ཡིན་པར་ཆ་འཇོག་གནང་གི་ཡོད་པ་རེད།
གང་ལྟར་རྒྱ་གར་ནག་སོགས་ཡུལ་ཁམས་གཞན་གྱི་སྔ་རོལ་དུ་བྱུང་བ་མིན་རུང་དེ་དག་གི་རྗེས་སུ་ཆགས་ཤིང་ཐོན་པ་ཞིག་མིན་པའི་བོད་ཡུལ་འདི་ནི། སྔར་གྱི་ལོ་རྒྱུས་ཡིག་རིགས་རྣམས་ལས་གསལ་བ་བཞིན་ཐོག་མར་ཆུ་བོའི་གཏེར་ཆེན་པོ་འབའ་ཞིག་ཏུ་གནས་པ་ལས། རྗེས་སུ་ཀོང་ཆུ་བརླག་ཅེས་པའི་ཟོམ་བྱུང་བ་ལ་བརྟེན་ནས་རྒྱ་མཚོའི་ཆུ་རྣམས་རིམ་པར་བྲི་ནས་ས་གཞིའི་རྣམ་པ་དང་། རྩི་ཤིང་ནགས་ཚལ་བཅས་ཆགས་པ་དང་། དེ་ནས་རི་དྭགས་དང་། གཅན་གཟན། འདབ་ཆགས་རིགས་བཅས་ཀྱིས་ཅི་དགར་ལོངས་སུ་སྤྱོད་པའི་གླིང་ཁྱད་འཕགས་ཅན་ཞིག་ཏུ་གྱུར་ནས་ཡུན་རིང་པོའི་བར་དུ་མིའི་འགྲོ་བ་མེད་ཅིང་། དུས་གང་གི་ཚེ་ན་ཕ་སྤྲེའུ་དང་མ་བྲག་སྲིན་མོ་སྟེ་སྤྲ་མོ་གཉིས་འདུས་པ་ལས་མི་མིན་སྤྲ་མིན་གྱི་ཕྲུ་གུ་ཁ་ཤས་བྱུང་བ་དེ་ལས་རིགས་བརྒྱུད་ཁག་མང་པོར་གྱེས་ཏེ། འཛམ་གླིང་གི་གཙུག་ཏོར་ལྟ་བུའི་རི་མཐོ་ཞིང་ས་གཙང་བ། བསིལ་ལ་མཛེས་པའི་གངས་རིའི་ཕྲེང་བས་བརྒྱན་པའི་བོད་ལྗོངས་འདིའི་སྟེང་དུ་བོད་མིའི་འགྲོ་བ་ཐོག་མར་བྱུང་བ་རེད།
རང་རེའི་ཁ་བའི་ལྗོངས་སུ་མིའི་རིགས་ཀྱི་ལོ་རྒྱུས་བྱུང་བ་ནས་བཟུང་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་རྒྱ་ཆེའི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས། རྒྱ་མཚོའི་ངོས་ལས་མུས་བཞི་སྟོང་ལྷག་གིས་མཐོ་བའི་འཛམ་གླིང་གི་ཡང་རྩེའི་སྟེང་དུ་རིམ་བཞིན་རང་བྱུང་ཁམས་ལ་ཤེས་རྟོགས་དང་། ས་གནས་རང་བཞིན་ལྡན་པའི་ནད་རིགས་སྣ་ཚོགས་ལ་འཐབ་རྩོད་བྱས་པ་བརྒྱུད་བོད་ཀྱི་ཡུལ་ཐོན་སྐྱེ་དངོས་དང་། སྲོག་ཆགས། རྩི་ཤིང་། གཏེར་རྫས་སོགས་ལ་ནད་རིགས་གསོ་པའི་ནུས་པ་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཟས་མ་ཞུ་བའི་སྐབས་ཆུ་ཚན་འཐུང་བ་དང་། རྨ་གསར་བ་ལ་སྦང་མའི་འཇིབ་བྱེད་པ། རྨ་ཁ་ནས་ཁྲག་དོན་སྐབས་རི་དྭགས་ཀྱི་པགས་སྤུས་གླན་ཞིང་མར་ཁུ་བཞུས་ཏེ་རྩ་ཁ་སྡོམ་པ་སོགས་ཀྱིས་མཚོན་པའི་གསོ་དཔྱད་ལག་ལེན་ཐད་ཀྱི་སྔ་ན་མེད་པའི་མྱུ་གུ་ཞིག་གངས་ལྗོངས་སུ་གསར་དུ་འབུས་ཏེ་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤིག་གི་འགོ་ཚུགས་པ་ཡིན་ནོ། །
ལྡོག་མེད་མདུན་དུ་བསྐྱོད་པའི་ལོ་རྒྱུས་ཀྱི་འཁོར་ལོའི་འགྲོས་དང་བསྟུན་ནས་ཁ་བ་ཅན་གྱི་ཡུལ་འདི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་གཉིས་པ་སྟེ་བྲན་གཡོག་ལམ་ལུགས་ཀྱི་དུས་འགོར་(འདི་ནས་ཡར་བརྩིས་པའི་ལོ་ངོ་སུམ་སྟོང་ཙམ་གྱི་སྔོན)ཉེ་བའི་ཚེ་ན། བོད་ཡུལ་འདི་རྒྱལ་ཕྲན་བཅུ་གཉིས་དང་། སིལ་མ་བཞི་བཅུར་གྱེས་ཤིང་། བོད་ཀྱི་གདོད་མའི་ཆོས་ལུགས་དང་། གནའ་བོའི་ཤེས་རིག ཐོན་སྐྱེད་བཅས་སྒོ་ཀུན་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་བ་ཞིག་ཏུ་སླེབས་པ་སྟེ། བོད་མི་ཚོས་ས་གནས་དམིགས་བསལ་རང་བཞིན་ལྡན་པའི་ཐབས་ལམ་བརྒྱུད་དེ་གནམ་གྱི་ཉི་ཟླ་སྐར་གསུམ་གྱི་བགྲོད་ཚུལ་ངེས་པ་ཅན་ལ་བརྟེན་ནས་ས་སྟེང་དུ་དུས་བཞིར་འགྱུར་ལྡོག་ཇི་འདྲ་ཡོང་བ་ཤེས་ཀྱི་ཡོད་ལ། རང་ཅག་འཚོ་གནས་བྱེད་སའི་འཇིག་རྟེན་གྱི་ཁམས་འདི་འབྱུང་བ་སྣ་ལྔའི་སྙིང་པོ་འདུས་ནས་གྲུབ་ཅིང་དེའི་བཟོ་དབྱིབས་ཀྱང་ཟླུམ་གཟུགས་སྒོ་ལྔའི་དབྱིབས་དང་འདྲ་བ་ཡིན་པ་བཅས་དེང་སང་ལྟ་བུའི་ཚན་རིག་དར་རྒྱས་མ་ཕྱིན་པའི་དེའི་དུས་ནས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་མཐུན་པའི་འགྲེལ་བཤད་མཛད་ཡོད་པ་མ་ཟད། རང་མི་རིགས་ཀྱི་འབྱུང་ཁུངས་ཐོག་མར་ལྷོ་ཁ་རྩེད་ཐང་དུ་སྤྲེའུ་དང་སྤྲ་མོ་འདུས་ནས་བྱུང་བ་ཡིན་ཞེས་བཤད་ཐུབ་པ་དེས་འཛམ་གླིང་ཐོག་མིའི་འགྲོ་བ་འཕེལ་ཚུལ་གྱི་གཞུང་ལུགས་ཐད་ལའང་ཆེས་སྔ་ཤོས་ཀྱི་མཛད་རྗེས་རླབས་པོ་ཆེ་བཞག་པ་དང་། དུག་ཡོད་ན་སྨན་ཡོད་ཅེས་པའི་རྩོད་སྒྲུབ་རིག་པ་དང་མཐུན་པའི་བཤད་ཚུལ་བཀོད་དེ་དུག་ཀྱང་སྨན་དུ་བསྒྱུར་ཐུབ་པ་བཅས་དུས་དེ་ཙམ་ནས་རྫས་སྦྱོར་རིག་པ་ལ་བརྟེན་ནས་ནད་རིགས་གསོ་བཅོས་བྱེད་བཞིན་པ་དེས་བོད་གསོ་རིག་གི་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པའང་གསལ་བོར་མངོན་ནོ། །
ཁྱད་པར་ཞང་ཞུང་གི་ཡུལ་ནི་སྐབས་དེར་བོན་ཆོས་ཧ་ཅང་དར་རྒྱས་ཆེ་ལ་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་བཅས་བྱུང་ནས་བོད་ཀྱི་ཆབ་སྲིད་དང་རིག་གནས་སོགས་ཀྱི་ལྟེ་བ་ལྟ་བུ་ཞིག་ཏུ་ཕལ་ཆེར་གྱུར་ཡོད་པ་དང་། ཞང་ཞུང་གི་རྒྱལ་རབས་བཅོ་བརྒྱད་བྱུང་བའི་ཐོག་མ་ཁྲི་ལྦེར་གསེར་གྱི་བྱ་རུ་ཅན་ཞེས་པ་དེ་དང་དུས་མཉམ་དུ་སྟོད་གངས་དཀར་ཏི་སིའི་དྲུང་། མ་ཕམ་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་ཀྱི་མགོ་བཅས་ཡིན་པའི་ཞང་ཞུང་འོལ་མོ་ལུང་རིང་བྱ་བར་(ད་ལྟའི་བོད་རང་སྐྱོང་ལྗོངས་མངའ་རིས་ས་གནས་སྤུ་ཧྲེང་རྫོང་གི་ཁོངས)ཡབ་ཕྱ་ཡེ་ཁྱབ་དང་ཡུམ་མུ་ཟ་འོད་ལྡན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་བོན་སྟོན་གཤེན་རབ་མི་བོ་ཆེ་དེས་(གནའ་བོའི་བོན་གྱི་ལོ་རྒྱུས་ལྟར་ན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལས་མི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་སྔོན་དུ་བྱོན་པར་སྣང་)སྔར་ཡོད་བོན་ལུགས་བསྐྱར་བཅོས་དང་སྲོལ་གཏོད་མཛད་པ་དང་། བོད་ཡུལ་དབུས་སུ་ཞབས་བཀོད་ཅིང་ཀོང་ཡུལ་བོན་རིར་བཞུགས་ནས་གནའ་བོའི་ཞང་བོད་ཀྱི་ཡི་གེ་སྟེ་སྨར་ཡིག་གམ་ཡིག་རྒན་(དེ་ནི་སྐབས་དེའི་བོད་ཀྱི་ས་ཁུལ་བྱེ་བྲག་པ་ཞང་ཞུང་གི་ཡི་གེར་ངོས་འཛིན་པ་ལས་བོད་སྤྱིའི་ཡི་གེར་ངོས་འཛིན་མི་རུང་སྟེ། དེང་གི་མངའ་རིས་ས་གནས་དང་དབུས་གཙང་གི་སྐད་ལ་ཁྱད་པར་དེ་ཙམ་མི་ཆེ་ནའང་གནའ་བོའི་ཞང་ཞུང་དང་དབུས་གཙང་སྐད་གཉིས་ལ་ཁྱད་པར་མངོན་གསལ་ཡོད་པའི་ཕྱིར་རོ།།)ལ་བརྟེན་ནས་མདོས་གཏོང་བ་དང་། སྲི་འདུལ་བ། གཡང་འབོད་པ། ཇུ་ཐག་གི་མོ་རྒྱག་པ་སོགས་གཡུང་དྲུང་བོན་གསུངས་པའི་ཁོངས་སུ་སྨན་དཔྱད་བྱེད་པའི་སྲོལ་ཡང་བྱུང་བར་གྲགས་སོ། །
རང་རེའི་ཞང་བོད་ཀྱི་ཡུལ་དུ་སྐུ་འཁྲུངས་པའི་བོན་སྟོན་གཤེན་རབ་མི་བོ་ཆེར་སྐུའི་གདུང་སྲས་བརྒྱད་ཡོད་པར་གྲགས་པ་ལས། བོན་སྟོན་ཁོང་གི་བཀའ་བསྡུ་བ་པོ་བཅུ་གཅིག་ནང་གི་གཙོ་གྲས་དང་ཆེ་ཤོས་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཞུ་བ་དེ་ནི། སྤྱི་ལོའི་སྔོན་གྱི་ལོ་600ཡས་མས་སུ་མཐོ་སྒང་སྟེང་དུ་བྱུང་བའི་སྨན་དཔྱད་བསྟན་པའི་སྲོལ་འབྱེད་མཁན་གྱི་དྲང་སྲོང་ཆེན་པོ་ཞིག་སྟེ། ཁོང་གིས་མཁྱེན་དཔྱོད་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས། དེ་སྔོན་མཐོ་སྒང་རང་ནས་དར་བའི་གསོ་དཔྱད་སྨན་གྱི་གདམས་ངག་ལག་ལེན་མཐའ་དག་གི་ནང་དོན་ཕྱོགས་བསྡོམས་གནང་སྟེ། གསོ་བ་རིག་པའི་གཞུང་ལུགས་《ཆུ་དཔྱད་ཟླ་བསིལ་གྱི་རྒྱུད་》དང་། 《དུག་བཅོས་གཡུང་དྲུང་འཁྱིལ་བ།》 《གསོ་དཔྱད་སྨན་གྱི་མདོ་དགུ་》ཞེས་པ་སོགས་རྩོམ་སྒྲིག་དང་འཆད་ཉན་རྒྱ་ཆེར་མཛད་ནས། གངས་ལྗོངས་ཉེས་གསུམ་མུན་པའི་གླིང་དུ་སྔོན་མེད་གསོ་རིག་བསྟན་པའི་སྐྱ་རེངས་གསར་བ་ཞིག་ཤར་ཕྱོགས་རི་བོའི་ཕག་ནས་ཐོག་མར་དྲངས་པ་དང་ཆབས་ཅིག་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང་བདེ་ཐང་ལ་ཆེས་རླབས་ཆེ་ཞིང་གཟི་བྱིན་འབར་བའི་ཕྱག་རྗེས་འཇོག་གནང་མཛད་པ་ལགས་པས། བདག་ཅག་མི་རབས་རྗེས་མ་སྤྱི་དང་སྒོས་སུ་བོད་ཡུལ་གྱི་ཚེ་རིག་འཛིན་པ་ཀུན་གྱིས་མེས་པོ་དམ་པ་ཁོང་ལ་སེམས་སྟེང་ནས་དགའ་ཞེན་ཚད་མེད་ཞུས་ནས་ཡིད་སྨོན་དང་གུས་བཀུར་བྱེད་འོས་པ་ཞིག་རེད།
དེ་ལྟར་ཆོས་ལུགས་ཀྱི་གྲུབ་མཐའ་བོན་ཡིན་པའི་རང་ཅག་བོད་མི་རིགས་ཀྱི་གནའ་བོའི་ཡབ་མེས་རྣམ་པས། བོད་དུ་སངས་རྒྱས་ཆོས་ལུགས་དང་ཙི་ནའི་སྨན་དཔྱད་སོགས་མ་དར་བའི་གོང་གི་གནའ་སྔ་མོའི་དུས་ནས་བོན་ལ་བརྟེན་པའི་གསོ་དཔྱད་ཀྱང་ཇི་སྙེད་ཅིག་བསྟན་ཡོད་པའི་ལོ་རྒྱུས་དངོས་དོན་དེར་ཕྱོགས་ལྷུང་དབང་དུ་སོང་ནས་སུས་ཀྱང་སྙོན་ཐབས་མེད་པ་དང་། གསོ་རིག་རྒྱ་མཚོའི་ཡང་སྙིང་ལྟ་བུའི་ད་ལྟའི་《དཔལ་ལྡན་རྒྱུད་བཞིའི་》ནང་དོན་ཐད་ལ་མཚོན་ནའང་། གནའ་རབས་ཞང་ཞུང་གི་གསོ་དཔྱད་ཉིད་རྨང་གཞིར་མཛད་ནས་འཕེལ་རྒྱས་སུ་སོང་བ་ཡིན་པ་དོན་གནད་མང་པོ་ཞིག་གི་སྟེང་ནས་ར་འཕྲོད་པ་བཅས་མདོར་ན། ལོ་རྒྱུས་རིང་པོ་ལྡན་པའི་གངས་ཅན་བོད་ཀྱི་གསོ་དཔྱད་དང་གསོ་དཔྱད་རིག་པའི་རྩ་བའམ་མྱུ་གུ་དག་ཐོག་མར་འབྱུང་བའི་ཁུངས་ནི་བོད་ས་མཐོ་རང་ནས་ཡིན་ལ། གདོད་མར་སྲོལ་བཏོད་ཅིང་དར་བར་མཛད་པ་པོ་ཡང་བོད་མི་རིགས་རང་ཉིད་ཀྱི་གནའ་བོའི་ཡབ་མེས་རྣམས་ཡིན་ཞེས་ལོ་རྒྱུས་དངོས་གཙོ་སྨྲ་བའི་མགྲིན་པ་གཟེངས་སུ་བཏེགས་ནས་སྨོས་ཆོག་ཆོག་ཡིན་ནོ། །