ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

ཁྲག་ཤེད་མཐོ་བའི་ནད་ཀྱི་སྔོན་འགོག་གི་རྒྱུན་ཤེས།

སྤེལ་དུས 2018-03-16 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
           མི་རྣམས་ཀྱིས་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་ཁྲག་ཤེད་མཐོ་བའི་ནད་པ་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་ལས་བསྐྱེད་པའི་ཀླད་ཁྲག་ཤོར་བ་དང་། སྙིང་ནད་རིགས།མཁལ་མའི་ནུས་པ་ཤོར་བ་སོགས་ནད་རིགས་མང་པོ་འབྱུང་གིན་ཡོད་དེ། དེ་བས་དེ་ལས་བསྐྱེད་པའི་ནད་ཀྱིས་ཚེ་སྲོག་ལ་འཚེ་བར་བྱེད་པ་སྔོན་འགོག་བྱེད་རྒྱུ་གལ་ཆེ། འགྲོ་བ་གང་ཞིག་ཡིན་ཀྱང་མཐའ་མར་སྐྱེ་རྒ་ན་འཆིའི་གཞན་དབང་དུ་འགྲོ་དགོས་པ་ལས་དེ་ལ་ཟློག་ཐབས་མེད་པ་ནི་སྲོག་ལྡན་འགྲོ་བ་རྣམས་ཀྱི་ཆོས་ཉིད་ཁོ་ན་ཡིན་པ་བསྙོན་དུ་མེད་མོད། འོན་ཀྱང་རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པར་བརྟེན་ནས་དུས་མ་ཡིན་པའི་སྐྱེ་རྒ་ན་འཆིའི་རྐྱེན་ངན་ལས་རེ་ཞིག་ཟློག་ཐུབ་པའི་སྐབས་ཀྱང་འབྱུང་གིན་ཡོད་སྟབས་སྐྱེ་འགྲོ་རྣམས་ཀྱིས་རྩ་ཆེའི་རིན་བྲལ་གྱི་གོ་སྐབས་འདི་ངེས་པར་དམ་འཛིན་བྱ་དགོས། འདི་ལ་དོན་གཉེར་ཅན་རྣམས་ཀྱིས་མིའི་ལུས་ཁམས་བདེ་ཐབས་སུ་འཇིག་རྐྱེན་གཙོ་བོ་ནད་རིགས་དང་ཐག་རིང་དུ་གཏོང་རྒྱུ་དེ་དོན་གྱི་བྱ་གཞག་གཙོ་བོ་ཡིན་པ་དང་། དེ་མི་འབྱུང་བར་བྱེད་པའི་རྒྱུ་གཙོ་བོ་ནི་ནད་གང་དེ་སྔོན་འགོག་གི་རིག་པ་ལས་མ་མཆིས་ལ། དེ་ལས་ཀྱང་སྔོན་འགོག་གི་ཐབས་ལམ་གཙོ་བོ་ནི་ཟས་སྤྱོད་གཉིས་ཡིན་པས་གཤམ་དུ་གལ་ཆེ་ལ་ནན་ཏན་གྱི་ཚུལ་དུ་དེ་སྔོན་འགོག་གི་ཐབས་ལམ་འགའ་ངོ་སྤྲོད་པར་བྱའོ།།
གཅིག ཟས་ཀྱི་བསྟེན་ཚུལ་ལ་དོ་སྣང་བྱེད་པ།
           1. ཚུལ་མིན་ཟས་ཀྱི་ཉེས་པ། ཟས་ཀྱིས་ལྟོ་བ་འགྲངས་དྲགས་པའམ་ལྟོགས་ཆེ་བ་མི་བྱེད་པར་ཟས་ཚོད་རན་པར་ཟ་བ་དང་། མི་འཕྲོད་པའི་ཟས་དང་དུས་མིན་ཟས་སོགས་མ་བསྟེན་ན་བཟང་སྟེ། དཔེར་ན་ཟས་རིགས་མི་འཕྲོད་པ་ཟོས་རྗེས་སྐྱུགས་པའམ་བཤལ་པས་ལུས་སྟེང་གི་རླུང་ཁམས་འཁྲུགས་ནས་ཁྲག་ཤེད་ལ་ཤུགས་རྐྱེན་ཐེབས་པས་སྐབས་སུ་ཁྲག་ཤེད་མཐོ་འགྱུར་རྐྱེན་དུ་སོང་བས་ཀླད་ཁྲག་བརྡོལ་བའམ་ཁྲག་རྩ་འགགས་པ་སོགས་ཀྱིས་ནད་འབྱུང་ངེས་པས་གཟབ་རྒྱུ་གལ་ཆེ།
           2. དུ་ཆང་གི་ཉེས་པ། ཆང་དང་དུ་བ་མི་བསྟེན་པར་མ་ཟད་ཁ་ཚའི་ཟས་རིགས་ཀྱང་མི་བཟའ་བ།ཆང་མང་པོ་བསྟེན་ན་ཁྲག་སྙིགས་མྱགས་བཞུ་དྭངས་སྙིགས་བྱེད་མ་ནུས་པ་དང་།བད་ཁྲག་འཕེལ་བ་སོགས་ཀྱིས་རླུང་ཁྲག་གི་རྩ་འགགས་ནས་སྙིང་ཁྲག་དང་ཀླད་ཁྲག་གི་རྒྱུ་བ་གཞན་དུ་སོང་ནས་མཐའ་མར་ལུས་སྟེང་ཁྲག་རྩ་ཡོངས་ཀྱི་རྒྱུ་བ་མི་ལེགས་པར་ཆགས་པས་སྙིང་དང་། མཆིན་པ།མཁལ་མ་སོགས་ཀྱི་ནུས་པ་ཇེ་ཞན་དུ་གྱུར་པ་དང་། དེ་ལས་ཀླད་ཁྲག་གི་རྒྱུ་བ་ཞན་དུ་གྱུར་པས་གཞོགས་ཕྱེད་ཉམས་པ་དང་། འགྲམ་པ་ཡོ་བ་སོགས་ཀྱི་ནད་རིགས་འབྱུང་བ་དང་། ཆང་གི་ནུས་པ་ཚ་བའི་རང་བཞིན་ལས་ཁྲག་རྒྱུ་ཇེ་མགྱོགས་དང་། དེ་ལས་སྙིང་རྩ་དང་། མཆིན་རྩ།ཀླད་རྩ་སོགས་ཀྱི་ཁུར་པོ་ལྕི་བས་ཁྲག་མཐོ་ནས་འབོག་པ་དང་། ཀླད་ཁྲག་བརྡོལ་བ་སོགས་ཀྱང་འབྱུང་སྲིད་པས་དོ་སྣང་བྱེད་པ་གལ་ཆེ། དུ་བ་ཡང་དེ་ལས་མ་འདས་པར་གློ་སྦུག་ངོས་སུ་དུ་དྲེག་ཆགས་པ་སོགས་ད་ལྟའི་སྐར་འཕྲིན་དང་དྲ་རྒྱའི་ངོས་སུ་བཏང་བའི་པར་རིས་སོགས་ལས་མིག་མཐོང་ལག་ཟིན་ཡིན་ལ། དེའི་དཔེ་ནི་དུ་ཁུང་ལ་དྲེག་པ་ནང་བཞིན་ཡིན་པ་དང་། དེས་གློ་བའི་ནུས་པར་ཤུགས་རྐྱེན་ཐེབས་པར་མ་ཟད།ལུས་སྟེང་གི་ཁྲག་རྩ་ཡང་སྲ་འགྱུར་ལས་སྙིང་ཁྲག་རྒྱུ་བ་ཇེ་ཞན་དུ་སོང་བས་སྙིང་གཟེར་དང་། ཁྲག་རྩ་འགགས་པའི་ནད་རིགས་སྣ་ཚོགས་བསྐྱེད་པས་དེ་རིགས་བསྟེན་ན་ལྷག་ཏུ་གནོད།
           3. སྐོམ་ཆུ་བསྟེན་པའི་ཉེས་པ། སྐོམ་ཆུ་ནི་མི་རྣམས་ལ་རྒྱུས་མངའ་ཆེ་ཡང་དེ་ལས་ལུས་ཕུང་ལ་གནོད་པ་མང་བ་ཕལ་ཆེར་རྟོགས་ཀྱི་མེད་པ་འདྲ། སྐོམ་ཆུ་ལ་སྣ་མང་བ་དང་། བཅུད་ལྡན་འོ་མ་ཅན་དང་། བཏུང་ཇ། ཁོ་ཧྥེ་ལ་སོགས་ཡོད་པ་དང་། དེ་དག་གི་གྲུབ་ཆ་ཡང་ཚྭ་དང་། ཀ་ར། ཚིལ་ཞག་སོགས་རྫས་འགྱུར་སྣ་ཚོགས་ཀྱིས་གྲུབ་པས་དེར་ཁྲག་རྩ་འཁུམས་པའི་ནུས་པ་ཡོད་ལ། ཁྲག་རྩ་སྐེམ་པས་ངེས་པ་ཡང་ཡོད་པས་དེ་རིགས་བསྟེན་པར་གཟབ་གཟབ་བྱ་དགོས་པ་ཤེས་དགོས།
གཉིས།སྤྱོད་ལམ་བསྟེན་ཚུལ་ལ་དོ་སྣང་བྱེད་པ།
           1. རྒྱུན་སྤྱོད་ལ་དོ་སྣང་། མྱ་ངན་གྱིས་སེམས་སྡུག་དྲགས་པ་དང་སེམས་ཤུགས་མི་བརྟན་པ།བྱ་བའི་དབང་གིས་སེམས་ཁུར་ཆེ་བ་དང་།ཁྲོང་ཁྲོ་ལངས་པ་སོགས་ཡང་ཁྲག་ཤེད་མཐོ་རུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས་དུས་ལྟར་མཚན་མོ་ངལ་གསོ་བ་དང་། མྱ་ངན་ཆེ་བ།སྨྲ་བ་མང་བ།འཇིགས་ཤིང་སྐྲག་པ། རྩོལ་བས་དུབ་པ་སོགས་ཀྱི་ལས་སྤང་དགོས་ལ། ལྷག་པར་སྤྲོ་སེམས་ཁོལ་བ་བྱེད་དགོས།  ཁྱིམ་མི་དང་ལས་གྲོགས་ཀྱི་བར་དུ་བསམ་ཚུལ་མི་མཐུན་པའམ་ཡང་ན་འགལ་བ་བྱུང་སྐབས། ཕན་ཚུན་གྱི་བསམ་ཚུལ་ལ་ཉན་ནས་སེམས་བདེ་བག་ཕེབས་དང་ཚིག་འཇམ་གྱི་སྒོ་ནས་འགལ་བ་སེལ་ཐབས་བྱེད་དགོས་པ་ལས་ལྡོག་སྟེ་ཁ་རྩོད་ཚིག་རྩོད་བྱས་ཚེ་སེམས་ཁམས་འཁྲུག་ནས་ཁྲག་ཤེད་ཇེ་མཐོར་འགྲོ་སྲིད། དུས་རྒྱུན་དུ་ལུས་ཕུང་སྦྱོང་བརྡར་བྱས་ན་ལུས་ཁམས་ཇེ་ཡང་དུ་འགྲོ་བ་དང་། ལུས་ཟུངས་ཀྱི་བད་ཁྲག་སོགས་ཀྱི་ཚད་དམའ་རུ་འགྲོ་བས།ཚད་ལྡན་གྱི་འགུལ་སྐྱོད་ལ་བརྟེན་ནས་ལུས་རྩལ་སྦྱོང་བརྡར་བྱས་ནས་ནད་རིགས་འགོག་པར་མ་ཟད་ལུས་ཕུང་བདེ་ཐང་འོང་བ་ཡིན།
           2. དུས་སྤྱོད་ལ་དོ་སྣང་།  དུས་བཞི་ལས་དགུན་ཁ་ཁྲག་ཤེད་མཐོ་རུ་འགྲོ་བ་མངོན་གསལ་ཡིན་ལ། ཉིན་རེའི་ཞོགས་པའི་ཆུ་ཚོད6ནས8དང་ཕྱི་དྲོའི་ཆུ་ཚོད5ནས8བར་ཁྲག་ཤེད་ཆེས་མཐོ་བའི་དུས་ཡིན་པ་དང་། དབྱར་ཁའི་ཚ་གདུག་ཆེ་བའི་དུས་སུ་ཡང་ཁྲག་ཤེད་ཆེས་མཐོ་བས་ཉི་མ་བསྲོ་བ་དང་། རྩོལ་དྲགས་སོགས་གཏན་ནས་བྱེད་མི་རུང་། དུས་རྒྱུན་དུ་ཡང་ལུས་འཁྱགས་དྲགས་ན་ཁྲག་ཤེད་མཐོ་རུ་འགྲོ་ལ། དྲོས་དྲགས་ན་ཡང་ཁྲག་ཤེད་མཐོ་རུ་འགྲོ་བས་དེ་དག་མཉམ་འཇོག་བྱེད་རྒྱུ་གལ་ཆེན་ཡིན། དེ་བས་ཟས་སྐོམ་ཡང་དབྱར་ཚ་གདུག་སྐབས་སུ་བསིལ་ཟས་རིགས་ཅུང་བསྟེན་ན་ལེགས་ཤིང་དགུན་དུས་འཁྱགས་པའི་སྐབས་སུ་དྲོ་བའི་ཟས་སྐོམ་རིགས་མང་དུ་བསྟེན་ན་ལེགས།
           3. གནས་སྐབས་སྤྱོད་ལམ་ལ་དོ་སྣང་། བཀྲེས་པའམ་སྐོམ་པའི་དབང་གིས་མགོ་ཡུ་འཁོར་བ་དང་། ཡི་ག་འཆུས་པ་སོགས་ཀྱིས་མགོ་བོ་ཐང་ལ་བརྡབས་པའམ། ཡར་ལ་སྐྱུགས་པ་དང་།གློ་བུར་དུ་སྦྲིད་པ། དྲི་ཆེན་སྐམ་པའམ་བཀག་པས་ཤུགས་ཀྱིས་བཙིར་བ་སོགས་ཀྱིས་རླུང་ཁྲག་གི་རྒྱུ་བ་ལ་ཕོག་ཐུག་བཏང་ནས་གློ་བུར་དུ་འཕོ་འགྱུར་བྱུང་བས་ཀླད་ཁྲག་བརྡོལ་བ་འབྱུང་བ་ཡོད་ལ།  གནས་སྐབས་ཀྱི་སྤྱོད་ལམ་གྱི་དབང་གིས་སྐད་ཅིག་ཙམ་དུ་བྱུང་བ་ཡང་ཡོད་དེ།  དེ་བས་དེ་ལ་གཟབ་ནས་ཐབས་དང་སྨན་གྱིས་བཤང་བ་སོགས་ལེགས་པར་སྦྱང་བར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བའོ།།