ནད་རིགས་ངོས་འཛིན་གྱི་གཞི་རྩའི་རྩ་དོན།—ཚ་གྲང་གི་རྣམ་བཤད།
སྤེལ་དུས 2018-05-04
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
བོད་ལུགས་གསོ་བ་རིག་པས་ནི་སྤྱི་བསྡོམས་དང་། རྗེས་དཔག གཏན་ཚིགས་ཀྱི་ཐབས་ཤེས་སྤྱད་ནས་ལུས་ནད་ལ་སྤྱི་ཡོངས་ནས་ཞིབ་འཇུག་བྱེད་པ་ཞིག་རེད། དེའང་ནད་རིགས་ངོས་འཛིན་བྱེད་སྟངས་ལ་མཚོན་ན། རྒྱས་པར་ནི་གྲངས་དང་མིང་གི་ངེས་བསྟན་མེད་པར་མང་དུ་དབྱེ་རིགས་ཏེ། སྟོང་དང་དྲུག་བརྒྱ་བཅུ་དྲུག སྟོང་དང་ཉིས་བརྒྱ་རྩ་གཉིས། ནད་རིགས་བཞི་བརྒྱ་རྩ་བཞི་བཅས་དང་། མདོ་རུ་བསྡུས་པས་བཅོས་དགོས་བརྒྱ་རྩ་གཅིག་དང་། ཉེས་པའི་སྒོ་ནས་རླུང་མཁྲིས་བད་ཀན་ཁྲག་དང་ཆུ་སེར། རིགས་ཀྱི་སྒོ་ནས་ཁོང་ནད་རྨ་དང་ཚད་པ་ཐོར་བུ། རྟེན་གྱི་སྒོ་ནས་ཕོ་མོ་རྒན་བྱིས་ཀྱི་ནད་སོགས་སུ་དབྱེ་ཡོད་པ་དང་། ནད་གསོ་སྨན་བཅོས་ཀྱི་མཐར་ཐུག་པའི་དགོངས་དོན་ལྟར་ཤིན་ཏུ་བསྡུས་པས་ནི་ནད་ཀྱི་རྣམ་འགྱུར་ཡོད་དོ་ཅོག་ཚ་གྲང་གཉིས་སུ་དྲིལ་བ་སྟེ། བོད་ལུགས་གསོ་བ་རིག་པའི་སྤྱི་བསྡོམས་དང་རྗེས་དཔག་གི་ཞིབ་འཇུག་བྱེད་སྟངས་ལས་བྱུང་བའི་ནད་རིགས་ངོས་འཛིན་བྱེད་པའི་གཞི་རྩའི་རྩ་དོན་ཞིག་རེད།
རྩ་བ་ཐུགས་ཀྱི་རྒྱུད་ལས། མདོ་དོན་དྲིལ་བས་ཚ་གྲང་གཉིས་སུ་འདུས། །ཞེས་དང་། རླུང་དང་བད་ཀན་གྲང་བ་ཆུ་ཡིན་ཏེ། །ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད། །སྲིན་དང་ཆུ་སེར་ཚ་གྲང་ཐུན་མོང་གནས། །ཞེས་གསུངས་པ་དང་།བཤད་པ་སྐུའི་རྒྱུད་ལས། བད་རླུང་གྲང་ལ་ཁྲག་མཁྲིས་ཚ་བས་ན། །དུ་མར་ཕྱེས་ཡང་ཚ་གྲང་གཉིས་སུ་འདུ། །ཞེས་དང་། མཁྲིས་པ་འཁྲུགས་པས་ལུས་ཟུངས་བསྲེག་པར་བྱེད། །འདི་ནི་མེ་ཡི་རང་བཞིན་ཚ་བས་ན། །སྨད་ན་གནས་ཀྱང་སྟོད་དུ་འབར་བར་བྱེད། །ཚ་བའི་ནད་ཀུན་འདི་ལས་མ་སྐྱེས་མེད། །བད་ཀན་འཁྲུགས་པས་ལུས་ཀྱི་མེ་དྲོད་འཇོམས། །འདི་ནི་ས་ཆུའི་རང་བཞིན་ལྕི་ལ་བསིལ།།སྟོད་ན་གནས་ཀྱང་སྨད་དུ་ལྷུང་བར་བྱེད། །གྲང་བའི་ནད་ཀུན་འདི་ལས་མ་སྐྱེས་མེད། །རླུང་ནི་ཚ་གྲང་གཉིས་ཀའི་ཁྱབ་བྱེད་དེ། །ཉི་མར་ལྡན་ན་བསྲེག་པའི་གྲོགས་བྱེད་ཅིང་། །ཟླ་བར་ལྡན་ན་བསིལ་བའི་གྲོགས་བྱེད་ལ། །ཞེས་གསུངས་པ།མན་ངག་ཡོན་ཏན་རྒྱུད་ལས། མང་དུ་ཕྱེ་ལ་ནད་ངོས་མ་འདྲེས་ཟུང་། །ཉུང་དུ་བསྡུས་ལ་ལག་ལེན་གཉིས་སུ་དྲིལ། །ཞེས་པའི་ལག་ལེན་གཉིས་ནི་ཚ་གྲང་གི་ལག་ལེན་གཉིས་དང་། ཕྱི་མ་ཡོན་ཏན་རྒྱུད་ལས། ནད་ལ་བཞི་བརྒྱ་རྩ་བཞིར་ཕྱེ་ན་ཡང་། །ཚ་གྲང་གཉིས་སུ་མ་འདུས་ནད་གཞན་མེད། །ཅེས་གསུངས་པ་དེ་དག་དང་། དེ་དག་མ་ཡིན་པའི་རྒྱུད་ཀྱི་ཐོག་མཐའ་བར་གསུམ་དང་རྒྱུད་འགྲེལ་མན་ངག་བསྟན་བཅོས་རྣམས་སུ་ནད་ཇི་སྙེད་པ་མཐའ་དག་གཏན་ཚིགས་རིག་པའི་སྒོ་ནས་ཚ་གྲང་གཉིས་ཀྱི་སྟེང་དུ་ཇི་ལྟར་འདུས་པའི་ཚུལ་དང་། བསིལ་དྲོད་གཉིས་སུ་འདུས་པའི་གཉེན་པོས་ནད་རིགས་ཚ་གྲང་གཉིས་ཇི་ལྟར་སེལ་བར་བྱེད་ཚུལ་བཅས་དངོས་ཤུགས་གང་རུང་ལས་གསུངས་ཤིང་བསྒྲུབས་པ་ལས། རྒྱ་ནག་གསོ་རིག་གི་གདགས་སྲིབས་ཀྱི་བཤད་པ་(阴阳学)སོགས་དང་མི་མཚུངས་པའི་བོད་རང་གི་ནད་ཐོག་རིག་པའི་ཁྱད་ཆོས་མངོན་པར་ལྡན་པའི་ཚ་གྲང་གི་རྣམ་བཤད་ཅིག་ངང་ངམ་ཤུགས་ཀྱིས་གྲུབ་ཡོད་པ་ནི་བདག་ཅག་གསོ་རིག་སྨྲ་བ་ཀུན་གྱིས་ཤེས་གསལ་རེད།
དེ་ཡང་ནད་དང་གཉེན་པོ་སྨན་པ་སྟེ་ཕྱོགས་མི་འདྲ་བ་གསུམ་གྱི་ངོས་ནས་བཤད་ན། དང་པོ་ནི་ནད་རིགས་ཡོད་ཚད་ཉེས་པ་རླུང་མཁྲིས་བད་ཀན་གསུམ་དུ་འདུ་ཞིང་གང་ཡང་འབྱུང་བའི་ངོ་བོར་གནས་ལ། འབྱུང་བ་ས་ཆུ་མེ་བཞིའི་མཚན་ཉིད་ནི་ཚ་བསིལ་བཏང་སྙོམས་གསུམ་དུ་གཏོགས་པ་གང་ཞིག་བར་གནས་ཀྱི་བཏང་སྙོམས་པ་དེ་ནི་རླུང་སྟེ་རང་གི་ངོ་བོར་དྲོད་མེད་པར་གྲང་བ་ཙམ་དུ་ཟད་ཀྱང་གྲོགས་དབང་གིས་ཚ་གྲང་གཉིས་ཀའི་ཁྱབ་བྱེད་ཡིན་སྟབས་འབྱུང་བཞི་ལས་བསྐྱེད་པའི་ནད་ཀུན་མཐར་གཏུགས་ན་ཚ་གྲང་གཉིས་སུ་འདུ་བ་དེ་བཞིན་དང་། གཉིས་པ་གཉེན་པོ་ནི་རྟེན་འབྱུང་བ་ལྔ་ལས་སྐྱེས་པའི་སྨན་རྫས་ཀྱི་རང་བཞིན་རྣམས་རོ་དྲུག་དང་ནུས་པ་བརྒྱད་ཞུ་རྗེས་གསུམ་ཡོན་ཏན་བཅུ་བདུན་གང་རུང་གི་བདག་ཉིད་ཅན་ཡིན་པ་ལ། མདོ་དྲིལ་བས་སྟོབས་ཀྱི་སྒོ་ནས་བསིལ་དྲོད་གཉིས་སུ་འགྱུར་བ་དང་ནད་ཚ་གྲང་འཇོམས་པའི་རྩོད་སྒྲུབ་ཀྱི་ལྟ་བའི་སྟེང་ནས་བཤད་ནའང་དེ་མཚུངས་ཀྱི་མཚན་ཉིད་ལྡོག་ཕྱོགས་པ་བསིལ་དྲོད་གཉིས་ངེས་པར་དུ་ཡོད་དགོས་པ། གསུམ་པ་ནད་སྨན་སྤྲོད་མཁན་གྱི་སྨན་པའི་ངོས་ནས་བཤད་ན། སྨན་པ་སོ་སོའི་བློ་གྲོས་བཟང་ངན་དང་ཉམས་མྱོང་མཆོག་དམན་སོགས་ཕྱི་ནང་རྒྱུ་རྐྱེན་དབང་གིས་ནད་རིགས་སྣ་ཚོགས་མ་འདྲེས་པར་ངོས་ཟིན་རྒྱུ་ནི་ཤིན་ཏུ་དཀའ་ནའང་། ཆེ་མ་མཐའ་ཡང་ནད་ཚ་གྲང་གཉིས་གོ་མ་ནོར་བར་ཤེས་རྒྱུ་ཧ་ཅང་གལ་ཆེ་བ་དང་དེ་ཤེས་པས་ནི་ནད་ཐོག་ལག་ལེན་ཁྲོད་དུ་གསོ་བ་ལོག་པའི་ཉེས་དམིགས་མི་འབྱུང་ཞིང་ལྡོག་རྒྱུ་བཅུ་གཉིས་སུ་གྲགས་པའི་སྨན་པའི་བཅོས་ཉེས་ཀྱི་ལོག་སྐྱོན་མང་པོ་ཞིག་སྔོན་འགོག་བྱེད་པ་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། ནད་ཚ་གྲང་གཉིས་གོ་མ་འཁྲུགས་པར་ངོས་འཛིན་ཐུབ་པ་བྱེད་རྒྱུ་ནི་གསོ་བ་པོ་སྨན་པ་ཞིག་ལ་ངེས་པར་དུ་འཛོམས་དགོས་པའི་རྩ་བའི་ཆ་རྐྱེན་ཞིག་རེད། དེ་བས་ཚ་གྲང་གི་རྣམ་བཤད་འདི་བཞིན་བོད་ལུགས་གསོ་རིག་གི་ནད་ཐོག་ལག་ལེན་ནང་ནད་རིགས་ངོས་འཛིན་བྱེད་པའི་ཆེས་རྩ་བར་གྱུར་པའི་ཤེས་བྱ་དང་བྱ་བྱེད་སྨན་པའི་མཚན་ཉིད་ལྡན་མི་ལྡན་འཇལ་བྱེད་ཀྱི་ཆེས་དམའ་བའི་ཚད་གཞི་ཞིག་ཀྱང་རེད་ཅེས་བརྗོད་ཆོག