ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

ནད་རིགས་ཀྱི་མཐར་ཐུག་པའི་མཚན་ཉིད།—འཕེལ་ཟད་འཁྲུགས་གསུམ།

སྤེལ་དུས 2018-05-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
          སྤྱིར་འཕེལ་ཟད་འཁྲུགས་གསུམ་ཞེས་པ་ནི་གནོད་བྱེད་ཉེས་པ་དང་གནོད་བྱ་ཁམས་གཉིས་ཀ་སྟེ་ནད་དང་ལུས་ཟུངས་དྲི་མ་རྣམ་གསུམ་ངོས་ནས་བཤད་བཞིན་ཡོད་པ་དང་།  དེ་ལས་གཙོ་ཕལ་གྱི་ཆ་ནས་བཤད་ན་གཞུང་ལས་གནོད་བྱེད་ཉེས་པའམ་ནད་རླུང་མཁྲིས་བད་ཀན་གསུམ་མ་གཏོགས་ལུས་ཟུངས་དང་དྲི་མ་གཉིས་ལ་འཕེལ་ཟད་འཁྲུགས་གསུམ་ལས་འཁྲུགས་པ་སྦྱར་མེད་པས་ནད་ཀྱི་མཚན་ཉིད་འཕེལ་ཟད་འཁྲུགས་པ་གསུམ་ཞེས་གསལ་ཁ་དོད་པའང་དེའི་དོན་རེད། དེས་ན་ནད་ཀྱི་མཚན་ཉིད་ཅེས་མཚན་ཉིད་ནི་མཚོན་བྱའི་དངོས་པོ་གང་ཞིག་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་ཆོས་དེར་བྱ་ཞིང་ཁྱད་ཆོས་དེ་ལྡན་གྱི་མཚོན་བྱ་དེ་གཞན་དང་མ་འདྲེས་པའི་སྒོ་ནས་མཚོན་ནུས་པའི་ཕྱིར་ན་མཚན་ཉིད་དེ། ནད་ཀྱི་མཚན་མའམ་མཚོན་བྱེད་ཀྱི་རྟགས་ཁོ་ན་ཉིད་ནི་གང་ཡིན་ཞེ་ན་འཕེལ་ཟད་འཁྲུགས་གསུམ་དང་།   གང་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པ་ཡིན་ཞེ་ན་རྩུབ་ཡང་སོགས་ཉེས་པའི་མཚན་ཉིད་ཉི་ཤུ་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པས།  འདུ་བ་ཆ་སྙོམས་ཞེས་བོད་ལུགས་གསོ་རིག་སྨན་བཅོས་ཀྱི་བསམ་བློའི་མཛུབ་སྟོན་དུ་གྱུར་པའི་གཏད་ས་གཅིག་པུའང་འཕེལ་ཟད་འཁྲུགས་གསུམ་ལས་གཞན་དུ་མེད་དེ།   ཅི་ཞིག་ཆ་སྙོམས་བྱེད་དགོས་ཞེ་ན་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པའི་འདུ་བའི་ཁམས་ཆ་སྙོམས་པར་བྱེད་དགོས་པས་སོ། །  
          འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པའི་གོ་རིམ་ནི། དེའང་རིང་རྒྱུ་མ་རིག་པ་ལས་བྱུང་བའི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་རང་དང་ཆོས་མཚུངས་ཀྱི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་བསྐྱེད་པར་བྱེད་པ་ལ།  རྒྱུའི་རྐྱེན་སྐྱེ་མཆེད་དང་། བདག་པོའི་རྐྱེན་གསོག་ལྡང་། དེ་མ་ཐག་པའི་རྐྱེན་དུས་གདོན་ཟས་།    སྤྱོད་ལ་བརྟེན་ནས་ཉེས་གསུམ་གྱི་མཚན་ཉིད་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པ་ནི་ནད་ཀྱི་ངོ་བོ་ཡིན།  བདག་གི་དཔྱད་ངོར།  འཕེལ་ཟད་འཁྲུགས་གསུམ་པོ་ནད་ཀྱི་མཚན་ཉིད་དམ་ངོ་བོ་ཡིན་པ་འདྲ་ནའང་།  ཞིབ་ཏུ་གཞིགས་པས་དེ་གསུམ་བར་དུ་སྔ་གཞུག་གི་གོ་རིམ་དང་ཁྱད་པར་མཆིས་སྙམ་སྟེ།   འཕེལ་ཟད་འཁྲུགས་གསུམ་ལས་སྔ་མ་འཕེལ་ཟད་གཉིས་ནི་རྒྱུ་དང་ཕྱི་མ་འཁྲུགས་པ་ནི་འབྲས་བུ་སྟེ་འདུ་བའི་ཁམས་རྒྱུན་ལྡན་གྱི་ལྡང་ཚད་ལས་མང་དུ་འཕེལ་བའམ་ཉུང་དུ་ཟད་པ་ལས་ད་གཟོད་མཚན་ཉིད་ཕན་ཚུན་འཁྲུགས་པར་འགྱུར་ངེས་པས།  གཞུང་ལག་ལེན་གང་གི་སྐབས་ནའང་འཁྲུགས་པའི་མཚན་ཉིད་གཙོ་བོར་བཟུང་ཡོད་སྟབས་སྨན་པས་བལྟ་རེག་དྲི་གསུམ་གྱི་སྒོ་ནས་ནད་རིགས་ངོས་འཛིན་བྱེད་པར་འཁྲུགས་རྟགས་གིས་ནི་རིན་ཐང་དང་གོ་གནས་འགངས་ཆེན་བཟུང་ཡོད་པ་ང་ཚོས་ཅུང་ཙམ་དཔྱད་པས་ཤེས་ཐུབ།  འོན་ཀྱང་འདུ་བ་སྙོམས་སྒྲིག་གི་བླང་བྱ་དང་བོད་ལུགས་གསོ་རིག་གི་ནད་སྨན་སྤྲོད་པའི་རྩ་དོན་ལྟར་ན་གཙོ་བོ་མཚན་ཉིད་འཕེལ་ཟད་འཁྲུགས་གསུམ་ལས་རྒྱུ་ལྟ་བུའི་འཕེལ་ཟད་ཀྱི་ཆ་དེ་སྙོམས་པར་བྱེད་དགོས་པ་ཡིན་པས། རྒྱུད་ཀྱི་ནད་ཀྱི་དབྱེ་བ་དང་གཉེན་པོའི་སྦྱར་ཐབས་སྐབས་སུ་ཇི་སྐད་དུ།  གཙོ་བོས་དབྱེ་ན་རང་རྒྱུད་གཞན་རྒྱུད་ཅན། །རང་རྒྱུད་ཅན་ནི་རྐྱང་པ་རང་རྟགས་སྟོན། །འཕེལ་དང་རབ་འཕེལ་མཆོག་འཕེལ་ཟད་པར་སྦྱར།  །གཞན་རྒྱུད་ཅན་ལ་ལྡན་འདུས་བླ་གཉན་གསུམ། །ལྡན་པ་མཉམ་གསུམ་ཅིག་རབ་ལྷག་པ་དྲུག །འདུས་ལ་མཚུངས་ཅིག་རབ་འབྲིང་གསུམ་སྦྱར་དྲུག །གཉིས་གཅིག་ལྷག་པ་ལ་དྲུག་གོ་ལྡོག་ཟད། །འཕེལ་ཟད་འདྲེས་ལ་མཉམ་འཕེལ་ཟད་སྦྱར་དྲུག  །གཅིག་ཟད་གཉིས་འཕེལ་གོ་ལྡོག་བཅས་པ་དྲུག  །འཕེལ་ཟད་དབྱེ་བ་བདུན་ཅུ་རྩ་བཞིའོ།  །ཞེས་འཕེལ་ཟད་ཀྱི་དབྱེ་བ་ཞིབ་ཕྲར་བགར་ཡོད་པ་དང་།  དེ་བཞིན་རོ་སྦྱོར་གྱི་དགོས་པ་གསུངས་སྐབས།  རོ་བསྡེབས་སྦྱོར་བ་ལྔ་བཅུ་རྩ་བདུན་ཏེ།  །འཕེལ་ཟད་བདུན་ཅུ་རྩ་བཞིའི་གཉེན་པོར་སྦྱོར།  །ཞེས་གསུངས་པ་ལྟར་རོ།  །དེ་ལས་ང་ཚོས་གསང་གནད་ཅིག་ཤེས་ཐུབ་པ་ནི། ནད་ཀྱི་མཚན་ཉིད་འཕེལ་ཟད་འཁྲུགས་གསུམ་ལས་ནད་རིགས་ངོས་འཛིན་བྱེད་པར་འབྲས་བུ་ལྟ་བུའི་འཁྲུགས་པའི་རྟགས་གཙོ་བོར་བཟུང་དགོས་པ་དང་སྨན་བཅོས་ཀྱི་གཉེན་པོ་སྤྲོད་དུས་རྒྱུ་ལྟ་བུའི་འཕེལ་ཟད་དུ་གྱུར་པའི་ཆ་སྙོམས་སྒྲིག་བྱེད་པ་དེའོ། །