ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བོད་ཀྱི་གསོ་བ་རིག་པའི་དམིགས་བསལ་ཁྱད་ཆོས་སྐོར།

སྤེལ་དུས 2018-05-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
             ལྷོ་ཌའི་གསོ་དཔྱད་དུ་ཚན་རིག་གི་རང་བཞིན་ལྡན་ཞིང་ངོ་མཚར་བའི་ཁྱད་ཆོས་ཤིན་ཏུ་མང་སྟེ།  དཔེར་ན་རླུང་མཁྲིས་བད་ཀན་གསུམ་གྱིས་སྤྱི་ཁོག་ཕུབ་ཅིང་རང་རང་ནད་ཀྱི་གསོ་ཐབས་མདེ་ཁར་གདགས་པ་ལྟ་བུ་དང་། ཚ་བའི་ནད་ལ་སྨིན་སྡུད་དབྱེ་དགུག་གི་ཐབས་དང་གྲང་བའི་ནད་ལ་མ་ཞུ་མེ་དྲོད་གསོ་བའི་གདམས་པ།   གསོ་ཚུལ་དགུ་ཡིས་ནད་དང་གཉེན་པོ་སྤྲོད་པ་ལྟ་བུ་སོགས་གཞུང་དང་མན་ངག་གཉིས་ཀྱིས་བསྡུས་པའི་ཐུན་མིན་ཁྱད་ཆོས་རེ་རེ་ནས་གླེང་བས་མི་བཏུབ་མོད།  འདིར་མི་ཚོའི་སེམས་ཀྱི་དང་བ་འདྲེན་ནུས་ཤིང་དམིགས་བསལ་ཀྱི་རང་བཞིན་ལྡན་པའི་ཁྱད་ཆོས་གཙོ་བོ་སྐོར་ཞིག་སྟག་མོའི་རྔམ་ཐབས་ཀྱི་ཚུལ་དུས་བཅད་མ་སྟོང་ཙམ་ཞིག་འགོད་པ་ལ།          
༡. མི་ལུས་ཆགས་ཚུལ་རིག་པ།
             བོད་ཀྱི་གསོ་རིག་ལས་མི་ལུས་ཆགས་ཚུལ་གྱི་གཞུང་ལུགས་ནི་ནོར་བུ་མང་པོའི་དབུས་ཀྱི་འོད་དུ་འཚེར་བའི་མུ་ཏིག་རྡོག་པོ་ཞིག་དང་མཚུངས་པར་གནའ་བོའི་དུས་རབས་ནས་ཐོད་བརྒལ་གསར་བ་བྱུང་སྟེ་ཆེས་སྔོན་ཐོན་གྱི་ཡུལ་ཁམས་ཞིག་ཏུ་སླེབས་འདུག་པ་དང་།  དེ་ལས་ཟླ་རེ་བཞིན་མངལ་དུ་ཕྲུ་གུ་འཛིན་པའི་དུས་ཚོད་དང་། བུད་མེད་ལ་མངལ་འཛིན་རུང་བའི་རྟགས་སུ་ཟླ་མཚན་འབབ་པའི་དུས་ཡུན།   ཁུ་ཁམས་ཀྱི་མཚན་ཉིད། རྟེན་དང་མཚེ་མ་དབང་པོ་སྐྱོན་ཅན་སོགས་གཟུགས་ཀྱི་འགྱུར་ཚུལ། མངལ་འཕེལ་བའི་རྒྱུ་རྐྱེན་དང་དུས་ཡུན། དུས་སུ་བཙའ་མི་ཐུབ་པའི་འགལ་རྐྱེན་སོགས་མི་ལུས་ཆགས་ཚུལ་གྱི་བསྟན་དོན་མང་པོ་ཞིག་གི་ཐད་ནས་དེང་རབས་གསོ་རིག་ཚན་རིག་དང་དགོངས་པའི་ཆུ་བོ་གཅིག་ཏུ་འཁྱིལ་ཡོད་པ་དང་།  དེ་ལས་ཕྲུ་གུ་མའི་མངལ་དུ་ཟླ་བ་དགུའི་རིང་འཚར་འཕེལ་བྱུང་བའི་རྒྱུད་རིམ་དེ་ཉ་དང་།  རུས་སྦལ།  ཕག་བཅས་གནས་སྐབས་ཆེན་པོ་གསུམ་དུ་ཕྱེས་པ་ལྟ་བུར་མཚོན་ན། ཐོག་མའི་བསམ་གཞིག་ངོ་མ་ཅི་ལྟར་ཡིན་ཡང་གནས་སྐབས་མི་འདྲ་བ་གསུམ་དུ་བསྟན་པ་དེས་དུས་རབས་བཅུ་དགུ་བའི་རང་བྱུང་ཚན་རིག་གི་གསར་རྟོགས་ཆེན་པོ་གསུམ་གྱི་ཡ་གྱལ་ཏེ་དབྱིན་ཇིའི་སྐྱེ་དངོས་ཚན་རིག་སྨྲ་བའི་དབང་པོ་ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བའི་ལྟ་ཚུལ་དང་བསམ་བློ་རྣམས་གསལ་མཚོན་བྱུང་ཡོད་པ་ཀུན་གྱིས་ཁས་འཆེས་པ་དང་།  གནས་སྐབས་གསུམ་གྱི་བརྗོད་བྱ་འདི་བཞིན་བོད་ལུགས་གསོ་བ་རིག་པའི་དམིགས་བསལ་གྱི་ཁྱད་ཆོས་ཡིན་པ་ཙམ་དུ་མ་ཟད། གངས་ལྗོངས་གསོ་རིག་གི་རིག་པའི་ཉིང་བཅུད་ཅིག་ཏུ་ཕྱི་ནང་མཁས་དབང་ཡོངས་ནས་གཙིགས་མཐོང་བྱེད་བཞིན་པ་ལགས་སོ། །              
༢. གསོག་ལྡང་ཞི་གསུམ།
             གསོག་ལྡང་ཞི་གསུམ་ཞེས་པ་ནི་ན་ཚ་གང་ཞིག་ཐོག་མར་རང་གནས་སུ་ག་ལེར་གསོག  བར་དུ་རིམ་གྱིས་གཞན་གནས་སུ་ཞུགས་ཤིང་རྒྱས་ཏེ་ནད་རྟགས་མངོན་ཚུལ་སྟོན་པ།  ཐ་མ་སླར་རང་གནས་སུ་ལྡང་ཚད་ལྟར་མཉམ་པར་གནས་པ་སྟེ་ནད་གཞི་གང་གི་ཐོག་མཐའ་བར་གསུམ་དང་བཅས་པའི་རྒྱུད་རིམ་ཆ་ཚང་ལ་ཟེར་བ་དང་།  བོད་ལུགས་གསོ་བ་རིག་པས་ནད་གཞི་བྱུང་འཕེལ་གྱི་རྩ་བའི་ཆོས་ཉིད་(发病机理)ལ་ངོས་འཛིན་གནང་བའི་ཐུན་མོང་མ་ཡིན་པའི་ལྟ་བ་ཞིག་རེད། 
             བཤད་པ་སྐུའི་རྒྱུད་ལས། ངོ་བོ་རང་གནས་འཕེལ་བ་གསོག་པ་ཡིན། །ལྡང་བ་ལོག་པའི་ལམ་ཞུགས་རང་རྟགས་སྟོན།  །རང་གནས་མཉམ་གནས་ནད་མེད་ཞི་བ་ཡིན། །ཞེས་མཚན་ཉིད་བསྟན་པ་དང་།  མ་གཞི་གསོག་ལྡང་ཞི་གསུམ་གྱི་རྒྱུ་དང་ངོ་བོ་དུས་བཅས་བསྟན་པ་དེ་ནི་ནད་ཀྱི་རྐྱེན་བཤད་པའི་སྐབས་ཡིན་མོད།  གསོག་ལྡང་ཞི་གསུམ་ནད་ཀྱི་རྐྱེན་ཡིན་ཚུལ་བསྟན་པ་དང་ལྷན་དུ་གསོག་ལྡང་ཞེ་གསུམ་པོ་ནད་ཀྱི་རྒྱུད་རིམ་ཆ་ཚང་བ་ཞིག་ཏུ་དོན་དངོས་སུ་གྲུབ་ཡོད་པ་སྟེ།    ནད་གང་རང་གི་མཚན་ཉིད་དང་མཐུན་པའི་ཆོས་ཀྱིས་ཐོག་མར་རང་གནས་སུ་གསོག་པར་བྱེད་ནའང་མཚན་ཉིད་མཐུན་པ་དང་ལྷན་དུ་མི་མཐུན་པ་ཅིག་ཤོས་དང་འཕྲད་པར་གྱུར་པ་ལས་ནད་གང་དངོས་སུ་ལྡང་བར་མི་འགྱུར་ལ།  བར་དུ་མུ་མཐུད་མཚན་ཉིད་མཐུན་པ་དང་བསྟུད་མར་འཕྲད་པས་ནད་གཞི་དངོས་སུ་གཞན་གནས་སུ་ལྡང་བར་བྱེད་པ་དང་།  ཐ་མ་མཚན་ཉིད་མི་མཐུན་པའི་ཆོས་དང་འཕྲད་པས་སླར་ཡང་རང་གནས་སུ་ཞི་བར་བྱེད་པའོ།  །གསོག་ལྡང་ཞི་གསུམ་གྱི་རྒྱུ་ནི་དུས་དང་ཟས་སྤྱོད་སོགས་རིམ་པ་བཞིན་ནད་ཀྱི་མཚན་ཉིད་རྩུབ་ཡང་སོགས་ཉི་ཤུ་པོ་དང་མཐུན་དང་མི་མཐུན། མཐུན་པ། མི་མཐུན་པ་གསུམ་ཡིན་ལ། གསོག་ལྡང་ཞི་གསུམ་བྱེད་པའི་དུས་ལ་སོ་ག་སོགས་རྒྱུན་ལྡན་གྱི་འབྱུང་བའི་དུས་དང་། འཕྲལ་རྐྱེན་དུས་མིན་གྱི་གསོག་ལྡང་གཉིས་སུ་ངེས་པ་དང་ད་ལྟའི་ནད་ཐོག་ལག་ལེན་སྟེང་མཐོང་མང་བ་ནི་ཕྱི་མ་རེད། དེ་མིན་གཞུང་ལུགས་སུ་ནད་རིགས་ཇི་སྙེད་པ་གང་ཡང་གསོག་ལྡང་ཞི་གསུམ་དང་སྦྱར་ནས་སྨན་བཅོས་བྱེད་དགོས་ཚུལ་གྱི་རྩ་དོན་ཆེན་པོ་ཞིག་བསྟན་ཡོད་དེ། བཤད་རྒྱུད་གསོ་ཚུལ་སྤྱིར་བསྟན་པའི་ལེའུ་ལས། དང་པོ་རླུང་ལ་སོགས་པ་ཇི་སྙེད་ནད། །རང་གནས་གསོག་པའི་དུས་སུ་བསལ་བར་བྱ།    །ལངས་ཤིང་རྒྱས་ནས་ནད་གཞན་འཁྲུག་བྱེད་ཕྱིར།  །གཞན་ལ་གནོད་པ་མེད་པའི་སྦྱོར་བས་གསོ།  །ཞེས་དང་། གསོག་དུས་ཞི་ལ་ལངས་ནས་སྦྱང་བས་བཅོས། །ཞི་དུས་ཟས་སྤྱོད་གཟབ་ཅིང་མི་འཁྲུག་བྱ། །ཞེས་པ་ལྟར་ཤེས་པར་བྱའོ། །       ༣. རང་བྱུང་གི་སྨན་རྫས་དང་སྦྱར་ཐབས།
             འཛམ་གླིང་གི་ཏོག་ལྟར་གྱུར་པའི་མདོ་དབུས་མཐོ་སྒང་ནི་རང་རྒྱལ་གྱི་ས་ཁྱོན་ཡོངས་ཀྱི་བཞི་ཆའི་གཅིག་ཟིན་པ་དང་།  དེའི་ཆ་སྙོམས་ཀྱི་མཐོ་ཚད་མཚོ་ངོས་ལས་མུས་བཞི་སྟོང་ཙམ་ལ་སླེབས་ཀྱི་ཡོད་ལ།   དེའང་གྲང་ངར་ཆེ་ཞིང་དབྱང་དབུགས་ཞན་པ་དང་། ཉི་འོད་ཕོག་ཚད་ཀྱི་དུས་ཡུན་རིང་ཞིང་ཕྱིའི་སྨུག་ཐིག་གི་རྩིབས་འཕྲོ་(紫外线辐射)རྣོ་བ། ཉིན་མཚན་གྱི་དྲོ་གྲང་མི་སྙོམས་ཤིང་ས་ཁམས་ས་གཤིས་ཀྱི་གནས་བབ་ཪྙོག་འཛིང་ཆེ་བ་མ་ཟད།   རི་མཐོ་ཞིང་ས་གཙང་ལ་བཟོ་ལས་བཙོག་གྲིབ་ཀྱིས་མ་བསླད་པ་སོགས་མདོ་དབུས་མཐོ་སྒང་གི་དམིགས་བསལ་ཐོན་ཁུངས་ལས་སྐྱེ་དངོས་རྣམས་རང་བྱུང་གི་སྨན་རྫས་ཤ་སྟག་ཡིན་པའི་ཁར། སྦྱར་ཐབས་ཀྱི་ཆ་ནས་བཤད་ནའང་རོ་བསྡེབས་ནུས་བསྡེབས་ཞུ་རྗེས་བསྡེབས་ཏེ་སྦྱར་ཞེས་འདུ་བ་སྤྱི་སྙོམས་ལ་དམིགས་ཏེ་ཉེས་གསུམ་རྣམས་ལས་གཅིག་འཕེལ་ཟད་དུ་གྱུར་ཡང་གཞན་གཉིས་ལའང་བསམ་གཞིགས་ཀྱིས་ཕྱོགས་ཡོངས་ནས་སྡེབ་སྒྲིག་བྱེད་པ་ཞིག་ལགས་སྟབས་བྱིངས་ནས་བོད་སྨན་ལ་ཞོར་སྐྱོན་དང་ལོག་སྐྱོན་མེད་ཅིང་ཉུང་བའང་གནད་དེར་ཐུག་པ་དང་།  མཐོ་སྒང་གི་དམིགས་བསལ་མཁའ་དབུགས་དང་ཉི་འོད་རྩིབས་འཕྲོ་རྣོ་བ་སོགས་ཀྱི་དབང་གིས་རྩི་ཤིང་གི་སྐྱེ་ལུགས་དང་དབྱིབས་རྣམ་སྨན་ལུགས་བཅས་ལ་ཐུན་མིན་གྱི་ཁྱད་ཆོས་མང་པོ་ཞིག་མཆིས་པས།  ནད་རིགས་གསོ་ཚུལ་ཕྱོགས་ནས་ཀྱང་གཞན་གང་གིས་ཀྱང་བསྒྲུན་དུ་མེད་པའི་དགེ་མཚན་དུ་མས་ཕྱུག་གོ།  
             སྨན་རྫས་སྦྱར་ཐབས་དང་འདུལ་སྦྱོང་གི་ངོས་ནས་ཞུ་ན།  རོ་སྦྱོར་དང་།  ནུས་སྦྱོར། ཞུ་སྦྱོར་དང་ཡོན་ཏན་ལ་སོགས་པའི་སྦྱར་ཐབས་སྣ་ཚོགས་མཆིས་པ་དང་།  དེ་ལས་རོ་སྦྱོར་གཅིག་པུར་མཚོན་ནའང་རོ་བསྡེབས་སྦྱོར་བ་ལྔ་བཅུ་རྩ་བདུན་གྱིས་ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་པ་སོགས་སྨན་སྦྱོར་གཞུང་གི་དགོངས་པ་ལ་བརྟེན་ནས་སྦྱར་བའི་ཐབས་ལ་བརྩོན་པ་དང་། རྩི་ཤིང་དང་སྲོག་ཆགས་གཏེར་དངོས་གསུམ་གྱིས་བསྡུས་པའི་རང་བྱུང་སྨན་རྫས་རྣམས་ཀྱང་རྣོ་འདོན་པ་དང་། དུག་འཕྲལ་བ། གཡའ་ཕྱིས་པ། འཇམ་བཙལ་བ། འཕྲོད་པར་སྦྱར་བ། ནུས་པ་ཆེ་རུ་བསྐྱེད་པ་སོགས་ཀྱི་ཐབས་རྩལ་ལ་བརྟེན་པ་ནི་བོད་ལུགས་སྨན་རིག་གི་དམིགས་བསལ་གྱི་འདུལ་སྦྱོང་སྦྱར་ཐབས་དག་སྟེ།  ཅོང་ཞིར་ཆ་བཞག་ན།   ཐབས་རྩལ་མི་འདྲ་བའི་འདུལ་སྦྱོང་དབང་གིས་ཅོང་ཞི་ཞེས་རྫས་གཅིག་ཡིན་པ་ལ་སྨན་ནུས་མི་གཅིག་པ་སྣ་མང་རང་བཞིན་ཅན་དུ་འགྱུར་བ་ལྟ་བུ་དང་། རིན་ཆེན་དང་པོ་གསེར་ལ་མཚོན་ན་ཐུན་མོང་མ་ཡིན་པའི་འདུལ་སྦྱོང་གི་བཟོ་རྩལ་ལས་ཐལ་བའི་རྡུལ་དུ་བརླགས་ཤིང་དེང་རབས་གསོ་རིག་ཚན་རིག་གིས་འདོད་པའི་མི་ལུས་ལ་གནོད་འགྱུར་གྱི་ལྗིད་ཚད་ཆེ་བའི་ལྕགས་རིགས་(重金属)མེད་པར་བཟོ་ཐུབ་པ་མ་ཟད། མིའི་ལུས་སྲོག་རིང་དུ་འཚོ་ཞིང་བསྲིངས་པ་དང་ལག་ལེན་ཁྲོད་ནད་བརྒྱ་སྨན་གཅིག་གི་བེད་སྤྱོད་རིན་ཐང་ལྡན་པ་ལྟ་བུའོ། །               
༤.རྩ་ཆུའི་བརྟག་པ།
             རྩ་བ་ཐུགས་ཀྱི་རྒྱུད་ལས། ནད་ལ་བལྟ་རེག་དྲི་བས་ཡོངས་ཤེས་བྱ། །མིག་གིས་བལྟ་བ་ལྕེ་དང་ཆུ་ལ་བརྟག  །བརྟག་པ་འདི་ནི་མཐོང་བ་ཡུལ་རིག་ཡིན། །སོར་མོས་རེག་པ་བརྡ་སྦྱོར་འཕྲིན་པ་རྩ།  །བརྟག་པ་འདི་ནི་དཔྱོད་པ་དོན་རིག་ཡིན།  །ཞེས་དང་། རྒྱུད་བཞིའི་མཇུག་དོན་ལས།  ངོས་བཟུང་བརྟག་ལ་སྟོང་དང་ཉིས་བརྒྱ་ཡང་། །བལྟ་རེག་དྲི་བར་མ་འདུས་བརྟག་ཐབས་མེད། །རེག་པ་རྩ་ལ་འཚོ་འཆི་ལ་ཤན་གསལ།  །བལྟ་བ་ཚ་གྲང་ཆུ་ལ་མཐོང་བས་གསལ།  །སློང་རྐྱེན་གར་བབས་ན་ལུགས་དྲིས་པས་ཤེས། །ཞེས་གསུངས་པ་ལྟར་ནད་ལ་བརྟག་ཐབས་ཧ་ཅང་མང་པོ་ཞིག་ཡོད་ནའང་།  རེག་པ་རྩ་དང་མཐོང་བ་ཆུ་གཉིས་ལ་བརྟག་པ་ནི་བོད་ལུགས་གསོ་རིག་གི་ངོས་བཟུང་རྟགས་ཀྱི་རིག་པ་ལས་ཆེས་འགངས་ཆེ་ཞིང་སྒེར་ཆོས་གསལ་བའི་བརྟག་ཐབས་གཙོ་བོའི་གྲས་རེད།   
             (1)གསོ་བ་པོ་སྨན་པས་རྣམ་དཔྱོད་ཕྲ་མོའི་རིགས་པ་ལ་བརྟེན་ནས་ནད་ངོས་བཟུང་བ་ནི་རེག་པ་རྩའི་བརྟག་ཐབས་ཏེ། ཐོག་མར་རྩ་ཇི་ལྟར་འཕར་བའི་ཚུལ་ནི། པོད་དམར་ལས། སྙིང་ལ་གནས་པའི་ཁྱབ་བྱེད་ཀྱིས། །ལས་རྣམས་སྤྱི་དང་ཁྱད་པར་དུ། །སྙིང་གི་བུ་ག་གདངས་ཟུམ་བྱེད།  །ཇི་ལྟར་སྦུད་པས་རླུང་འབུད་བཞིན། །ཁྲག་རྣམས་བུ་ག་རྣམས་སུ་གཏོར། །དེ་ཚེ་ལུས་ཀྱི་ཆ་ཤས་ཀྱི། །རྩ་ཡང་ལྷན་ཅིག་འཕར་བར་བྱེད།   །ཅེས་དེང་རབས་གསོ་རིག་ཚན་རིག་གི་བཞེད་པ་དང་དངོས་སུ་མཐུན་པའི་ངོས་འཛིན་གྱི་གདམས་པ་དྲོན་མོ་ཆེས་སྔ་མོའི་དུས་ནས་འཛམ་གླིང་ཤེས་རིག་གི་དགའ་སྟོན་ཏུ་མཛད་ཡོད་པ་དེ་བཞིན་དང་།  འཕར་བའི་རྩ་ལ་བརྟེན་ནས་ནད་ཡོད་མེད་དང་ནད་རིགས་བྱེ་བྲག་པ་རྟོགས་ཐུབ་པའི་རྒྱུ་མཚན་ནི། །རྗེ་གཡུ་ཐོག་པ་ཆེན་མོས། རྒྱུགས་རྩ་ཁོང་སྟོང་ཡངས་པའི་ནང་།  །དོན་སྣོད་བཅུ་གཉིས་རྩ་ཡི་མཚོའི།  །རྦ་རླབས་ཕྲེང་བ་ཇི་བཞིན་དུ། །མ་འདྲེས་སོ་སོར་རྒྱུ་བ་ཡོད། །ངོ་བོ་རླུང་ཁྲག་བྱེད་ལས་ཡིན། །ཐ་སྙད་རྩ་ལ་བརྟག་ཅེས་བྱ།  །རྩ་ལ་བརྟག་ཀྱང་རླུང་ལ་བརྟག  །རླུང་ཁྲག་རྩ་གསུམ་ཟུང་འཇུག་ཡིན། །ཞེས་དང་། གོང་སྨན་པའི་རྩའི་སྟོང་ཐུན་ལས། ཚོང་དཔོན་ལྟ་བུའི་ཁྱབ་བྱེད་རླུང་། །ལུས་ཀྱི་གནས་ཀུན་རྒྱུ་པའི་ཕྱིར། །ཚོང་གཞིས་ལྟ་བུའི་དོན་སྣོད་ཀྱི། །ནད་རྟགས་རྩ་རུ་མངོན་པར་འགྱུར།།ཞེས་དང་། ཡང་།མཁྲིག་མའི་བལྟ་རྩ་རྒྱུན་གཅིག་ལ།  །དོན་སྣོད་བཅུ་གཉིས་རྩ་ཡི་རྒྱུན།  །དུས་གཅིག་མི་འདྲ་མི་འབྱུང་ཡང་། །ནད་ཁམས་རྐྱེན་གྱིས་འགྱུར་བའི་ཚེ། །ཕ་ཙེ་རེ་སོ་ཇི་བཞིན་དུ། །མ་འདྲེས་རང་རང་གནས་སུ་མངོན། །ཞེས་གཏན་ཚིགས་ཀྱི་རིགས་སྒོ་དང་མཐུན་པར་ཁ་གསལ་པོར་གསུངས་ཡོད་པའོ།  །གཞན་ངོ་མཚར་རྩ་བདུན་དང་།  ཚེ་རིང་མིན་བརྟག་ཐབས་ཀྱི་བླ་རྩ། འཚོ་འཆི་ལ་ཤན་རྩ་ཡིས་འབྱེད་པའི་རིགས་པ།  རྩ་ཡི་མནན་ཚད་དང་བལྟ་ཚུལ་སོགས་གཞན་དང་མི་མཚུངས་པའི་བོད་ལུགས་ཀྱི་ཁྱད་ཆོས་མང་དུ་མཐོང་།  
             (2)མཐོང་བ་མེ་ལོང་ཆུ་ལ་བརྟག་པ་ནི། ཐོག་མར་དྲི་ཆུའི་གྱུར་ཚུལ་བཤད་པ་ལ་རྒྱུད་ལས། གྱུར་ཚུལ་ཟས་སྐོམ་ཕོ་བར་དྭངས་སྙིགས་ཕྱེས། །སྙིགས་མ་རྒྱུ་མའི་ནང་ཚུད་སྐ་སླ་བྱེ།   །སླ་བ་རྒྱུ་གྲོག་རྩ་ནས་ལྒང་པར་འདྲིལ། །དྭངས་མ་མཆིན་པའི་གནས་བརྒྱུད་ཁྲག་ཏུ་འགྱུར།  ཁྲག་གི་སྙིགས་མ་མཁྲིས་པའི་གནས་སུ་གསོག །མཁྲིས་པའི་དྭངས་མ་ལུས་ཀྱི་ཆུ་སེར་འགྱུར། །མཁྲིས་པའི་སྙིགས་མ་ཆུ་ཡི་ཀུ་ཡར་འགྱུར། །རྩ་མིག་འགྲིམས་ནས་ལྒང་པའི་ནང་དུ་གསོག །དེ་ཕྱིར་ཆུ་ཡི་ཁ་དོག་ཟས་ཀྱིས་བསྒྱུར། །ཀུ་ཡ་ཁྲག་མཁྲིས་གནས་ནས་འབྱུང་བའི་ཕྱིར། །ལུས་ལ་ཚ་གྲང་གང་ཡོད་ཆུ་ལ་གསལ།  །དཔེར་ན་ཚོང་པས་ཚོང་འདུས་གཏམ་བརྗོད་བཞིན། །ཞེས་ཕོ་རྒྱུ་མཆིན་པའི་གནས་སུ་དྲི་ཆུ་ཇི་ལྟར་གྱུར་ཞིང་ལྒང་པའི་ནང་དུ་གསོག་པའི་གནས་ལུགས་ཚན་རིག་དང་མཐུན་པའི་སྒོ་ནས་གསུངས་པ་མ་ཟད། དྲི་ཆུའི་བྱེ་བྲག་གི་བརྟག་ཚུལ་ཏེ། ཚན་དེའི་དུས་སུ་མདོག་རླངས་དྲི་མེ་ཏོག །ངད་ཡལ་དུས་སུ་ཀུ་ཡ་སྤྲིས་མ་བརྟག །གྲང་ནས་ལྡོག་དུས་ལྡོག་ཚུལ་ལོག་རྗེས་བརྟག །ཅེས་དུས་གསུམ་བརྟག་ཚུལ་དགུ་པོ་ཞིབ་པར་བཀོད་པ་དང་། ཚ་གྲང་ལ་ཤན་ཆུ་ལ་གསལ་ཞིང་སྣོད་དྲུག་གི་ན་ཚ་ཆུ་ལ་མངོན་ལུགས་སོགས་དོན་དངོས་གནས་ལུགས་དང་སྒོ་བསྟུན་ནས་གསུངས་པས། ཀྲུང་གོའི་སྲོལ་རྒྱུན་གསོ་རིག་སྤྱི་བཤད་ཅེས་པར། “在藏医所有的诊断方法中,尿诊最具有特色。 在已知的世界上各种传统医疗体系中,还没有其他任何医疗体系的尿诊内容及其观察的认真细致能与藏医的尿诊相比。”( 《中国传统医学概览)北京,中国中医药出版社1997年11月 ,第一版p122)ཞེས་སྨྲས་པ་ནི་ངེས་ངེས་གནད་ལ་འཁེལ་ཞིང་གསོང་པོར་བརྗོད་པའི་གཏམ་ཞིག་ཏུ་འཁུམས་སོ། །              
༥. གསོ་ཚུལ་དགུ།
             སྤྱིར་གསོ་ཚུལ་ཞེས་པ་ནི་ནད་རིགས་གསོ་བཅོས་བྱེད་པའི་གཞི་རྩའི་རྩ་དོན་ཏེ་སྨན་བཅོས་ཀྱི་རྩ་དོན་ལ་བརྗོད་པ་དང་། སྨན་བཅོས་ལག་ལེན་སྐབས་སུ་ཐོག་མར་སྨན་བཅོས་རྩ་དོན་གཏན་འཁེལ་ཟིན་རྗེས་ད་གཟོད་བྱེ་བྲག་གི་གནས་ཚུལ་ལ་གཞིགས་ཏེ་ནད་ཀྱི་སྟེང་དུ་སྨན་དཔྱད་སོགས་གཉེན་པོ་དངོས་གཏོང་བ་ཞིག་ཡིན།  དེའང་ཇི་སྐད་དུ།  ནད་ལ་གསོ་ཐབས་དཔག་ཏུ་མེད་མོད་ཀྱང་།།གསོ་ཚུལ་མེད་ན་མུན་པར་མདའ་འཕེན་འདྲ། །ཞེས་དང་། ནད་དང་གཉེན་པོ་སྤྲོད་ཕྱིར་གསོ་ཚུལ་གཅེས། །ཞེས་པ་ལྟར་ལག་ལེན་ཏུ་ནད་ཚུལ་མི་འདྲ་བ་རེ་ལ་གསོ་ཚུལ་མི་གཅིག་པ་རེ་ཡོད་རུང་བས་ན་ནད་ཀྱི་གསོ་ཐབས་ལ་ནི་དེ་བས་གྲངས་ཀྱི་ངེས་བསྟན་ཡོད་པ་མ་ཡིན་སྟབས། སྨན་པ་ཞིག་གི་ཆ་ནས་དེ་རེ་རེ་བཞིན་བློར་ངེས་དཀའ་བས་རྒྱུད་ལས་གསུངས་པའི་སྤྱི་བྲེ་བྲག་གི་གསོ་ཚུལ་ཡིད་ལ་འཛིན་པ་ཤིན་ཏུ་གཅེས་ཤིང་ལྷག་དོན་ཁྱད་པར་གྱི་གསོ་ཚུལ་དགུ་པོ་ནི་བོད་ལུགས་སྨན་བཅོས་ཀྱི་ནད་སྨན་སྤྲོད་པའི་གཅུས་གཟེར་ལྟ་བུར་མངོན་ཞིང་ནད་ཐོག་བེད་སྤྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་པའི་མན་ངག་རང་ལགས་སོ།།  
             ཁྱད་པར་གསོ་ཚུལ་ཞེས་པའི་གོ་དོན་ནི།  ཁྱད་པར་ཞེས་མི་འདྲ་བ་ཁྱད་ཡོད་པའམ་ཡང་ན་ངོ་མཚར་ཅན་ཁྱད་དུ་འཕགས་པའི་དོན་དང་།   སྐབས་འདིར་ཁྱད་པར་ཅན་གྱི་ཐབས་ཤེས་ལ་བརྟེན་ནས་གྲུབ་འབྲས་ཁྱད་པར་ཅན་སྟོན་པའི་དོན་ཏེ་ནད་རིགས་སྤྱི་བྱེ་བྲག་པ་སོ་སོའི་ཁྱད་ཆོས་དངོས་དང་བསྟུན་ནས་གང་ལ་དེ་འཚམ་གྱིས་གསོ་བཅོས་བྱེད་པའི་ཐབས་ཚུལ་འཛིན་པ་ཞིག་ལ་བྱ།  དེ་ཡང་རྒྱུད་ལས།  ཁྱད་པར་གསོ་བའི་ཚུལ་ལ་རྣམ་པ་དགུ །མ་རྟོགས་དོགས་བཅས་གདེངས་མ་ཐོབ་པའི་ནད། །བྱི་ལ་འཇབ་པ་ལྟ་བུའི་སད་མདས་བཅོས། །ངོས་ཟིན་ངེས་པ་ཪྙེད་ཅིང་གདེངས་ཐོབ་ན། ། སྤོ་ལ་དར་འཕྱར་ལྟ་བུར་དངོས་སུ་བཅོས།  །གཉེན་པོ་ཐོག་ཏུ་མི་འབབ་ནད་ལམ་གཟུད།  །རྟ་རྒོད་དཀྱུས་སུ་འཛུད་པ་ལྟ་བུར་བཅོས།  །སྔར་བཅོས་ནད་ལ་དམན་ལྷག་ལོག་པ་གསུམ།  །བརྟགས་ལ་སྐྱར་མོ་ལེན་བཞིན་དུ་བཅོས།  །སྟོབས་ཆེན་ནད་ལ་སྨན་དཔྱད་ཟས་སྤྱོད་བཞི།  །ལག་གཏོད་མི་ཤ་འཕྲང་འཕྲད་ལྟ་བུར་བཅོས།  །སྟོབས་ཆུང་ནད་ལ་སྤྱོད་ལམ་ཟས་སྨན་དཔྱད།  །སྐས་གདང་ལྟ་བུར་མས་འཛེག་རིམ་པས་བཅོས། །རྐྱང་པའི་ནད་ལ་དཔའ་བོས་དགྲ་འདུལ་བཞིན། །དེ་གཞིལ་གཞན་ལ་གནོད་མེད་སྦྱོར་བས་བཅོས། །ལྡན་འདུས་ནད་ལ་འདུ་བ་ཆ་སྙོམས་གཅེས།  །གཙོ་བོས་དམེ་ཤོར་འཁྲུག་ཟླུམས་ལྟ་བུར་བཅོས།  །ཀུན་ལ་གནོད་བྱ་ལ་སོགས་ཆོས་བཅུར་སྦྱར། །མཛོ་ཁལ་ལུག་ཁལ་ལྟ་བུར་འཚམ་པས་བཅོས། །ཞེས་དཔེ་དོན་སྦྱར་བའི་སྒོ་ནས་ནད་གསོ་བའི་ཚུལ་མི་འདྲ་བ་ཁྱད་པར་ཅན་དགུ་རུ་བསྡུས་ནས་བསྟན་པ་དང་།  རིགས་པའི་གཞུང་ལུགས་དང་གཏན་ཚིགས་རིག་པའི་ཐད་ནས་ཅི་ལྟར་དཔྱད་ཀྱང་གསོ་ཚུལ་དགུ་རུ་མ་འདུས་པའི་སྨན་བཅོས་རྩ་དོན་ཡན་གར་བ་ཞིག་ལོགས་སུ་བཙལ་མི་ཪྙེད་པར་གསུངས་པ་རེད།           
༦.གཉེན་པོ་ཟས་སྤྱོད་སྨན་དཔྱད།
             གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་ཀྱང་། །སྨན་དཔྱད་ཟས་སྤྱོད་བཞི་རུ་མ་འདུས་མེད།  །ཅེས་བོད་ལུགས་གསོ་རིག་གི་གཞུང་དུ་གསོ་བྱེད་གཉེན་པོ་མཐའ་དག་ཟས་སྤྱོད་སྨན་དཔྱད་བཞི་རུ་དྲིལ་བ་འདི་བཞིན་དེང་རབས་གསོ་རིག་གིས་མཚོན་པའི་འཛམ་གླིང་གི་རྣམ་གྲངས་མི་འདྲ་བའི་གསོ་དཔྱད་དག་གི་གཉེན་པོ་གང་ཡང་གཏན་ཚིགས་ཀྱི་སྒོ་ནས་བསྡུ་ན་གྲངས་འདི་བཞི་རུ་མ་འདུས་པ་ཅི་ཡང་མེད་དོ། །   
དེ་ཡང་ཟས་སྤྱོད་སྨན་དཔྱད་བཞི་ལས་ཟས་སྤྱོད་གཉིས་ནི་ནད་ཡོད་མེད་གང་གི་སྐབས་སུའང་ཁ་འབྲལ་མི་རུང་ཞིང་ངང་ངམ་ཤུགས་ལ་གནས་པའི་གསོ་བྱེད་ཀྱི་ཐབས་ལམ་ཞིག་ཡིན་པས་མི་ཚད།  ནད་ལ་ལྷག་ཅིག་བསྐྱེད་པའི་རྐྱེན་བཞི་ཡོད་པ་ལས་གཙོ་བོའི་གྲས་ཡིན་པ་དང་།  བར་མ་ནད་ཀྱི་གཉེན་པོར་གྱུར་པའི་སྨན་ཞེས་པ་ནི་ཕན་པའི་དོན་ཏེ་འབྲས་མིང་རྒྱུ་ལ་བཏགས་པ་ཚེ་སྲོག་ལ་ཕན་ཞིང་ནད་སེལ་ནུས་པ་དེ་ལ་བྱ་བ་དང་།   ཐ་མ་དཔྱད་ནི་གཏར་བསྲེག་དབུག་འབྱིན་སོགས་ལུས་ཀྱི་ཕྱི་ནས་ནད་ཕྱིར་འབྱིན་པའམ་ཞི་བའི་ཐབས་སྟོན་པ་མཐའ་དག་ལ་ཟེར། རྒྱུད་ཀྱི་ཐོག་མཐའ་བར་གསུམ་དུ་ཟས་སྤྱོད་སྨན་དཔྱད་དང་སྨན་དཔྱད་ཟས་སྤྱོད་ཅེས་གོ་རིམ་མི་འདྲ་བ་དུ་མ་འབྱུང་བར་དགོས་པ་དགོངས་གཞི་དམིགས་བསལ་ཅན་མཆིས་ཏེ།  སྨན་དཔྱད་ཟས་སྤྱོད་ཅེས་སྨན་ཐོག་མ་དང་། དཔྱད་གཉིས་པ། གསུམ་པ་ཟས། སྤྱོད་ལམ་ཐ་མར་གསུངས་པ་ནི་ནད་གསོ་བའི་གཉེན་པོའི་གཙོ་ཕལ་ལམ་ནད་ཐོག་ཏུ་རྒྱུགས་ཆེ་ཆུང་གི་སྒོ་ནས་བཞག་པ་དང་།  དཔྱད་སྨན་ཟས་སྤྱོད་ཅེས་པ་གསོ་ཚུལ་གྱི་དགོས་མཁོ་དབང་གིས་ནད་སྟོབས་ཆེ་བར་གཞིགས་ནས་གསུངས་པ་སྟེ། ཇི་སྐད་དུ། སྟོབས་ཆེན་ནད་ལ་དཔྱད་སྨན་ཟས་སྤྱོད་བཞི།    །ལག་གཏོད་མི་ཤ་འཕྲང་ཕྲད་ལྟ་བུར་བཅོས། །ཞེས་ཚ་བ་སྟོབས་ཅན་གྱི་ནད་ཞིག་ལ་མཚོན་ན་དང་པོ་རྩེ་ཆུང་གཏར་བ་སོགས་དཔྱད་དང་། དེ་ནས་ག་བུར་གྱི་སྦྱོར་བ་སོགས་སྨན། དེ་ནས་ཟས་དང་མཇུག་ཏུ་སྤྱོད་ལམ་བསྟེན་པའི་སྒོ་ནས་གསོ་བ་ལྟ་བུ།  དེ་བཞིན་སྤྱོད་ལམ་ཟས་དང་སྨན་དཔྱད་ཅེས་པའང་གསོ་ཚུལ་དབང་གིས་ནད་རིགས་སྟོབས་ཆུང་གྲས་ལ་ཁ་གཏད་ནས་གསུངས་པ་སྟེ། སྟོབས་ཆུང་ནད་ལ་སྤྱོད་ལམ་ཟས་སྨན་དཔྱད།།  སྐས་གདང་ལྟ་བུར་མས་འཛེག་རིམ་པས་བཅོས། །ཞེས་དང་། སྟོབས་ཆུང་ནད་ལ་དང་པོ་སྤྱོད་ལམ་གཟབ། །དེས་མ་ཞི་ན་ཕན་གནོད་ཟས་ཀྱིས་བཅོས། །དེས་མ་ཞི་ན་བསིལ་དྲོད་སྨན་གྱིས་བཅོས།  །གསུམ་གས་མ་ནོན་དཔྱད་ཀྱིས་ནད་ཡུལ་དབྱུང་། །ཞེས་པས་ཤེས་སླའོ། །        
༧ .གཏར་བསྲེག་ལུམས་བྱུག་གི་ལག་ལེན།
             གཏར་བསྲེག་ལུམས་བྱུག་བཞི་ནི་གསོ་ཐབས་ལག་ལེན་བཅོ་བརྒྱད་ཀྱི་ཡ་གྱལ་དང་འཇམ་རྩུབ་དཔྱད་ལས་གསོ་བཅོས་ཀྱི་ཕན་འབྲས་ཆེ་ལ་མྱུར་ཞིང་ལག་རྩལ་གྱི་རང་བཞིན་མངོན་གསལ་ལྡན་པའི་བོད་ལུགས་ཀྱི་ཁྱད་མཚར་བའི་བཅོས་ཐབས་ཅུང་རྒྱུགས་ཆེ་བ་དག་རེད།    
(1)གཏར་ག  
             ངེས་ཚིག་ནི་གཏར་ཞེས་ཕུག་པའི་དོན་དང་། ཁ་ནི་དོན་སྣོད་རང་རང་གི་རྩའི་གཏར་དམིགས་སྟེང་དུ་གཙགས་བུས་ཕུག་ཅིང་ཁྲག་ངན་དབྱུང་བའི་ལམ་ཁ་བཏོད་པ་ལྟ་བུ་བྱས་པ་ལ་གཏར་ཁའམ་གཏར་ག་ཞེས་བྱ་བ་དང་། ཇི་སྐད་དུ། ནད་དངོས་ཕྱིར་འབྱིན་དཔྱད་མཆོག་གཏར་གར་བཤད།  །ཅེས་པ་བཞིན་ཁྲག་དང་མཁྲིས་པའི་ནད་རིགས་གཙོ་བོར་གྱུར་པའི་འགྲམས་ཚད་དང་།  འཁྲུགས་ཚད། སྐྲངས་པ། རྨ་རིགས། དྲེག་དང་སུར་ཡ། ཆུ་སེར་པགས་ནད་སོགས་ཀྱི་ནད་གཞི་རྩད་ནས་འབྱིན་ཞིང་དངོས་སུ་ཕྱིར་དབྱུང་བར་བྱེད་པའི་ཐབས་ཤེས་ཤིག་སྟེ།  ནད་གསོ་བའི་གནས་ལུགས་ནི་ཁྲག་གི་འཁོར་རྒྱུན་ལ་སྐུལ་འདེད་བྱས་པ་ལས་གསོ་བཅོས་ཀྱི་དམིགས་འབེན་སྟེང་སླེབས་ཀྱི་ཡོད་པ་ཞིག་རེད།    
(2)མེ་བཙའ།   
             མེ་བཙའི་དཔྱད་ནི་ལུས་ཁམས་ཀྱི་གསང་དམིགས་དང་ནད་དམིགས་རྣམས་སུ་ཏེལ་བའམ་སྤྲ་མེས་བཙོ་བ་དང་། བསྲེག་པ། བསྲོ་བ། སྡིག་པ་བཅས་ཀྱི་ཐབས་ལ་བརྟེན་ནས་གསོ་དཀའ་བའི་ནད་རིགས་ཁག་ཅིག་གསོ་བཅོས་བྱེད་པ་ལ་ཟེར། རྒྱུད་ལས། ཨ་ནའི་ཟུག་གཅོག་རླུང་ནད་ཁ་ཡན་གནོན། །གསོ་དཔྱད་གཞན་བརྡུགས་ཕལ་ཆེར་མེས་ཡིས་གསོ། །ཞེས་པ་ལྟར།མ་ཞུ་བའི་ནད་དང་། མེ་ཉམས། སྐྲན་ནད། སྟོངས་ཚད། བརྗེད་བྱེད། སྙིང་རླུང་སོགས་མདོར་ན་བད་རླུང་ལས་གྱུར་ཞིང་གཞན་གྱིས་བཅོས་བརྡུགས་པའི་ནད་རིགས་ཕལ་མོ་ཆེར་སྤྲ་བའི་ཆོ་ག་ཚུལ་བཞིན་བྱས་པའི་མེ་ཡིས་ནད་སྟོབས་དང་ན་ཚོད་རང་བཞིན་སོགས་ལ་དཔགས་ཏེ་བཙོ་བསྲེག་བསྲོ་སྡིག་བགྱིས་པ་ཡིས། ཨ་ན་ཨ་ཚ་ཞེས་པའི་ཟུག་རྔུའི་འཁུན་སྒྲ་འཕྲལ་མར་གཅོག་པ་བཅས་ཀྱི་ཕན་འབྲས་ངེས་ཅན་ལྡན་པ་དང་། མེ་བཙའ་གདབ་སའི་དམིགས་ནི་ནད་ཀྱིས་ཚུར་བསྟན་པའི་མ་ངེས་པའི་ནད་དམིགས་དང་སྨན་པས་ཕར་བཙལ་བའི་ངེས་གཏན་གྱི་དོན་སྣོད་གསང་དམིགས་གཉིས་སུ་སྣང་བ་དང་། མེ་གདབ་པར་བརྟེན་ནས་རྩ་ལམ་གང་ལ་ཕོག་ཐུག་དང་ཡང་ན་རླུང་ཁྲག་དྲོས་པར་བྱས་པ་བརྒྱུད་ནས་འབྱུང་ཁམས་སྙོམས་ཤིང་ནད་ཀྱི་ཟུག་རྔུ་འཇོམས་ཐུབ་པ་ཞིག་ཡིན།      
(3)ལུམས།   
             ལུམས་ཞེས་པ་བྱེད་ལས་ལ་བལྟོས་ནས་བཏགས་པ་སྟེ་བརླན་པའི་དོན་ཡིན་ལ། དེས་རྩ་རྒྱུས་གྱོང་པོ་རྣམས་རླན་ཕབས་ཤིང་མཉེན་པར་བྱེད་ནུས་པས་སོ། །དེ་ལ་རྣམ་པའི་སྒོ་ནས་དབྱེ་ན་ཆུ་ལུམས་དང་།  རླངས་ལུམས།  བཅིང་ལུམས་བཅས་སུ་ཡོད་པ་དང་།  སྨན་རྫས་ཀྱི་གྲུབ་ཆ་མི་འདྲ་བར་གཞིགས་ནས་མི་རུས་བཙའ་མའི་ལུམས་དང་། འབྲུ་སྣའི་ལུམས། མེ་ཏོག་སྣ་ཚོགས་ཀྱི་ལུམས་སོགས་དབྱེ་སྒོ་མང་ཡང་། ད་ལྟའི་ནད་ཐོག་ཏུ་སྤྱོད་སྒོ་ཆེ་བ་ནི་བདུད་རྩི་ལྔ་ལུམས་རེད།  ལུམས་དཔྱད་འདིས་ནད་རྟགས་རེངས་འཁུམས་ཞ་སྐྲངས་རིགས་དང་།  ནད་གནས་རྩ་རུས་པགས་པའི་ནད། ནད་ཀྱི་ངོ་བོ་རླུང་དང་ཆུ་སེར་ཤུགས་ཆེ་བ་དག་སྟེ།  དེང་སང་མཐོང་མང་ཞིང་བཅོས་དཀའ་བའི་ནད་རིགས་རྩ་དཀར་དང་། རླུང་ནད།  གྲུམ་བུ། པགས་ནད་སོགས་ལ་ཕན་ཆེ་བའི་དཔྱད་བཅོས་ཤིག་ལགས་པས།  མིག་སྔར་རང་རྒྱལ་གྱི་ལུམས་བཅོས་ཚན་པ་ཁག་ཅིག་ལ་རྒྱལ་ཁབ་རིམ་པའི་གཙོ་ནད་ཆེད་ཚན་ཞེསྭ་པའི་ཆོ་ལོ་བསྩལ་ནས་དགེ་མཚན་ལྡན་པའི་རང་བྱུང་གསོ་ཐབས་ཤིག་ཏུ་བརྩིས་ནས་ཅི་ནུས་ཀྱིས་སྔོག་འདོན་དང་དར་སྤེལ་བྱེད་བཞིན་པ་དེ་ལྟར་རེད།    
(4)བྱུག་པ།   
             བོད་ལུགས་གསོ་བ་རིག་པའི་བྱུག་བཅོས་སུ་ཐོག་མར་བྱུགས་པ་དང་། བར་དུ་མཉེ་བ།    ཐ་མ་ཕྱི་བ་སྟེ་བྱུགས་མཉེ་ཕྱི་གསུམ་ཞེས་ཁག་གསུམ་གྱི་སྒོ་ནས་བསྟན་ཡོད་པ་དང་།  བྱུག་པ་ཆ་ཚང་བ་ཞིག་ཡིན་ཚེ་དེ་གསུམ་གྱི་གོ་རིམ་ངེས་པར་དུ་འཛོམས་དགོས།   ད་ལྟའི་བོད་ལུགས་སྨན་བཅོས་ཀྱི་ལག་ལེན་ཁྲོད་དུ་བྱུག་བཅོས་དེ་གོང་གི་གཏར་བསྲེག་ལུམས་གསུམ་དང་བསྡུར་བས་ཅུང་བག་ལ་ཞ་བའི་ཚུལ་དུ་གནས་ནའང་།   དུས་རབས་ཉེར་གཅིག་པའི་གསོ་རིག་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མི་རྣམས་ཀྱི་སྨན་བཅོས་བདེ་སྲུང་གི་དགོས་མཁོར་གཞིགས་ན་བོད་ལུགས་ཀྱི་བྱུག་བཅོས་ལག་ལེན་ལ་སྔ་ན་མ་མཆིས་པའི་རྒྱུད་འཛིན་དར་སྤེལ་གཏོང་དགོས་ངེས་ཀྱི་མདུན་ལྗོངས་ཡངས་པོ་ཞིག་ཡོད་པ་སྨོས་མ་དགོས་སོ། །             
༨ .སྨན་རྩིས་ཟུང་འབྲེལ།   
             སྨན་རྩིས་ཟུང་འབྲེལ་བྱེད་པ་ནི་གཞན་ལ་མེད་པའི་གངས་ཅན་གསོ་བ་རིག་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་རེད།  དཔལ་དུས་ཀྱི་འཁོར་ལོ་ལས།  ཇི་ལྟར་ཕྱི་རོལ་ཇི་བཞིན་ནང་།   །ནང་བཞིན་ཕྱི་རོལ་དག་ཀྱང་གནས། །ཞེས་གསུངས་པ་ལྟར་ཕྱི་ནང་གི་བརྟན་གཡོའི་དངོས་པོ་ཡོད་ཚད་ཀྱི་འབྱུང་བའི་བདག་ཉིད་གཅིག་ཏུ་སྣང་ཞིང་།  ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་པ་ལ་དང་པོ་རྒྱ་གྲམ་རླུང་གི་དཀྱིལ་འཁོར་འོག་ན་གནས་པ་དང་། མེ་ཡི་དཀྱིལ་འཁོར་བར་དང་ཆུའི་དཀྱིལ་འཁོར་སྟེང་ན་གནས་པ་ཇི་བཞིན་ལུས་རྟེན་གཞི་བྱས་པར་སྨད་དུ་རླུང་།  བར་དུ་མཁྲིས་པ།  སྟོད་དུ་བད་ཀན་གནས་པའི་གོ་རིམ་མཚུངས་པ་མ་ཟད།  ཕྱི་རིལ་དུ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་དང་ལོ་འཁོར་ཟླ་བ་བཅུ་གཉིས་ཀྱི་གནས་ལུགས་ལྟར་ནང་ཟག་བཅས་ཀྱི་ལུས་པོར་རུས་དུམ་སུམ་བརྒྱ་དྲུག་ཅུ་དང་ཡན་ལག་ཚིགས་ཆེན་བཅུ་གཉིས་མཆིས་པ་སོགས་ཕྱི་ནང་གཉིས་རྟེན་འབྲེལ་གྱི་ངོ་བོར་གནས་པས།   མི་ལུས་ཀྱི་ཆགས་ཚུལ་མཚན་ཉིད་གནས་ལུགས་བཅས་དཔྱིས་ཕྱིན་པ་ཞིག་ཤེས་དགོས་ན།    ངེས་པར་དུ་ཉི་ཟླའི་འཁོར་བགྲོད་དང་བཅས་པའི་ཕྱི་རོལ་འབྱུང་བའི་ཁམས་ཀྱི་མཚན་ཉིད་མཐིལ་ཕྱིན་པ་ཞིག་རྟོགས་དགོས་པ་དང་།   དེ་རྟོགས་པར་གནམ་དཔྱད་སྐར་རྩིས་རིག་པར་འབྲེལ་ཟབ་པས་ན་སྨན་རྩིས་ཟུང་འབྲེལ་གྱི་དགོས་དོན་ཉིད་ལྷུན་གྱིས་གྲུབ་པོ། །  
དེ་མིན་ནད་གསོག་ལྡང་དང་ངོས་བཟུང་རྟགས་སོགས་ཀྱི་སྐོར་ནས་བཤད་ན།  ཉི་མ་ལྷོ་བྱང་དུ་བགྲོད་ཚུལ་དང་དབྱར་དགུན་ཉི་ལྡོག་གི་དུས་གཟེར་ཤེས་པས་སོ་ག་སོགས་དུས་དྲུག་གི་ཚད་དང་མཚན་ཉིད་ཤེས་ཤིང་ནད་རིགས་གསོག་ལྡང་ཞི་གསུམ་གྱི་དུས་མི་གཟིར་བར་ལེགས་པར་རྟོགས་པ་ལྟ་བུ་དང་། དུས་བཞི་ཁམས་ལྔའི་འབྱུང་བ་བརྩིས་པས་ཐ་མལ་རྟེན་གྱི་རྩ་རྒྱུད་དང་འབྲེལ་བའི་དོན་ལྔ་སྣོད་དྲུག་གི་དུས་རྩ་ཇི་ལྟར་རྒྱུ་ཞིང་དར་བའི་ཚུལ་ཤེས་པ་ལྟ་བུ། ཕྱི་སྣོད་ཀྱི་སྣང་ཚུལ་ཉི་ཟླ་གཟའ་སྐར་གྱི་རྒྱུ་ཚུལ་དང་འཆར་ནུབ་སོགས་ལས་སྲོག་ལྡན་གྱི་ལུས་ཁམས་ལ་ཕན་གནོད་དང་སྔར་ཡོད་ནད་གང་ཞིག་ཇེ་ཡང་ངམ་ཡང་ན་ཇེ་ལྕི་རུ་འགྲོ་བ་ལྟ་བུ་མཐའ་དག་ཕྱི་ནང་ཕན་ཚུན་ལྟོས་བཅོས་རང་བཞིན་དུ་གྲུབ་པའི་མངོན་རྟགས་ལགས་ན། ནད་རིགས་ངོས་འཛིན་དང་གསོ་བཅོས་བྱེད་པ་གང་གི་སྐབས་ནའང་གནམ་རིག་སྐར་རྩིས་ཀྱི་གཞི་རྩའི་ཤེས་བྱ་ཁག་རྒྱུས་ལོན་ཐུབ་པ་དགོས་ཏེ། སྤྱིར་བཏང་གི་ངག་སྲོལ་ལ་སྨན་པ་འབྲིང་དང་རྩིས་པ་ཐ་མ་ཞིག་བྱུང་ན་སྨན་པ་རབ་ཅིག་ཡོང་ངེས་ཞེས་པའང་གནད་སྨན་རྩིས་ཟུང་འབྲེལ་ཡིན་པའི་གནས་ལུགས་ལ་ཐུག་གོ །         
༩. སྨན་ཐང་བྲིས་ཆ་དང་སྡོང་འགྲེམས།
(1)སྨན་ཐང་བྲིས་ཆ།
             དཔལ་ལྡན་རྒྱུད་བཞིའི་ནང་དོན་མ་ལུས་པ་རི་མོའི་ལམ་ནས་གཏན་ལ་ཕབ་པ་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་བཞིན་མཁས་ནས་བྱིས་པའི་བར་བདེ་བླག་ཏུ་རྟོགས་པའི་སྨན་ཐང་བྲིས་ཆར་རྩ་བ་ཐུགས་ཀྱི་རྒྱུད་ལ་བྲིས་ཆ་བཞི། བཤད་པ་སྐུ་ཡི་རྒྱུད་ལ་བྲིས་ཆ་སུམ་ཅུ་སོ་ལྔ། མན་ངག་ཡོན་ཏན་རྒྱུད་ལ་བྲིས་ཆ་བཅུ་དྲུག   ཕྱི་མ་འཕྲིན་ལས་རྒྱུད་ལ་བྲིས་ཆ་ཉེར་བཞི། དེའི་སྟེང་བླ་བརྒྱུད་ཀྱི་ཞལ་ཐང་བྲིས་ཆ་གཅིག་བསྣན་པས་འཛམ་གླིང་གསོ་རིག་བང་མཛོད་ནང་གི་རྩ་ཆེའི་ནོར་བུ་སྨན་ཐང་བརྒྱད་ཅུ་ཞེས་ཕྱི་ནང་གསོ་རིག་གླིང་ཡོངས་སུ་རླུང་ལྟར་གྲགས་པ་དེ་ལྟར་རོ། །   
མི་དབང་སངས་རྒྱས་རྒྱ་མཚོས་གསོ་རིག་དང་སྒྱུ་རྩལ་ཟུང་འབྲེལ་གྱི་རྣམ་པའི་སྟེང་ནས་འཛམ་གླིང་གསོ་རིག་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཚོན་ཁྲ་ཅན་གྱི་སྨན་ཐང་བྲིས་ཆ་སྔོན་མེད་གསར་དུ་བཞེངས་པ་ཡིས། གཅིག་ན་བོད་ཀྱི་གསོ་རིག་གི་ནང་དོན་ཇི་སྙེད་རི་མོའི་གཟུགས་སུ་བཀོད་དེ་མངོན་སུམ་ཅན་དུ་བསྒྱུར་པས་བོད་ལུགས་གསོ་བ་རིག་པའི་སློབ་ཁྲིད་ཀྱི་རྒྱུ་ཆ་རིན་ཐང་བྲལ་བ་ཞིག་ཏུ་གྱུར་པ་དང་། གཉིས་ན་བོད་ཀྱི་གནའ་བོའི་གསོ་དཔྱད་རིག་པའི་ནང་དོན་ཡོད་ཚད་འདུས་པའི་བྲིས་ཆ་འབའ་ཞིག་ཏུ་གྱུར་པས་འཛམ་གླིང་གསོ་རིག་གི་སྨན་ཐང་ཁྲོད་དུ་ཐེངས་དང་པོ་ཡིན་པ། གསུམ་ན་སྨན་ཐང་འབྲི་སྟངས་ཐད་དུ་བོད་མི་རིགས་ཀྱི་སྒེར་ཆོས་ལྷག་གེར་གསལ་བ་སྟེ། མི་སྣ་དང་གྱོན་ཆས། ཡུལ་ལྗོངས་དང་སྲོག་ཆགས། སྐྱེ་དངོས་ཀྱི་གཟུགས་དབྱིབས། འཚོ་བའི་གོམས་གཤིས། ལྷ་བཟོ་སྒྱུ་རྩལ་དང་ཚོན་མདངས།  མཚོན་སྟངས་ཀྱི་རྣམ་པ་སོགས་བྲིས་ཆའི་ནང་དོན་ཚང་མ་བོད་ལུགས་ཀྱི་གནའ་བོའི་ཁྱད་ཆོས་དང་དགེ་མཚན་ལྡན་པ་ཤ་སྟག་རེད།   
(2)སྡོང་འགྲེམས།   
             དར་མོ་སྨན་རམས་པའི་བཤད་པ་སྐུའི་རྒྱུད་ཀྱི་དཀའ་བའི་འབྲུ་འབྲེལ་ལེགས་བཤད་གསེར་གྱི་ཐུར་མ་ལས།   རང་ཉིད་ཤེས་རབ་ཀྱི་རྩལ་ཡངས་པོར་འབྱེད་པའི་དགོས་པ་དང་། གདུལ་བ་གཞན་རྣམས་སྤྲོ་བ་བསྐྱེད་ཅིང་འདི་ཉིད་ལ་འཇུག་པའི་དགོས་པ་ཁྱད་པར་ཅན་ནོ་ཞེས་གསུངས་པ་ལྟར་སྡོང་འགྲེམས་འདི་བཞིན་རྒྱུད་ཀྱི་དགོངས་དོན་བདེ་བྲག་ཏུ་རྟོགས་པའི་ཐབས་ལམ་ཉག་གཅིག་ལ་དགོངས་ཏེ་ཕྱག་བཞེས་དར་སྤེལ་ཅི་ཆེ་རུ་བཏང་བ་ནི་སྨོས་མ་དགོས་ལ།  བདག་གི་ཞིབ་འཇུག་སློབ་མའི་སློབ་དཔོན་བྱམས་པའི་མཚན་ཅན་གྱི་ཞལ་སྔ་ནས།  སྤྱིར་ན་སྡོང་འགྲེམས་སྐབས་སུ་མི་ཡི་ལུས་འདི་མྱ་ངན་མེད་པའི་ལྗོན་ཤིང་ངམ་དཔག་བསམ་ཤིང་། ཡང་ན་བྱང་ཆུབ་ལྗོན་ཤིང་གི་དཔེ་དོན་དང་སྦྱར་ནས་རྣམ་གྲངས་བཀོད་དེ་ཚེ་རིང་ཆོས་ནོར་བདེ་བ་སྒྲུབ་པའི་དལ་རྟེན་འདི་ཉིད་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ནོར་བུ་རིན་ཆེན་དང་གཉིས་སུ་མེད་པ་ཡིན་ལུགས་རྒྱས་བཤད་མཛད་པ་ནི་ཕྱི་ནང་རྟེན་འབྲེལ་དང་། དགོས་པ་རྒྱུ་མཚན་མང་པོ་ཡོད་པ་གོར་མ་ཆག(བྱམས་པ་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་སྒྲིག  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996ལོའི་པར་གཞི་དང་པོ།      p172)ཅེས་སྡོང་འགྲེམས་འདི་ལ་དམིགས་བསལ་གྱི་དགེ་མཚན་དང་ཁྱད་པར་དུ་རང་རེའི་གསོ་རིག་སློབ་གསོ་གོང་སྤེལ་དུ་གཏོང་བའི་ཕྱོགས་ལ་ཕན་ནུས་རྒྱ་ཆེན་པོ་ཐོན་ཡོད་པ་ཤེས་ནུས་སོ། །             
༡༠. སེམས་ཁམས་གསོ་རིག   
             དེའང་རང་གཞུང་གི་གྲུབ་པ་ལུས་ཀྱི་གནས་ལུགས་རྒྱ་ཆེར་འགྲེལ་པའི་སྐབས་བརྟེན་པ་སེམས་ཀྱི་རྣམ་པར་བཞག་པ་དང་།    རྟེན་ལུས་ཀྱི་རྣམ་པར་བཞག་པའོ་ཞེས་བེམ་ཤེས་གཉིས་སོ་སོར་བགར་ཞིང་ཕྱོགས་གཉིས་ནས་འཆད་དེ་གཞི་གཅིག་གི་སྟེང་དུ་འབབ་པ་ནི་གངས་ཅན་གསོ་རིག་གི་ཐུན་མོང་མ་ཡིན་པའི་བཤད་སྲོལ་ཁྱད་པར་བ་ཞིག་ཡིན་པ་ཤེས་པར་བྱའོ།   །ལུས་པོ་ཐོག་མར་ཆགས་གནས་འཇིག་གསུམ་ནས་ནད་གཞི་འཕེལ་ཟད་འཁྲུགས་གསུམ་གྱི་བར་དང་།   ནད་རྒྱུ་མ་རིག་ཉོན་མོངས་དུག་གསུམ་ནས་སློང་རྐྱེན་དུས་གདོན་ཟས་སྤྱོད་བཞི་ཡི་བར།    གཞན་དབང་སྔོན་ལས་ནད་བཞི་བརྒྱ་རྩ་བཞི་ནས་ཀུན་བརྟགས་གདོན་གྱི་ནད་བཞི་བརྒྱ་རྩ་བཞི།   དེ་བཞིན་གཉེན་པོ་ཟས་སྤྱོད་སྨན་དཔྱད་ལ་བརྟེན་ནས་ལུས་སེམས་ངོ་བོ་སྙོམས་པར་བསྒྱུར་བ་གང་གི་སྐབས་ནའང་རང་གཞུང་དུ་བེམ་རིག་གམ་ལུས་སེམས་གཉིས་ཀ་ཡ་མ་བྲལ་བ་ཞིག་གསུང་བཞིན་ཡོད་པའམ་སེམས་ཀྱི་རྣམ་བཞག་སྐོར་མང་དུ་མཆིས་སོ། །   
             གཞན་ཡང་། ཉོན་མོངས་དུག་གསུམ་ཞེས་རྒྱུན་ལྡན་མིན་པའི་བསམ་བློའི་འཁྱེར་སོ་སྟེ་ནད་ལ་རྒྱུ་རྐྱེན་གཉིས་སུ་ཕྱེ་བའི་རྒྱུ་དང་རྒྱུར་རིང་རྒྱུ་ཉེ་རྒྱུ་གཉིས་སུ་བགར་བའི་རིང་རྒྱུ་རུ་བཞག་ཡོད་པ་དེ་གཅིག་པུ་ལས་ཀྱང་བོད་ལུགས་གསོ་རིག་གིས་སེམས་ཀྱི་སྣང་ཚུལ་ལ་དོ་སྣང་ཆེན་པོ་མཛད་ཡོད་པ་མངོན་སུམ་དུ་རྟོགས་ཐུབ་ལ། ལུས་ཁམས་ཆགས་རྒྱུའི་རྣམ་བཤད་དང་། གཉེན་པོ་སྔགས་ཀྱི་ཆོ་གདེ་བཞིན་ཀླད་པ་དང་དབང་པོ་སྒོ་ལྔ། སྙིང་ཁམས་དང་རྣམ་ཤེས་ཚོགས་བརྒྱད། རྩ་འཁོར་དང་དབུ་རྐྱང་རོ་གསུམ་བཅས་ཀྱི་དམིགས་བསལ་ངོས་འཛིན་དང་།  རྨི་ལམ་གྱི་རྣམ་བཞག་དང་གདོན་ནད་ཀྱི་རྟགས་བཅོས་སོགས་ལས་རང་རེའི་གསོ་དཔྱད་གཞུང་མན་ངག་རྣམས་སུ་གཞན་དང་མི་མཚུངས་པའི་སེམས་ཁམས་གསོ་རིག་གི་རིག་པའི་མ་ལག་གཅིག་ལྷུན་གྱིས་གྲུབ་ཡོད་པ་གསལ་ལོ།    །སེམས་ཁམས་གསོ་རིག་སྐོར་གྱི་ནང་དོན་ཞིབ་པ་ཁོ་བོས་བྱས་པའི་《བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་དུས་རབས་ཁྱེའུ་གསར་བའི་རང་མདངས་)ཞེས་བྱ་བའི་བརྩམས་ཆོས་སུ་གསལ་བས་སྤྲོ་བ་ཡོད་མཁན་དག་གིས་དེར་གཟིགས་པར་འཚལ་རོགས།  དེ་ལྟར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་མ་ལག་གི་རྣམ་བཞག་ཉིད་ཆེས་གོ་བདེ་བའི་ལུགས་སུ་ངོ་སྤྲོད་བགྱིས་པ་བར་སྐབས་རྫོགས་པའི་ཁུལ་བྱས་སོ། །