ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བོད་ཀྱི་གསོ་རིག་ལས་བླ་རྩ་བརྟག་ཐབས་སྐོར་གྱི་གོ་དོན་བློ་ལྡན་འཚོ་བྱེད་གསར་བུའི་མགུལ་རྒྱན།

སྤེལ་དུས 2018-05-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
ཨོཾ་ཨ་ཧཱུྃ།   སྨན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།།  
           དེ་ཡང་བྲོ་ནད་རྣམ་པ་སྣ་ཚོགས་ཀྱིས་བཏབ་པའི་ལུས་ཅན་རྣམས་ཀྱི་ནད་ཀྱི་ཟུག་རྔུ་མཐའ་དག་སེལ་བར་བྱེད་ཅིང་དུས་མ་ཡིན་པར་འཆི་བའི་སྡུག་བསྔལ་གྱི་འཇིགས་པ་ལས་སྐྱོབ་པའི་ནུས་པ་དང་ལྡན་པའི་རིག་པ་སྟེ།   གཞན་རྗེས་འཛིན་གྱི་ཐབས་མཆོག་དམ་པར་གྱུར་པའི་ཡུལ་གངས་ཅན་པའི་གསོ་རིག་གི་བསྟན་བཅོས་ཆེན་པོ་དཔལ་ལྡན་རྒྱུད་བཞི་ལས།  ནད་དང་སྨན་པ་བརྡ་སྦྱོར་འཕྲིན་པ་རྩ། །བརྟག་པ་འདི་ནི་དཔྱོད་པ་དོན་རིག་ཡིན། །ཞེས་གསོ་བྱེད་སྐྱེས་བུའི་རྣམ་དཔྱོད་ཕྲ་མོའི་རིགས་པ་ལ་བརྟེན་ནས་ནད་ངོས་བཟུང་བ་ནི་རེག་པ་རྩའི་བརྟག་ཐབས་ཏེ།  དེ་ལ་གནས་ཀྱི་དབྱེ་བས་བལྟ་རྩ་བླ་རྩ་འཆི་རྩ་གསུམ་དུ་མཆིས་པ་དང་དེ་ལས་སྐབས་བབ་ཀྱི་བརྗོད་བྱ་སྟེ་གང་ཟག་གང་གི་ཚེ་རིང་ཐུང་གི་རྟགས་གསལ་པོར་སྟོན་ནུས་པའི་བླ་རྩའི་བརྟག་ཐབས་སྐོར་སྔོན་བྱོན་དྲང་སྲོང་མཁས་པའི་གསུང་རབ་དང་དགེ་རྒན་བཀའ་དྲིན་ཅན་རྣམས་ཀྱི་གསུང་རྒྱུན་ལ་གཞི་བཅོལ་ནས་རང་གི་ཤེས་ཚོད་ཙམ་གླེང་བར་བྱ་བ་ལ།  སྤྱིར་རྩ་ལ་བརྟེན་ནས་ནད་ངོས་འཛིན་དང་ཚེ་རིང་ཐུང་བརྟག་ཐུབ་པའི་རྒྱུ་མཚན་དང་།  བླ་དང་བླ་རྩ་ཞེས་པའི་གོ་དོན།   བླ་རྩའི་བརྟག་ཚུལ་དངོས་ཏེ་དོན་ཚན་གསུམ་གྱི་སྒོ་ནས་སྤྲོ་བར་བྱའོ། །    
           དང་པོ། རེག་པ་རྩའི་སྒོ་ནས་ནད་རིགས་ངོས་འཛིན་ཐུབ་པའི་རྒྱུ་མཚན་བཤད་པ།
སྤྱིར་རྩ་ལ་རིགས་ཀྱི་དབང་གིས་རླུང་འབའ་ཞིག་རྒྱུ་བའི་རྩ་དཀར་དང་།  ཁྲག་ཁོ་ན་རྒྱུ་བའི་སྡོད་རྩ།   རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་སྟེ་གསོ་དཔྱད་པའི་ལུགས་སུ་རླུང་ཁྲག་འཕར་གསུམ་གྱི་རྩ་རུ་མ་འདུས་པ་ཅི་ཡང་མེད་ཅིང་།  རྩའི་བརྟག་པ་ནི་གསོ་བའི་འཕར་རྩ་ལ་བརྟེན་ནས་ནད་གཞི་ངོས་འཛིན་བྱེད་པ་སྟེ།   འཕར་རྩར་བརྟེན་ནས་ནད་རིགས་ངོས་འཛིན་ཐུབ་པའི་རྒྱུ་མཚན་བཤད་པ་ལ།   ཐོག་མར་རྩ་ཞེས་པའི་ངེས་ཚིག་དང་ངོ་བོ་ནི།   ལུས་ཀྱི་ཕུང་པོའི་ཁམས་ཉིད་སྐྱེ་ཞིང་གནས་པར་བྱེད་པའི་རྟེན་སྲོག་གི་རྩ་བ་ཡིན་པས་ན་རྩ་ཞེས་ངེས་ཚིག་དང་།   རླུང་དང་ཁྲག་མཐའ་དག་རྒྱུ་བའི་ལམ་ཉིད་བུ་གའི་དབྱིབས་སུ་ལུས་ཁམས་ཕྱི་ནང་ཀུན་ཏུ་འབྲེལ་ཞིང་གནས་པ་ནི་རྩའི་ངོ་བོ་སྟེ།  བཤད་རྒྱུད་ལས།   རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན།  །འབྲེལ་བྱས་ལུས་ནི་སྐྱེད་ཅིང་གནས་པ་དང་། །  སྲོག་གི་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ།།  ཞེས་དང་། སཌི་ལས།  རྐང་པ་ནས་ནི་སྤྱིའི་མཐར་ཐུག །  སྐུད་པ་གཅིག་གིས་ཡང་དག་འབྱུང་། །ཞེས་རྩའི་ངོ་བོ་དང་།  སྒྲ་དོན་ནི་བདུད་རྩི་ལྷུང་བཟེད་ལས།   རྩ་ནི་རྩ་བ་འབྲེལ་བའི་རྩ། །  སྐྱེད་པའི་རྩ་ཡང་རྩ་ཡིན་ཏེ། །གནས་པའི་རྩ་ཡང་རྩ་ཉིད་ཡིན། །འཆི་བའི་རྩ་ཡང་ཕལ་ཆེར་རྩ། །ཞེས་གསུངས་སོ། །   
           འོ་ན་རྩ་ཉིད་ཇི་ལྟར་འཕར་ཞིང་རྒྱུ་བ་ཡིན་ཞེ་ན། རྩ་རང་ཉིད་རང་དགར་རྒྱུ་བ་ནི་གཏན་ནས་མ་ཡིན་ཏེ།  སྲོག་རྩ་ནག་པོའི་སྟོད་ཀྱི་ཆར་བེ་དའི་འབྲས་བུའི་སྙིང་པོ་ལྟར་གནས་པའི་དོན་ལྔའི་རྒྱལ་པོ་སྙིང་གི་འབྱེད་འཛུམ་ལ་བརྟེན་ནས་ཁྲག་རྣམས་ལུས་ཀྱི་རྩ་སྦུབས་བུ་ག་ཡོངས་སུ་གཏོར་བའི་ཤུགས་ལ་བརྟེན་ནས་ད་གཟོད་འཕར་ཞིང་རྒྱུ་བ་ཡིན་ཏེ།   མཐར་གཏུགས་ནས་བཤད་ན་རླུང་གིས་ཁྲག་རྩ་བསྐུལ་ཞིང་ཁྲག་གི་རླབས་ཕྲེང་རབ་ཏུ་གཡོས་པས་རྩ་འཕར་བ་སྟེ་རླུང་ལ་བརྟེན་ནས་རྩ་རྒྱུ་བའོ། །  རིན་ཆེན་སྤྲིན་གྱི་ལྡིང་ཁང་ལས། ཁྱབ་བྱེད་རླུང་ནི་སྙིང་ལ་གནས། །སྙིང་གི་བུ་ག་འབྱེད་འཛུམ་བྱེད། །དེ་ཚེ་ལུས་ཀྱི་དྭངས་མའི་རྒྱུན། །འཁོར་ལོ་འཁོར་ལྟར་རྩ་སྦུབས་གཏོར། །ཞེས་གསུངས་པ་དང་། པོད་དམར་ལས། སྙིང་ལ་གནས་པའི་ཁྱབ་བྱེད་ཀྱིས། །ལས་རྣམས་སྤྱི་དང་ཁྱད་པར་དུ། །སྙིང་གི་བུ་ག་གདངས་ཟུམ་བྱེད། །ཇི་ལྟར་སྦུད་པས་རླུང་འབུད་བཞིན། །ཁྲག་རྣམས་བུ་ག་རྣམས་སུ་གཏོར། །དེ་ཚེ་ལུས་ཀྱི་ཆ་ཤས་ཀྱི། །རྩ་ཡང་ལྷན་ཅིག་འཕར་བར་བྱེད། །ཅེས་དེང་རབས་གསོ་རིག་ཚན་རིག་གི་བཞེད་པ་དང་ཡོངས་སུ་མཐུན་པའི་ངོས་འཛིན་གྱི་གདམས་པ་དྲོན་མོ་ཆེས་སྔ་མོའི་དུས་ནས་འཛམ་གླིང་ཤེས་རིག་གི་དགའ་སྟོན་ཏུ་མཛད་ཡོད་པ་དེ་བཞིན་ལགས་སོ། །ཡང་དེ་ལས།འཁོར་བའི་རྟེན་ནི་བུ་གའི་དབུས། །རླུང་དང་ཁྲག་གི་མཚམས་འཛིན་ཏེ། །ཀུན་གཞིའི་རྣམ་ཤེས་ཆུ་དང་འོད། །རླུང་གི་གཡོ་བ་དག་བྱེད་དོ། །དཔེར་ན་ཆུ་འོད་ནམ་མཁའ་ལ། །རླུང་གིས་གཡོ་བ་དེ་བཞིན་དུ། །ཀུན་གཞི་ཆུ་དང་འདྲ་བ་སྟེ། །རྣམ་ཤེས་ནམ་མཁའ་གཟུགས་བཪྙན་བཞིན། །གཡོ་བ་རྣམ་རྟོག་རླུང་དང་འདྲ། །ཁྲག་དང་རླུང་གིས་སོ་འཛིན་པའོ། །འཆི་བའི་ཉི་མ་རིམ་གྱིས་འགག །ཅེས་དང་།རེག་མཐོང་ཡིད་ཀྱི་མེ་ལོང་ལས།  ཁྲག་རྟེན་སྙིང་དང་ཁྲག་རྩ།  བརྟེན་པ་ཁྲག་དང་རླུང་། དེ་དག་གི་འབྱུང་བ་ཕྲ་མོ་བཅས་དང་། རྩ་ཁྲག་རླུང་སེམས་ཟུང་དུ་འཇུག་པས་སྐུལ་འདེད་ཀྱིས་འཕར་བའི་ཚུལ་ནི། དཔེར་ན། འཕྲུལ་འཁོར་ཞིག་ལ་མཚོན་ན། སྙིང་དང་ཆ་མཐུན་སྣུམ་སྐུལ་འདེད་ཀྱི་འཕྲུལ་ཆས་དང་། རྩ་དང་ཆ་མཐུན་སྣུམ་འགྲོའི་སྦུ་གུ། ཁྲག་དང་ཆུ་མཐུན་སྣུམ། སེམས་དང་ཆ་མཐུན་གློག་གི་རྒྱུ་བ་དང་།  ཁ་ལོ་བའི་རྩོལ་བ་དང་ཆོས་མཐུན་རྩ་ཁྲག་རླུང་སེམས་ཟུང་དུ་འཇུག་པས་རྩ་ལས་རླུང་ཁྲག་རྒྱུ་བ།  རླུང་ཁྲག་རྒྱུ་བས་སྙིང་འཕར་བ།  སྙིང་འཕར་བས་རླུང་ཁྲག་བསྐུལ་བ། དེ་དང་དེར་གནས་འབྱུང་བ་ཕྲ་མོས་རྩ་འཕར་བ། ཞེས་དང་། སྐྱེམ་འགྲེལ་ལས། ཁྱད་པར་རྩ་འཕར་བའི་རྒྱུ་ནི། གདོད་མའི་གཞི་ལ་ཡོད་པའི་སྲོག་རླུང་ཡན་ལག་བཞིའི་ནུས་པས།   ཀུན་གཞིའི་རྣམ་པར་ཤེས་པ་ཉོན་མོངས་པ་ཡེ་ཤེས་ཀྱིས་བསྐྱོད་དེ་འདུ་བྱེད་དུ་ལངས་པ་དང་མཚུངས་ལྡན་དུ། ལས་རླུང་གིས་བསྐྱེད་པ་སྟེ། ནང་དོན་དུ། ཉོན་མོངས་ཅན་ཡོད་སྲོག་རླུང་ཉིད། །སྐད་ཅིག་ལ་ཡང་ཡང་དག་འགྲོ། །ཞེས་དང་། རྒྱུད་རྡོ་རྗེ་འཕྲེང་བའི་ལུང་སློབ་དཔོན་ཀླུ་སྒྲུབ་ཀྱིས་རིམ་ལྔར་དྲངས་པ་ལས། སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལུས་ཀུན་བྱེད། །འདི་ནི་རྣམ་ཤེས་ཞོན་པ་སྟེ། །ལྔ་ཡི་བདག་བཅུ་མིང་ཅན་ནོ། །ཞེས་སོགས་གསུངས་པ་ལྟར་རྩ་ཇི་ལྟར་འཕར་བའི་གནས་ལུགས་འཁྲུལ་མེད་དུ་རྟོགས་པར་བྱེད་པ་གནད་དུ་འཁུམས་སོ། །  
           དེ་ལྟར་བལྟ་རྩ་བླ་རྩ་འཆི་རྩ་སྟེ་འཕར་བའི་རྩ་ལས་ནད་ཡོད་མེད་དང་ཚེ་རིང་ཐུང་སོགས་ཇི་ལྟར་རྟོགས་ཐུབ་པ་ཡིན་ནམ་ཞེ་ན། རྒྱུ་མཚན་ནི། ཕྱི་མ་རྒྱུད་ལས། རླུང་ཁྲག་ཀུན་ཏུ་རྒྱུ་བའི་ཚོང་དཔོན་བཞིན།  །བཅུ་གཉིས་མ་འདྲེས་ཕ་ཙེའི་རེ་སོ་འདྲ།  །ཞེས་པར་རྗེ་ཟུར་མཁར་པའི་རྩ་དཔྱད་ཉི་འོད་རབ་གསལ་དུ།  དེ་ཉིད་ཇི་ལྟར་རྒྱུ་ན།   ཚོང་འདུས་ཀྱི་རྒྱ་སྲང་དང་འདྲ་བའི་རྩ་སོག་སྦུབས་ལྟ་བུའི་ནང་དུ།  ཚོང་དཔོན་དང་འདྲ་བའི་དོན་སྣོད་ཀྱི་རླུང་ཁྲག་སྟེ།  རླུང་ཁྱབ་བྱེད་ཀྱིས་བསྐྱོད་ནས་ལག་མགོ་དང་དོན་སྣོད་ཀྱི་བར་དུ་རྒྱུ་བར་བྱེད་ལ། དེ་ཡང་ཕྱིར་རྒྱུ་བ་ན་དོན་རྣམ་པ་ལྔའི་རླུང་ཁྲག་རྒྱུ།    སོར་མོ་གསུམ་གྱི་ཡར་ཟུར་ན་མངོན།  ནང་དུ་འཇུག་པ་ན་སྣོད་དྲུག་གི་རླུང་ཁྲག་རྒྱུ། སོར་མོ་གསུམ་གྱི་མར་ཟུར་དུ་མངོན། དེ་ལྟར་སོར་མོ་དྲུག་གི་འོག་ཏུ་དོན་སྣོད་བཅུ་གཉིས་ཀྱི་རྩ་རྒྱུ་སྟེ།  ཞེས་འཕར་རྩ་དེ་ཉིད་སྤྱི་གཙུག་ནས་རྐང་མཐིལ་ཏེ་ལུས་ཀྱི་སྟོད་སྨད་བར་གསུམ་དང་། ཤ་པགས་ནས་རྩ་རུས་ཏེ་ལུས་ཀྱི་ཕྱི་ནང་བར་གསུམ། སྙིང་ནས་རྒྱུ་མ་སྟེ་བང་ཁོག་དོན་ལྔ་སྣོད་དྲུག་སོགས་སུ་ཁྱབ་པར་འབྲེལ་ཞིང་གནས་པ་དང་།འཕར་རྩའི་ནང་རྒྱུ་བའི་རླུང་དེའང་ཐ་སྙད་དུ་ཁྱབ་བྱེད་ཅེས་རྩ་དང་འགྲོགས་ནས་ལུས་ཀྱི་གནས་ཀུན་ཏུ་ཁྱབ་པར་རྒྱུ་བས་ན། རུས་པ་འབུར་པོའི་སྟེང་ན་བལྟ་རྩའི་གནད་ཅེས་དང་།  མར་ཟུར་ཆུ་བའི་བར་ན་བླ་རྩའི་གནད་ཅེས་གསུངས་པའི་གནས་མལ་དུ་རྒྱུད་ཀྱི་དགོངས་པ་ཇི་བཞིན་བརྟག་པས་ནི་ལུས་ཁམས་ཕྱི་ནང་གི་གནས་ཚུལ་སྤྱི་དང་ཁྱད་པར་དུ་དོན་ལྔ་སྣོད་དྲུག་གི་ནད་རྣམས་རྟོགས་པར་འགྱུར་བ་སྟེ། གོང་སྨན་པའི་རྩའི་སྟོང་ཐུན་ལས། ཚོང་དཔོན་ལྟ་བུའི་ཁྱབ་བྱེད་རླུང་།  །ལུས་ཀྱི་གནས་ཀུན་རྒྱུ་བའི་ཕྱིར།  །ཚོང་གཞིས་ལྟ་བུའི་དོན་སྣོད་ཀྱི། །ནད་རྟགས་རྩ་རུ་མངོན་པར་འགྱུར། །ཞེས་དང་། ཡང་། མཁྲིག་མའི་བལྟ་རྩ་རྒྱུན་གཅིག་ལ།  །དོན་སྣོད་བཅུ་གཉིས་རྩ་ཡི་རྒྱུན།  །དུས་གཅིག་མི་འདྲ་མི་འབྱུང་ཡང་། །ནད་ཁམས་རྐྱེན་གྱིས་འགྱུར་བའི་ཚེ །ཕ་ཙེ་རེ་སོ་ཇི་བཞིན་དུ། །མ་འདྲེས་རང་རང་གནས་སུ་མངོན།  །ཞེས་གསུངས་པ་དང་། རྗེ་གཡུ་ཐོག་པ་ཆེན་མོས། རྒྱུགས་རྩ་ཁོང་སྟོང་ཡངས་པའི་ནང་།  །དོན་སྣོད་བཅུ་གཉིས་རྩ་ཡི་མཚོའི། །རྦ་རླབས་ཕྲེང་བ་ཇི་བཞིན་དུ། །མ་འདྲེས་སོ་སོར་རྒྱུ་བ་ཡོད། །ངོ་བོ་རླུང་ཁྲག་བྱེད་ལས་ཡིན། །ཐ་སྙད་རྩ་ལ་བརྟག་ཅེས་བྱ།  །རྩ་ལ་བརྟག་ཀྱང་རླུང་ལ་བརྟག །རླུང་ཁྲག་རྩ་གསུམ་ཟུང་འཇུག་ཡིན།  །ཞེས་སོ། །དེ་བཞིན་རྒྱུད་རྡོ་རྗེ་འཕྲེང་བའི་ལུང་སློབ་དཔོན་ཀླུ་སྒྲུབ་ཀྱིས་རིམ་ལྔར་དྲངས་པ་ལས།   མདོར་ན་རླུང་གིས་རྟོགས་པ་སྟེ། །གཡོ་དང་འཕྲོ་དང་གཞན་བསྐྱོད་བྱེད། །ཅེས་གསུངས་པ་ལྟར་རྩ་ལུས་ཀུན་ཏུ་འབྲེལ་ཞིང་རླུང་ལུས་ཡོངས་སུ་ཁྱབ་པར་རྒྱུ་བའི་ཕྱིར།  གཡོ་ཞིང་བསྐྱོད་པའི་ཆུའི་རླབས་ཕྲེང་ལྟ་བུའི་ཁྲག་རླུང་གི་རྒྱུ་བ་ལ་བརྟེན་ནས་དཔྱོད་ཤེས་ཕྲ་མོའི་རིག་པ་རྩ་ལ་ཤར་བའོ།  །དེས་ན་ཁྲག་རླུང་ཟུང་འཇུག་གི་གསོ་བའི་རྩ་དེར་སྨན་པའི་མིང་འཛིན་སུ་དང་གང་གིས་རེག་ཙམ་བྱས་པས་རྟོགས་ཐུབ་པ་ཨེ་ཡིན་སྙམ་ན་མ་ངེས་ཏེ།  ནད་དང་སྨན་པ་བརྡ་སྦྱོར་འཕྲིན་པ་རྩ།   །ཞེས་ནད་པའི་འཕར་རྩའི་སྒོ་ནས་སྨན་པའི་རེག་པའི་དབང་པོར་ཚུར་བརྡ་སྤྲད་པ་ལ་བརྟེན་ནས་རྗེས་དཔག་གི་རྣམ་དཔྱོད་ཕྲ་མོས་མངོན་སུམ་ཏུ་རྟོགས་པར་བྱ་དགོས་པ་མ་གཏོགས། ནད་པའི་རྩ་ལ་འདི་དང་འདི་ཞེས་སྨྲ་བའི་ཁ་མེད་ལ། སྨན་པའི་རྣ་བས་རྩ་ལ་གཞིགས་ནས་དེ་དང་དེ་ཞེས་མཉན་དུ་བཏུབ་པའི་སྒྲ་མེད་སྟབས། སྨན་པ་ལ་དགོས་པའི་ཆ་རྐྱེན་ཏེ། རྒྱུད་ཀྱི་སྨན་པའི་ལེའུར། ཉེས་པ་གནོད་བྱེད་གཉེན་པོའི་མཚན་ཉིད་རྣམས།  །ཅི་རིགས་ཁོང་དུ་ཆུད་པ་ངོ་བོར་འདོད། །ཅེས་དང་། རིགས་པས་དཔྱོད་ཤེས་མངོན་ཤེས་ཕྲ་མོ་འཆར། །ཞེས་སྨན་པ་གང་ཞིག་གཞི་རྟགས་གསོ་གསུམ་གྱི་མཚན་ཉིད་རྣམས་ཁོང་དུ་ཆུད་ཐོག  ཕྱི་ནང་གཞན་གསུམ་དབྱེར་མེད་དང་སྤྱན་དང་མངོན་ཤེས་སོགས་རྒྱས་འགྱུར་གྱི་རིགས་ཡོད་པའི་ངེས་པས་རྣམ་པར་དཔྱོད་ཅིང་དཔག་པས་ནི་གཞི་ནས་གོ་བརྡ་འཕྲོད་པ་སྟེ། ཇི་སྐད་དུ། དུ་བ་ལས་ནི་མེར་ཤེས་དང་།  །ཆུ་སྐྱར་ལས་ནི་ཆུར་ཤེས་བཞིན།   །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།   །རིགས་ནི་མཚན་མ་དག་ལས་ཤེས།   །ཞེས་པ་ལྟར་རྗེས་སུ་དཔག་པའམ་རེག་པའི་དབང་པོས་བརྡ་སྤྲད་པ་ལས་ཡིད་ཀྱི་དབང་པོས་མངོན་སུམ་དུ་རྟོགས་ནུས་པ་དང་། དེ་མིན་ཁ་དཔེར།  སྨན་རྒས་སྟག་དང་རྩིས་རྒས་ཁྱི་ཞེས་གསོ་བ་པོ་སྨན་པར་གོང་སྨོས་རྣམ་དཔྱོད་ཕྲ་མོའི་དཔག་ཤེས་ལས་གཞན་ད་དུང་རིང་ནས་གོམས་པའི་མྱོང་བ་དངོས་ཀྱི་ལག་ལེན་ནི་དེ་བས་ཀྱང་མེད་དུ་མི་རུང་སྟེ།   གོང་སྨན་པའི་རྩའི་སྟོང་ཐུན་ལས། རྩ་ལ་གོམས་པའི་སྨན་པ་དེ།  །སོར་མོའི་རྩེ་ལ་སྙིང་ཡོད་འདྲ། །སྟོད་སྨད་དོན་སྣོད་ནད་རྟོགས་པའི། །དེ་འདྲའི་རིག་པ་རྩ་ལ་ཤར། །ཞེས་པ་བཞིན་བྱུང་ན་ནི།  བརྡ་སྦྱོར་འཕྲིན་པ་ཞེས་དཔེར་ན་མི་གང་དང་གང་ཞིག་དངོས་སུ་ཕྲད་པར་མ་གྱུར་ཀྱང་འཕྲིན་པས་ཕན་ཚུན་གྱི་གོ་དོན་འཕྲོད་པར་བྱེད་པ་ལྟར།  འཕར་རྩའི་སྒོ་ནས་ནད་རིགས་དང་གཞན་བརྟག་པར་བྱ་བ་ཇི་སྙེད་པ་སྟེ་རླུང་ཁྲག་ལ་གསལ་བའི་འཕྲིན་བརྡ་ཉིད་སྨན་པ་ལ་དངོས་སུ་སྦྱོར་བ་བྱེད་པ་དང་གཉིས་སུ་མ་མཆིས་སོ། །   
གཉིས་པ། བླ་དང་བླ་རྩ་ཞེས་པའི་གོ་དོན་བཤད་པ།
           ལར་གོ་བདེ་བའི་ཚིག་གིས་བཀྲོལ་ན། བླ་ནི་རང་གི་སེམས་ཁམས་ཀྱི་གཤིས་སུ་ཡོད་པའི་རླུང་གི་རང་བཞིན་ནམ་མདངས་ཀྱི་རང་བཞིན་གྱི་ནུས་པ་ཞིག་ཡིན་པ་གང་ཞིག་ལ་རང་གི་ལུས་པོའི་ཡན་ལག་ཁག་དང་།  རང་བྱུང་ཁམས་སོགས་དབར་འབྲེལ་བ་ཆེན་པོ་ཡོད་པའི་ཡ་མཚན་ཅན་གྱི་ནུས་པ་ཞིག་རེད།  འདིའི་ངོས་འཛིན་ཐད་རྟ་མོག་མོག་གི་སྤུ་བཞིན་བཤད་རྒྱུན་འདྲ་མིན་སྣ་ཚོགས་ཤིག་མཆིས་ཏེ།  ཁ་ཅིག་གིས་བླ་དེ་མིའི་ལུས་སྟེང་དུ་ཡོད་པའི་དངོས་པོ་ཡིན་པ་གང་ཞིག་ལ་བྱའི་རྣམ་པ་ཅན་དུ་བཞེད་པ་དང་།  འགའ་ཞིག་གིས་མཐེ་བོང་གི་ཚད་ཙམ་གྱི་མི་ཆུང་ཞིག་ཡིན་པ། ལ་ལས་འབུ་ཆུང་ཆུང་གི་རྣམ་པར་ཡོད་པ། ཡང་ཁ་ཤས་ཀྱིས་མིའི་ལུས་ཀྱི་གྲིབ་མ་དག་སོ་སོའི་བླ་ཡིན་པར་ངོས་འཛིན་པ་སོགས་དུ་མ་སྣང་བ་ཀུན་ལའང་རང་གི་རྒྱུ་མཚན་དང་བཅས་ཆེ་ཆུང་ལ་མ་བལྟོས་པའི་ནུས་པ་ཞིག་ཐོན་རྒྱུ་ཡོད་པར་སྨྲ་མོད། དོན་དངོས་ཐོག་བླའི་རྣམ་པ་ནི་བལྟས་ན་མི་མཐོང་ལ་བཟུང་ན་འཛིན་རྒྱུ་མེད་པའི་ཚེ་སྲོག་གི་རྟེན་རླུང་གི་རང་བཞིན་གྱི་ནུས་པ་ཞིག་ཡིན་པ་མ་གཏོགས་མིག་མཐོང་ལག་ཟིན་ཏུ་སྣང་བའི་དངོས་པོ་ཞིག་ག་ལ་ཡིན།  དེ་བས་བོད་རིགས་ཀྱི་སེམས་ཁམས་རིག་པ་ཞེས་པའི་བརྩམས་ཆོས་ནང་། དེ་ཡང་གསོ་རླུང་མེད་པའི་གཞི་ལ་བཞུ་མར་བཏེགས་ན་བཞུ་མར་འབར་མི་ནུས་ལ། གསོ་རླུང་ལྡན་པའི་གཞི་ལ་བཞུ་མར་དག་འབར་ནུས་ཀྱང་། རང་ཅག་ཚོའི་རྒྱུད་ཀྱི་ཤའི་མིག་གིས་གསོ་རླུང་གི་ནུས་པ་ཅི་ཞིག་བཞུ་མར་ལ་སྟེར་བ་མཐོང་མི་ཐུབ་པ་བཞིན།  བླས་ནུས་པ་ཅི་ཞིག་ཐོན་གྱི་ཡོད་པ་སོགས་མིག་གིས་མཐོང་མི་ཐུབ་པ་ནི་བླའི་རྩ་བའི་ཁྱད་ཆོས་རེད། ཅེས་གསུངས་པ་ནི་ཤིན་ཏུ་ཞལ་ཁ་གསལ་བའི་གོ་བདེའི་དཔེ་མཚོན་ཞིག་ཏུ་མད་དོ།   །ཡང་བླ་དང་རྣམ་ཤེས་གཉིས་གཅིག་ཏུ་འཛིན་མཁན་ཁ་ཅིག་ཀྱང་འདུག་མོད། དོན་ལ་དེ་གཉིས་ནི་ངོ་བོའི་སྒོ་ནས་ཐ་དད་དུ་ཡོད་པ་སྟེ་རྣམ་ཤེས་ནི་ཟོ་ཆུན་གྱི་འཁྱུད་མོ་ལྟར་འཁོར་ཞིང་སྐྱེ་བ་ནས་སྐྱེ་བར་རྒྱུས་པར་བྱེད་པའི་ནུས་པ་ཞིག་ཡིན་པ་དང་། བླ་ནི་སྐྱེ་བ་སོ་སོའི་གནས་སྐབས་སུ་གསར་དུ་གྲུབ་པའི་ནུས་པ་ཞིག་རེད། དེའང་མི་གང་ཚེ་ལས་འདས་རྗེས་བླ་དེ་ཉིད་སྲོག་དང་མཉམ་དུ་མི་འཇིག་པར་ད་དུང་དུས་ངེས་ཅན་ནང་མི་ཡུལ་དུ་གནས་པར་བྱེད་དེ།   འབྱུང་རྩིས་ཟླ་བའི་འོད་ཟེར་ལས།  སྲོག་ནི་གཤེད་མ་འདྲེ་ཡིས་བཅད། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲངས། །བླ་དེ་ཚེ་འདས་གཟུགས་བཟུང་ནས། །དུར་ས་དེ་ལ་གནས་པ་ཡིན། །ཞེས་དུར་ས་ལ་གནས་པ་དེ་མཆོད་པས་མཚུན་ལྷའམ་དུར་ལྷ་ཞེས་སུ་གྲགས་པ་དེ་ཡིན་ལ། དེའི་གནས་ཚད་ནི་སྐྱེས་པ་ལོ་བརྒྱད་ཅུ་དང་བུད་མེད་ལོ་དྲུག་ཅུ། ཡང་གཞུང་ཁ་ཤས་སུ་མི་གང་འཇིག་རྟེན་མི་ཡུལ་ལ་ལོ་ག་ཚད་བསྡད་ན་དེའི་ཚད་གནས་པར་བཤད་པ་དང་། དེ་མིན་ལ་ལས་མི་གང་གི་བསོད་ནམས་དང་དབང་ཐང་ཆེ་ཆུང་ལས་བླའི་གནས་ཚད་ཀྱང་མི་འདྲ་བར་བཤད་དོ། །གཞན་གསོན་པོའི་སྐབས་སུ་མི་སོ་སོའི་བླ་དེ་རང་རང་གི་ལུས་སེམས་ལ་བརྟེན་པ་ཙམ་མ་ཟད།   རང་གི་གཉེན་འཁོར་དང་རྡོ་ཤིང་སོགས་ལ་ཡང་གནས་པར་བྱེད་ཀྱི་ཡོད་པས།  བོད་རིགས་ས་ཁུལ་དུ་བླ་རྡོ་དང་། བླ་ཤིང་། བླ་རི། བླ་མཚོ་ལ་སོགས་ཀྱི་བཤད་སྲོལ་བྱུང་བའོ། །  
           བྱེ་བྲག་གསོ་དཔྱད་པའི་གཞུང་ལྟར་བླ་ཚེ་སྲོག་གསུམ་ངོས་བཟུང་བ་ནི། ཚེ་དང་སྲོག་དང་འཚོ་བ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞིང་། སྤྱིར་ཚེ་སྲོག་ཅེས་པ་ནི་ཁམས་རང་རང་གི་རྟེན་རྣམས་འཚོ་ཞིང་འཛིན་པ་དེར་བྱ་སྟེ།  སྲོག་ལྡན་གང་ལ་གཞན་དང་མི་འདྲ་བའི་འཚོ་སྐྱེས་ཀྱི་ནུས་སྟོབས་ཁྱད་པར་བ་ཞིག་ཡོད་པ་དེའི་མིང་དང་། བྱེ་བྲག་རླུང་སེམས་དབྱེར་མེད་ཀྱི་ཆ་དེ་ལ་བྱ་བ་ནི་ནང་བསྟན་མདོ་སྔགས་དང་གསོ་དཔྱད་རང་ལུགས་གང་གི་སྒོ་དང་ཡང་མཐུན་པའི་ལྟ་ཚུལ་ཞིག་རེད། མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི།  །རྣམ་ཤེས་རྟེན་གང་ཡིན་པའོ།   །ཞེས་རྣམ་པར་ཤེས་པའི་རྟེན་དེ་ལ་སྲོག་དང་དེའི་དུས་ཡུན་ལ་ཚེ་ཞེས་བྱ་ལ།  སྲོག་དང་ཚེ་དེ་གནས་པའི་རྟེན་གྱི་ངོ་བོ་བླ་ཞེས་གྲགས།  ལ་ལ་དག་བླ་སྲོག་གཅིག་ཏུ་འཛིན་པ་དང་། ལ་ལ་དག་རྣམ་ཤེས་བླ་རུ་འཁྲུལ་བ་དག་ལ་འདི་ལྟར་སྨྲ་བར་བྱ་སྟེ། ཇི་སྐད་དུ། སྲོག་གི་མ་ནི་བླ་རུ་གྲགས།  །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲངས། །སྲོག་ནི་གཤེད་མ་འདྲེ་ཡིས་བཅད། །ཅེས་རྣམ་ཤེས་དང་བླའི་ཁྱད་པར་གོང་དུ་སོང་ཟིན་པ་དང་།   བླ་ཚེ་སྲོག་གསུམ་གྱི་ཁྱད་པར་ནི། སེམས་ཅན་གང་ཡིན་ཀྱང་རྒྱུད་གཅིག་པོ་དེ་དག་གི་སྒོ་གསུམ་དབང་པོ་ཇི་སྙེད་པ་རིས་མཐུན་པར་གནས་པའི་རྩ་བ་ཡིན་པའི་སྐྲད་ལྟ་བུ་སྙིང་པོར་གྱུར་པའི་དྭངས་མའི་རླུང་དེ་སྲོག་གི་མཚན་ཉིད།  དེ་གནས་པའི་ཡུན་གྱི་ཆ་དེ་ཚེའི་མཚན་ཉིད། དེ་སེམས་དང་འགྲོགས་པའི་ཆ་དེ་བླའི་མཚན་ཉིད་དོ། །  དཔེའི་སྒོ་ནས་བརྗོད་ན། མར་ཁུ་ལྟ་བུའི་ཚེ་དང་། སྡོང་བུ་ལྟ་བུའི་སྲོག མར་མེ་ལྟ་བུའི་བླ་ཞེས་བཤད་དོ། །  
           ཁྱད་པར་བླ་ནི། རྩའི་སྟོང་ཐུན་ལས། བླ་ཞེས་བྱ་བ་ཚེ་སྲོག་གི །རྟེན་གྱུར་སྲོག་གི་མ་མ་དེ། །ངོ་བོ་བྱང་སེམས་ཐིག་ལེ་ཡིན། །ཞེས་གསུངས་པ་སྟེ། བརྟེན་པ་ཚེ་སྲོག་སེམས་གསུམ་གྱི་རྟེན་ནི་བླ་དང་། ངོ་བོ་ནི་བྱང་སེམས་ཐིག་ལེ་ཡིན་ལ་དེ་ནི་གསང་འདུས་ལས། སྲོག་འཛིན་པ་ཡི་བྱང་སེམས་ནི།  །སྙིང་དབུས་ཁྲག་གི་དྭངས་མ་སྟེ། །བྱིལ་བུ་ལན་ཚྭའི་སྒོང་ཚད་ཀྱི། །དཀྱིལ་ན་འོད་ཀྱི་གོང་བུ་ཡི། །སྲན་མའི་ག་འུ་ཁ་སྦྱར་ཚད།   །དེ་དབུས་དྲན་ཤེས་ཤེས་པ་གནས།   །ཞེས་གསུངས་པ་ལྟར་དང་། དེ་བཞིན་བླའི་ངོ་བོ་ངེས་ཚིག་དབྱེ་བ་བཅས་པདྨ་ཀ་རས་མཛད་པའི་བདུད་རྩིའི་སྙིང་པོ་བསྡུས་པར། ངོ་བོ་བྱང་སེམས་ཐིག་ལེ་ཡིན།  །ངེས་ཚིག་ལུས་ཟུངས་སེམས་ཀྱི་རྟེན།  །ཡིན་པའི་ཕྱིར་ན་བླ་ཞེས་བྱ།  །དབྱེ་ན་ཐིག་ལེ་དཀར་དམར་གཉིས།  །ཉི་མ་ཟླ་བ་ཞེས་ཀྱང་བྱ།  །ཞེས་དང་། གཞན་ཡང་སྙིང་པོ་བསྡུས་པ་ལས། ལུས་ཟུངས་ཁུ་བའི་མཐར་ཐུག་པའི། །ནང་ན་གཟི་ཅན་མདངས་མཆོག་ཡིན། །སྙིང་ལ་གནས་ཀྱང་ཁྱབ་པ་དང་། །ལུས་ནི་བརྟན་པར་གནས་པ་ཡིན། །ཞེས་པ་དེར་རང་འགྲེལ་ལས། མདངས་ཞེས་བྱ་བ་སྙིང་གི་ནང་ན་ཆུའི་ཐིགས་པ་ལྟར་དྭངས་ཤིང་གསལ་བར་འདུག་མོད་ཀྱི་ལུས་ལ་ཁྱབ་པ་དང་ལུས་བརྟན་པར་གནས་པའི་གཞི་དེ་ཡིན་ཞེས་གསུངས་སོ།    །རྒྱུད་ལས།  ལུས་ཟུངས་ཁུ་བའི་མཐར་ཕྱིན་མདངས་མཆོག་སྟེ།   །སྙིང་ལ་གནས་ཀྱང་ལུས་ཀུན་ཁྱབ་པ་དང་། །ཚེ་གནས་གཟི་མདངས་བཀྲག་དང་ལྡན་པར་བྱེད། །ཅེས་པ་ནི། ལུས་ཟུངས་དང་ཁུ་བའི་དྭངས་མ་མཐར་ཕྱིན་པའི་མདངས་ཞེས་བྱ་བ་ནི་ལུས་ཟུངས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིང་འབྱུང་བ་ཐམས་ཅད་ཀྱི་དྭངས་མ་ཡིན་ཏེ།  སྙིང་ལ་གནས་ཤིང་ཚེས་ཀྱི་དབང་གིས་སྤྱི་གཙུག་ནས་མཐེ་བོང་བར་འཕོ་བའི་ཚུལ་གྱིས་ལུས་ཀུན་ལ་ཉི་མའི་འོད་ཟེར་ལྟར་ཁྱབ་པ་དང་།  དེའི་ཡོན་ཏན་ནི།  ཚེ་རིང་དུ་གནས་པ་དང་། ལུས་ཁམས་འདི་གཟི་མདངས་དང་བཀྲག་དང་ལྡན་པར་བྱེད་པ་ཡིན་ཞེས་པའོ།  །དེ་ལྟར་ལུས་ཟུངས་དྭངས་མའི་མཐར་ཐུག་པ་མདངས་སམ་བྱང་སེམས་ཐིག་ལེ་དེ་ནི་སྐབས་འདིའི་བརྗོད་གཞི་བླ་ཞེས་བྱ་བའི་རྟེན་དུ་འཛིན་པ་དང་བླ་ནི་རྣམ་པར་ཤེས་པ་དང་ལྷག་དོན་ཚེ་སྲོག་གི་རྟེན་དུ་གྱུར་པའོ། །  
           དེས་ན་རྒྱུད་ལས། བླ་རྩ་མར་ཟུར་ཆུ་རྒྱུས་གསེབ་ཏུ་བརྟག །ཅེས་མཁྲིག་མའི་མར་ཟུར་གྱི་ཆུ་བ་དང་རྒྱུས་པའི་གསེབ་ན་རྒྱུ་བའི་འཕར་རྩ་དེ་ཉིད་བླ་གནས་སམ་བླ་རྒྱུ་བའི་ལམ་ལྟ་བུར་གསུངས་པ་ཅི་ཡིན་ཞེ་ན།   འདིར་བསྡུར་དཔྱོད་ཀྱི་ཐབས་ལམ་བཀོལ་ནས་བླ་གནས་དང་བླ་རྩ་གཉིས་ཀྱི་ཁྱད་པར་ཙམ་ཅུང་ཟད་སྨྲ་བའི་དགོས་པ་ཆེ་སྟེ། གཡུ་ཐོག་དགོངས་རྒྱན་ལས། བླ་གནས་ཞེས་བླ་ཚེ་གནས་པའི་རྟེན་ཁམས་བྱང་ཆུབ་སེམས་ཞེས་བྱ་བ་ཉིན་བཞིན་ལུས་ཀྱི་གནས་གཅིག་ཏུ་འཕོ་བའི་ཐིག་ལེའི་རྣམ་པ་ཅན་ཞིག་གི་མིང་སྟེ།  རྒྱུད་བརྟག་པ་གཉིས་ལས། བཅོ་ལྔའི་ཆ་ཡི་བདག་ཉིད་ཅན། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར།།བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་པ་རྣམས་དེ་ཡི་ཆ། །ཞེས་དང་།སྒྱུ་འཕྲུལ་དྲྭ་བ་ལས། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན།  །ཞེས་གསུངས་པ་དང་།  སྡེ་སྲིད་རིན་པོ་ཆེས། འདིར་ཁམས་བྱང་ཆུབ་ཀྱི་སེམས་ཡི་གེའི་གཟུགས་ཅན་དེ་རྣམས་རང་རང་གི་གནས་དེ་དང་དེའི་སྔ་མར་ནུས་པ་ཐིམ་པ་དང་དེ་ཉིད་དུ་ལོངས་སྤྱོད་པ་དང་།  ཕྱི་མ་དེ་འགོ་རྩོམ་པའི་ཚུལ་གྱིས་ནུས་པ་གསལ་བར་བྱེད་པ་ཡིན་ཏེ།  དཔེར་ན་ཚེས་ལྔ་ལྟ་བུ་ལ་བྱང་ཆུབ་ཀྱི་སེམས་རྒྱས་འགྱུར་གྱི་རིགས་དེ་ཉིད་ལོང་བུའི་ཚིགས་མཚམས་ཀྱི་ཁམས་ཨིའི་རྣམ་པ་ཅན་དེ་དག་ལ་ཐིམ་ནས་པུས་མོའི་ལོ་གཟུགས་ཅན་ལ་ལོངས་སྤྱོད་ཅིང་དཔྱི་རུས་ཀྱི་ཨའི་གཟུགས་ཅན་ལ་འགོ་རྩོམ་པ་འདི་ཁོ་ན་ལྟར་གཞན་རྣམས་ལའང་མཚུངས་པའི་དོན་གྱིས་སོ།  །དེ་ནས་ནུས་པ་འཕོ་བ་ཙམ་མ་གཏོགས་ཁམས་ཡི་གེའི་གཟུགས་ཅན་དེ་རྣམས་གནས་གཅིག་ནས་གཅིག་ཏུ་འཕོ་བ་ནི་མ་ཡིན་ཏེ།  སོར་མོའི་ཚིགས་ལ་སོགས་པའི་གནས་སུམ་ཅུ་རྩ་གཅིག་པོ་དེ་རྣམས་སུ་རང་རང་གི་ཡི་གེའི་གཟུགས་ཅན་གྱི་ཁམས་རྣམས་རྟག་པར་གནས་བཞིན་པ་ཡིན་ནོ། །སྐྱེས་པའི་ཁམས་བྱང་ཆུབ་ཀྱི་སེམས་ནི་རྐྱང་མའི་དབང་ལས་འབྱུང་བའི་ཕྱིར་གཡོན་དང་།  བུད་མེད་ཀྱི་བྱང་སེམས་ནི་རོ་མའི་དབང་གིས་འབྱུང་བའི་ཕྱིར་ན་གཡས་ཕྱོགས་ནས་ཐོག་མར་རྩོམ་པ་ཡིན་གྱི།  སྐྱེས་པ་ལ་དམར་ཆ་དང་བུད་མེད་ལ་དཀར་ཆའི་གནས་ཚུལ་དེ་ལྟ་བུ་ནི་མེད་དེ། གནས་ཚུལ་དེ་དག་ཕལ་ཆེར་ནི་གཏར་བསྲེག་བྱེད་པའི་གནས་སུ་ཅི་ལྟར་རུང་ཞེ་ན།    ཁམས་བྱང་ཆུབ་ཀྱི་སེམས་ལ་བླའི་མིང་གིས་བཏགས་པ་དེ་ཉིད་གང་དུ་གནས་པ་ན་ནི་འོས་མེད་ལ། དེ་དག་གི་སྔ་མ་དང་ཕྱི་མ་སྟེ། ཐིམ་ལོང་བདག་པོ་གསུམ་གྱིས་བསྡུས་པའི་ཁོན་དེ་དག་ཀུན་ལ་བླ་གནས་ཞེས་ཤེས་དགོས་པ་ཡིན། ཞེས་གསུངས་པ་ལྟར་དང་། འདིར་ལུགས་མི་འདྲ་བའི་བླ་གནས་ཀྱི་འཕོ་ཚུལ་དག་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གཏར་གའི་གདམས་པ་རྙོག་མ་དྲུང་འབྱིན་དུ་འཁོད་པའི་ནང་དོན་བཞིན་རེའུ་མིག་ཏུ་བཀྲམ་པ་གཤམ་གསལ།







           དེ་བཞིན་བླ་རྩ་ནི། གཡུ་ཐོག་དགོངས་རྒྱན་ལས། བླ་རྩ་ཞེས་ཚེ་རིང་ཐུང་བརྟག་ཐུབ་པའི་མཁྲིག་མའི་མར་ཟུར་དུ་ཡོད་པའི་འཕར་རྩའི་མིང་ངོ་།  །ཞེས་དང་། རྒྱུད་ལས། སེམས་ལ་རང་དབང་མ་ཐོབ་ཕྱིར་བལྟས་པས། །མ་རིག་སྲིད་པའི་ལུས་ངན་བླངས་པ་ཡིས། །ཚེ་སྲོག་རྟེན་དུ་བླ་རྩ་འཁྱམ་པོ་བྱུང་། །ཞེས་པ་སྟེ།   ཡེ་གདོད་མ་ནས་ཐ་མལ་གྱི་སེམས་འདུས་མ་བྱས་ཀྱི་ཀུན་གཞི་དེ་ཉིད་ལ་རང་དབང་མ་ཐོབ་ཅིང་སོ་མ་ཟིན་པར་ཡུལ་ལ་ཕྱིར་བལྟས་པས་སེམས་ཉིད་ཀྱི་རང་རྩལ་དུ་མ་རིག་པར་བདག་གཞན་དུ་བཟུང་ནས་འཁྲུལ་བ་ལས་སྲིད་པའི་ལུས་ངན་བླངས་ཤིང་སྣ་ཚོགས་པའི་ལས་བསགས་པ་ཡིས།   ལས་དེའི་སྒོ་སྐལ་ལོངས་སྤྱོད་པའི་ཡུན་ལ་ཚེ་ཞེས་དང་། ལུས་སེམས་ལྷན་ཅིག་ཏུ་གནས་པའི་རྟེན་ཡིན་པས་སྲོག་ཅེས་བྱ་སྟེ།  ལུས་ངན་གྱི་སྐྱེ་བ་བླངས་པ་དེའི་རྣམ་པར་ཤེས་པའི་རྟེན་ཚེ་སྲོག་ཡིན་ལ། ཚེ་སྲོག་གི་རྟེན་དུ་བླ་རྩ་འཁྱམས་པོ་ཞེས་བྱ་བ་དེ་བྱུང་ཞིང་།བླ་རྩ་ནི་གྲེ་ཁུང་ཨ་སོའི་འོག་ཙམ་ནས་གྱེས་ཏེ་མར་ཟུར་ཆུ་རྒྱུས་ཀྱི་གསེབ་བརྒྱུད་ནས་སྲིན་ལག་ཏུ་རྒྱུ་བའི་འཕར་རྩ་སྟེ་དེང་རབས་གསོ་རིག་གིས“尺动脉 ”ཞེས་འབོད་པ་དེ་ཡིན་ལ། བླ་དེ་རྒྱུ་བའི་ལམ་ལ་བླ་རྩ་དང་། ཕྱི་རོལ་དུ་འཁྱམས་པའི་དངོས་པོ་དེ་ལ་བླ་ཞེས་བྱའོ། །དེ་ནི་ཚེ་སྲོག་དང་ལྷན་ཅིག་པའི་དྲིས་བགོས་པའི་བླ་རྩའི་ནང་ནས་སྲིན་ལག་བརྒྱུད་དེ་ཕྱི་རོལ་དུ་འཁྱམས་པ་ལ། མི་དེ་དབང་ཐང་ཞན་པའི་ཚེ་ན་མཚན་མོ་རྒྱུ་བའི་འབྱུང་པོས་བླ་ལ་གནོད་པ་ཐེབས་པའང་བླ་དེ་འཁྱེར་བས་བླ་རྩ་བྲོས་ཞེས་ནད་མེད་ཀྱང་མདངས་ཉམས་ཤིང་ཡལ་བ་སོགས་ལ་བླ་ཤོར་བ་དང་།  ལྷ་འདྲེས་བླ་འཁྱེར་དང་བླ་བཅད་པ་སོགས་ཀྱི་ཤོད་སྲོལ་ཡོད་པ་དང་། རང་རེའི་བོད་དུ་སྲིན་ལག་སྟེང་གསེར་དངུལ་ཟངས་ལྕགས་སོགས་ཀྱི་མཛུབ་དཀྲིས་ཀྱི་རྒྱན་ཆ་འདོགས་པའང་ཐོག་མར་བླ་ཚེ་ལ་འབྱུང་པོ་མི་མིན་གྱིས་གནོད་པ་མི་འབྱུང་ཞིང་བསྲུང་བའི་ཕྱིར་ཕྱག་མཛུབ་ལ་དཀྲིས་པ་ལས་རིམ་གྱིས་རྒྱན་ཆའི་སྲོལ་དུ་གྱུར་པ་ཡིན་པར་བསྙད་དོ། །  
           དེ་ལྟ་བུའི་རྩ་རླུང་ཐིག་ལེ་སེམས་བཅས་ཀྱི་ཆ་ཤས་ཀྱི་རྟེན་ནི་སྲོག་རྩ་དང་འབྲེལ་ཞིང་མར་ཟུར་ཆུ་རྒྱུས་ཀྱི་གསེབ་ཏུ་རྒྱུ་བའི་བླ་རྩ་ཀུན་ཏུ་གཏད་མེད་དུ་འཁྱམ་པ་པོ་ཞེས་དང་།  བླ་དང་འདྲ་སྟེ་འཁྱམས་པ་ཞེས་བླ་དེ་ལ་གཞུང་བསྟན་བཅོས་གང་དུའང་འཁྱམས་པའི་ཐ་སྙད་མཛད་ཡོད་པ་དེར་ཕྱོགས་གཉིས་ནས་འཆད་དགོས་སེམས་ཏེ།   གཅིག་ནི་བླ་གནས་དེ་བླ་ཚེ་གནས་པའི་རྟེན་ཁམས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལུས་ཀྱི་སྙིང་ལ་གནས་ཤིང་ཉིན་བཞིན་ལུས་ཀྱི་སྤྱི་བོའི་གཙུག་ནས་རྐང་མཐིལ་བར་གནས་གཅིག་ནས་གཅིག་ཏུ་འཕོ་བའི་ཐིག་ལེའི་རྣམ་པ་ཅན་གང་ཞིག་ཡིན་པ་ལ་གནས་གཅིག་ཏུ་སྡོད་པ་མེད་པར་ལུས་ཀུན་ཏུ་ཁྱབ་ཅིང་རྒྱུ་བས་འཁྱམས་པ་ཞེས་དང་།    དེར་གཏར་བསྲེག་སོགས་དཔྱད་བཅོས་སྐབས་སུ་བླའི་འཕོ་ཚུལ་མ་ཤེས་པར་གང་བྱུང་དུ་བསྲེག་རྡེག་སོགས་བྱས་པས་བླ་གནས་སུ་ཕོག་ན་ཚེ་སྲོག་ལ་ཉེན་ཁ་འབྱུང་བའང་གནད་དེ་ལ་ཐུག་པ་དང་། ཅིག་ཤོས་ནི་བླ་རྩ་སྟེ་སྙིང་ལས་གྱེས་པའི་སྲོག་རྩ་ནག་པོའི་སྡོང་པོ་བརྒྱུད་དེ་མཁྲིག་མའི་མར་ཟུར་གྱི་ཆུ་རྒྱུས་གསེབ་ཏུ་རྒྱུ་བའི་འཕར་རྩ་དེ་ཉིད་ལམ་དུ་བྱས་ཤིང་ཕྱི་རོལ་གྱི་གནས་ངེས་མེད་དུ་འཁྱམས་ཤིང་རྒྱུ་བས་འཁྱམས་པ་ཞེས་དེར་མི་མ་ཡིན་དག་གིས་གནོད་པ་ལས་བླ་ཤོར་བ་ཞེས་ཚེ་སྲོག་ལ་ཉེན་ཁ་འཕྲད་པ་བཞིན་ནོ།  །དེ་ལྟར་བླ་དང་འདྲ་སྟེ་འཁྱམས་པ་ཞེས་ལུས་ཀྱི་ནང་རོལ་ནས་བཤད་ན་ཉིན་གཅིག་ཀྱང་སྡོད་པ་མེད་པར་གནས་གཅིག་ནས་གཅིག་ཏུ་འཕོ་བའི་ཚུལ་གྱིས་ལུས་ཡོངས་སུ་འཁྱམས་པ་དང་།  ལུས་ཀྱི་ཕྱི་རོལ་དུ་བླ་རྩའི་ལམ་བརྒྱུད་ནས་གནས་ངེས་མེད་དུ་འཁྱམས་པས་ན་འཁྱམས་པ་ཞེས་པའི་ཐ་སྙད་མཛད་པ་ཡིན་སྙམ་པ་མ་གཏོགས། ཁ་ཅིག་གིས་བླ་རྩ་དང་བླ་གནས་གཉིས་གཅིག་ཏུ་འཛིན་པ་དང་ཡང་ན་བླ་རྩའི་བླ་དང་བླ་གནས་ཀྱི་བླ་གཉིས་སོ་སོར་བྱེད་པ་ནི་ཤིན་ཏུ་འཐད་པར་མ་མཐོང་ངོ་།    །ཅིའི་ཕྱིར་ན་བླ་ཞེས་པ་ཐོག་མཐའ་བར་གསུམ་གང་གི་གནས་སུའང་བླ་ཚེ་སྲོག་གསུམ་ཞེས་པའི་བླ་སྟེ་ཚེ་དང་སྲོག་གནས་པའི་རྟེན་གྱི་ངོ་བོར་གྲགས་པ་དེ་ཡིན་ཞིང་།  གཞན་བླ་རྩ་ནི་མཁྲིག་མའི་མར་ཟུར་གྱི་འཕར་རྩ་ལ་རྒྱུ་བའི་བླའི་ཆ་ཤས་ཀྱི་རྟེན་དང་བླ་གནས་ནི་རྟེན་སྙིང་དུ་བྱང་སེམས་ཐིག་ལེར་བྱས་ཤིང་དེ་ཆ་ཤས་ཉིན་བཞིན་ལུས་ཡོངས་སུ་རྟེན་འབྲེལ་དབང་གིས་ཡི་གེ་གཟུགས་སུ་འཕོ་བར་བྱེད་པ་སྟེ། ཇི་སྐད་དུ། ཕྱི་རོལ་དུ་ཟླ་བའི་ཆ་དང་མཚུངས་པར་ནང་དུ་བྱང་སེམས་རྐང་མཐིལ་ནས་སྤྱི་བོའི་གཙུག་གི་བར་ཚེས་ཀྱི་དབང་གིས་འཕོ་ཞིང་འཕེལ་འགྲིབ་བྱེད་པ་དང་མཚུངས་ལྡན་བླ་ཚེ་རྟེན་སྙིང་ལ་གནས་པའི་ཆ་ཤས་ཀྱི་རྟེན་བླ་རྩ་ལ་རྒྱུ་བས་སོ།  །ཞེས་གསུངས་པ་བཞིན་མདོར་ན་རྣམ་ཤེས་ཀྱི་རྟེན་ཚེ་སྲོག་དང་།  ཚེ་སྲོག་གི་རྟེན་བླ།  བླ་ཡི་རྟེན་སྙིང་ལ་གནས་པའི་བྱང་སེམས་ཐིག་ལེ་དང་ཆ་ཤས་ཀྱི་རྟེན་སྲོག་རྩ་དང་འབྲེལ་ཞིང་མར་ཟུར་ཆུ་རྒྱུས་གསེབ་ཏུ་རྒྱུ་བའི་བླ་རྩ་ཡིན་པ་དེ་བཞིན་ནོ། །    
གསུམ་པ། བླ་རྩ་བརྟག་ཐབས་དངོས་བཤད་པ།
           མི་གང་ཞིག་གི་ཚེ་རིང་ཐུང་གཙོ་བོར་བརྟག་པར་བྱེད་པའི་བླ་རྩ་བརྟག་པ་ལ་སྔོན་འགྲོ་དང་། བལྟ་དུས། བལྟ་གནས། མནན་ཚད། བལྟ་ཚུལ། འཕར་ཚུལ་བཅས་དྲུག་གིས་བརྗོད་པར་བྱ་སྟེ། དང་པོ་ནི། རྒྱུད་ལས། ཤ་ཆང་ལ་སོགས་དྲོད་བཅུད་དྲག་པོ་དང་།   །འཇུ་དཀའ་བསིལ་ཆེས་ནད་གཞི་འཁྲུག་པ་སྤང་།   །འགྲངས་ཆེས་ལྟོགས་ཆེས་ཉལ་པོ་གཉིད་ཆག་དང་། །སྨྲ་བརྗོད་སེམས་ལས་འགྲོ་འདུག་སྤངས་ཏེ་བརྟག །དེ་ཡིས་འདུ་བ་རྣམ་གསུམ་མི་འཁྲུག་གསལ།  །གློ་བུར་དུ་ཡང་དབུགས་མལ་ཚུད་པ་དང་།  །རྩ་དཔངས་རྐྱེན་གྱིས་མ་བཏེག་གཅེས་པ་ཡིན།  །ཞེས་རེག་པ་རྩའི་སྔོན་འགྲོ་སྤྱི་དང་། ཁྱད་པར་དུ་བླ་རྩ་བརྟག་པ་ནི་ཚེ་སྲོག་གི་རྟེན་དུ་གྱུར་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ་ཚེ་ཡུན་གྱི་རིང་ཐུང་བརྟག་པ་ཞིག་ཡིན་ཙ་ན།  ལུས་ངག་ཡིད་གསུམ་ལ་འགལ་བའི་ལས་དང་།  མྱ་ངན་འཇིགས་སྐྲག་ཞེད་སྣང་སོགས་རིང་དུ་སྤང་བར་བྱའོ། །   
           གཉིས་པ་བལྟ་བའི་དུས་ཀྱང་རྒྱུད་ལས་གསུངས་པའི་ནང་དབུགས་དྲོན་མོ་ཕྱིར་མ་རྒྱུ་བ་དང་ཕྱི་དབུགས་གྲང་མོ་ནང་དུ་མ་ཤོར་ཞིང་གདགས་སྲིབ་དབུགས་སྙོམས་རྩ་མལ་གནས་དུས་བལྟ་བ་གཅེས་ཏེ།  རྒྱུ་མཚན་ནི།  འཕར་རྩ་ཡིན་པ་གང་ཞིག་ཁྲག་རླུང་གཉིས་ཀ་རྒྱུ་བའི་ཕྱིར་དང་།  དེས་ན་མཚན་མོ་རླུང་ཤས་ཆེ་ཞིང་ཉིན་མོ་ཁྲག་ཤས་ཆེ་བའི་ཕྱིར། རླུང་ཁྲག་གམ་གདགས་སྲིབ་ཆ་སྙོམས་པའི་དུས་སུ་བརྟག་པས་རྟོགས་པར་འགྱུར་རོ། །   
           གསུམ་པ་བལྟ་གནས་ནི།  བླ་རྩ་མར་ཟུར་ཆུ་རྒྱུས་གསེབ་ཏུ་བརྟག  །ཅེས་དང་། མར་ཟུར་ཆུ་བའི་བར་ན་བླ་རྩའི་གནད།  །ཅེས་སྲོག་རྩ་ནག་པོ་ལས་གྱེས་ཤིང་མཆན་ཁུང་བརྒྱུད་ནས་ལག་པར་གྱེས་པ་རུས་པ་འབུར་པོའི་མར་ཟུར་ཆུ་རྒྱུས་ཀྱི་གསེབ་ཏུ་བརྟག་གོ །  
           བཞི་པ་ནི། མནན་ཚད་ཚོན་གྱིས་པགས་པ་ཀན་གྱིས་ཤ །ཆག་གིས་རུས་པ་ནོན་ཙམ་གསལ་བར་མནན།   །ཅི་ཕྱིར་ཞེ་ན་རྩ་དབྱིབས་ལ་ཕུག་འདྲ།   །ཤ་རྔམས་ཟབ་མི་ཟབ་ལས་བྱུང་བ་ཡིན།    །ཞེས་བལྟ་རྩ་བླ་རྩ་འཆི་རྩ་གསུམ་གྱི་མནན་ཚད་སྤྱིའི་སྒོ་ནས་བསྟན་པ་དེ་དང་།    དམིགས་བསལ་བླ་རྩའི་སྐབས་འདིར།  མནན་ནས་གསལ་ན་མནན་ནས་བལྟ།    །བཏེགས་ནས་གསལ་ན་བཏེགས་ནས་བལྟ། །ཇི་ལྟར་གསལ་ན་དེ་ལྟར་བལྟ། །ཞེས་བྱང་པ་དཔལ་ལྡན་འཚོ་བྱེད་ཀྱིས་གསུངས་པ་བཞིན་བརྟག་པ་ཤིན་ཏུ་གཙིགས་པར་མཐོང་།    
           ལྔ་པ་བལྟ་ཚུལ་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། རྩ་ལ་རེག་ཙམ་དང་ཆུ་ལ་དཀྲུགས་ཙམ་བྱས་པས་ནད་ངོས་མི་ཟིན་ཏེ་ཞེས་ཡུན་དུ་བརྟག་པར་གསུངས་པ་ནི། རིན་ཆེན་རྩའི་མཛོད་ལས། རྩ་རིགས་བརྒྱད་པོ་རིམ་པས་བརྟག །ཅེས་པ་དེའི་འགྲེལ་པར་དང་པོ་གཡོན་ལས་ལྔ།   གཡས་ལས་ལྔ་སྟེ་བཅུའི་ཡུན་དུ་རྩ་འཕར་ལུགས་ཀྱི་རྒྱུད་བརྟག་གོ །དེ་ནས་བཅུའི་ཡུན་དུ་རྟེན་གྱི་རྩ་རྒྱུད་བརྟག    དེ་ནས་བཅུའི་ཡུན་དུ་དུས་ཀྱི་རྩ་རྒྱུད་བརྟག     དེ་ནས་བཅུའི་ཡུན་དུ་དོན་གདགས་ཀྱི་རྩ་རྒྱུད་བརྟག དེ་ནས་བཅུའི་ཡུན་དུ་ནད་བ་དང་ཉེས་པའི་རྩ་རྒྱུད་བརྟག   དེ་ནས་བཅུའི་ཡུན་དུ་ནད་ཚ་བ་དང་གྲང་བའི་རྩ་རྒྱུད་བརྟག །དེ་ནས་བཅུའི་ཡུན་དུ་ནད་དོན་དང་སྣོད་ཀྱི་རྩ་རྒྱུད་བརྟག  དེ་ནས་བཅུའི་ཡུན་དུ་ལུས་ཆ་གསུམ་དང་སྐྱེད་པའི་ནད་ཀྱི་རྩ་རྒྱུད་བརྟག་གོ །ཅེས་གྲངས་ཀྱི་དབྱེ་བ་བརྒྱད་ཅུའི་བར་དུ་གསུངས་པ་དང་། རྒྱུད་ལས། དེ་ཡང་ལན་གྲངས་བརྒྱ་ཡི་བར་དག་ཏུ། །ཆེ་ཆུང་སྟོད་སྨད་དྲག་དལ་བྱིང་རྒྱས་དང་། །སྡོད་འཐེན་ཐང་ལྷོད་མེད་པར་འཕར་བར་འདོད།  །ཅེས་ནད་མེད་ཐ་མལ་གྱི་རྩ་ལ་བརྟག་པ་ཇི་བཞིན་བླ་རྩ་དེ་ཡང་ལན་གྲངས་མང་པོའི་བར་དུ་ཆེ་ཆུང་དྲག་དལ་བྱིང་རྒྱས་སྡོད་འཐེན་སོགས་མེད་པར་སྙོམས་པར་འཕར་མིན་ལ་བརྟག་པའི་ཚེ་ལོ་རིང་ཐུང་གི་ཚད་ཤེས་ཐུབ་སྟེ།  བླ་རྩ་སྙོམས་པར་ལན་བརྒྱ་འཕར་བ་ནི། །ལོ་བརྒྱ་ཐུབ་སྟེ་ལྔ་བཅུས་ལྔ་བཅུ་ཐུབ། །ཅེས་གསུངས་པ་ལྟར་རྗེ་གཡུ་ཐོག་པའི་རྗེས་འཇུག་ཏུ་རློམ་པའི་བདག་ཅག་འཚོ་བྱེད་སྨན་པ་རྣམས་ཀྱིས་རང་གི་ལག་ལེན་གྱིས་རྒྱུད་མ་བསླད་ན་རྒྱུད་ཀྱི་དགོངས་པས་བདག་ཅག་བསླུ་མི་སྲིད་པ་སྨྲ་མ་དགོས་སོ། །  
           དྲུག་པ་འཕར་ཚུལ་ནི། རྒྱུད་ལས། བླ་རྩ་གནས་ན་བླ་ཚེ་མལ་དུ་གནས།  །བླ་རྩ་འགྱུར་ལྡོག་བྱེད་ན་ཚེ་མི་བརྟན། །བླ་རྩ་བྲོས་ན་བླ་ཚེ་ཡར་ཏེ་འཆི། །ཞེས་དང་། གོང་སྨན་པས། བླ་ཞེས་བྱ་བ་ཚེ་སྲོག་གི། །རྟེན་གྱུར་སྲོག་གི་མ་མ་དེ། །ངོ་བོ་བྱང་སེམས་ཐིག་ལེ་ཡིན།  །རྣམ་པར་རབ་ཕྲའི་རྡུལ་ལྟ་བུ།  །གནས་ནི་མཁྲིག་མའི་མར་ཟུར་གྱི། །ཆུ་བ་རྒྱུས་པའི་གསེབ་ཏུ་གནས། །དེ་ཉིད་གནས་ན་ཚེ་སྲོག་གནས།   །ཡལ་ན་འཆི་བར་འགྱུར་བ་ཡིན།   །ཞེས་གསུངས་པ་ལྟར་མཁྲིག་མའི་མར་ཟུར་དུ་རྒྱུ་བའི་བླ་རྩ་དེ་ཉིད་རང་གནས་སུ་གནས་པ་ཞེས་འཕར་ཞིང་རྒྱུ་ན་ཚེ་སྲོག་ཉིད་རིང་དུ་གནས་པའི་རྟགས་དང་། འགྱུར་ལྡོག་བྱེད་པ་ཞེས་སྡོད་འཐེན་སྟོང་བརྒྱལ་ཐང་འཁྱིག་སོགས་བྱུང་ན་ཚེ་མི་བརྟན་པ་སྟེ། བྱེ་བྲག་ཏུ་རྒྱུད་ལས། ཡར་མར་ཆུ་རྒྱུས་འོག་ནས་མི་རྒྱུ་ན།  །བན་བོན་ཡིན་ན་སྲུང་མ་བདུད་དུ་བབས།  །སྐྱེ་བོ་ཡིན་ན་ཟོར་ཁ་ཀླུ་གཉན་འགྲས།  །ཕོ་ལ་གཡས་པ་འཁྱིག་སྡོད་ཕ་སྤུན་འཆི། །གཡོན་པ་འཁྱིག་ཅིང་སྡོད་ན་བུ་སྨད་འཆི། །གཉིས་ཀ་འཁྱིག་སྡོད་རང་ཉིད་གྲི་རུ་འཆི།   །ཐེངས་གཅིག་སྡོད་ན་གོད་ཀ་ཁ་ཡོགས་འོང་།  །བུད་མེད་གཡས་པ་འཁྱིག་འདོད་ཁྱོ་ཕྱོགས་འཆི།  །གཡོན་པ་འཁྱིག་ཅིང་སྡོད་ན་ཕ་མིང་འཆི།  །གཉིས་ཀ་འཁྱིག་ཅིང་སྡོད་ན་བུ་ཁྱོ་འཆི།  །སྟོང་བརྒྱལ་གོད་འོང་ཐང་འཁྱིག་ཁ་སྨྲས་འོང་།  །ཞེས་གསུངས་པ་དང་། གཞན་བླ་རྩའི་སྒོ་ནས་གདོན་ངོས་བཟུང་བ་ནི། ཇི་སྐད་དུ། མལ་མི་ཐུབ་ན་གདོན་གྱི་རྩ་ཡིན་ཏེ། །སྦོམ་རྩུབ་ཕོ་གདོན་ཐུང་རྩུབ་མོ་གདོན་བཟུང་། །ཞེས་པ་ལྟར་རོ། །དེ་མིན་བླ་རྩ་བྲོས་ན་བླ་ཚེ་ཡར་ཏེ་འཆི་ཞེས་བླ་རྩ་ཆུ་རྒྱུས་གསེབ་ནས་མི་རྒྱུ་བར་བྲོས་པ་སྟེ་ཡལ་ན་ནི་འཆི་བར་འགྱུར་ལ།   འོན་ཀྱང་ཚེ་རིང་དུ་འགྲུབ་བྱེད་ཀྱི་ཐབས་སམ་ཆོ་ག་བསྟེན་པ་དང་བླ་བསླུ་ཚེ་ཆོག་དང་འཆི་བ་ལས་བསླུ་བའི་ཐབས་སོགས་བྱས་པས་བླ་བསླུ་ཚད་ལྡན་ཟིན་ནས་ནད་གདོན་ཞི་སྟེ་བླ་རྩ་རང་མལ་དུ་ཚུད་པ་དང་ཚེ་གནས་པར་འགྱུར་བ་ནི་སྲིད་པའོ།  །བླ་རྩར་བརྟག་པས་རྟོགས་ཐུབ་པའི་རྒྱུ་མཚན་ནི། སོ་མ་ར་ཛར། འཕར་རྩ་རླུང་གིས་གང་བ་སྟེ།  །སྙིང་རྩ་བརྒྱད་ལ་ཁྲག་གང་བ། །ཤེས་པ་དག་དང་གསུམ་འགྲོགས་ཏེ། །འཕར་བར་བྱེད་དང་ལུས་གཅོད་དང་།  །བླ་རྩ་སྙིང་རྩ་ཞེས་བྱ་འོ།  །ཞེས་པ་ལྟར་ཆུ་རྒྱུས་གསེབ་ཏུ་རྒྱུ་བའི་འཕར་རྩ་ནི་ཁྲག་རླུང་གཉིས་འདོམས་ཀྱི་ངོ་བོར་གནས་པ་དང་། དེ་ནི་ཚེ་སྲོག་གི་རྟེན་བླའི་རྟེན་དུ་གྱུར་པ་དང་། རྟེན་བླ་རྩར་འགྱུར་ལྡོག་བྱུང་བས་བརྟེན་པ་ཁྲག་རླུང་གི་རྩའི་རྒྱུ་བ་ལ་འགྱུར་ལྡོག་འབྱུང་ཞིང་བརྟེན་པ་ཚེའང་མི་བརྟན་པ་ནི་དེ་ལས་དེ་བྱུང་གི་འབྲེལ་བས་གྲུབ་བོ།།   
          སྨྲས་པ། དེ་ལྟར་བླ་རྩའི་སྐོར་གྱི་གོ་དོན་ཙམ། །དངོས་བརྒྱུད་བླ་མའི་གསུང་རབ་ལ་བརྟེན་ཞིང། །རང་གི་ཤེས་ཚོད་ཕྲ་མོས་དཔྱད་ཁུལ་གྱིས། །བྲིས་འདིས་བློ་ལྡན་དགྱེས་པ་བསྐྱེད་ཡང་སྲིད།།སྐྱེས་སྦྱངས་ཤེས་རབ་རིང་ནས་དབེན་པ་དང་།།ཐོས་བསམ་ཡོན་ཏན་རྒྱུད་ལ་བསགས་པ་ཉུང་། །མ་ཤེས་ལོག་རྟོག་ཉེས་བཤད་ཅི་མཆིས་པ། །སློབ་དཔོན་མཁས་པའི་སྤྱན་སྔར་ལན་བརྒྱར་འཆགས།།