ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བོད་ལུགས་གསོ་རིག་གི་རྨི་ལམ་གྱི་རྣམ་བཤད།

སྤེལ་དུས 2018-05-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
              ཉེ་བའི་དུས་རབས་ཀྱི་སྔ་གཞུག་ནས་བཟུང་རྨི་ལམ་ལ་ཆེད་དུ་ཞིབ་འཇུག་བྱེད་པའི་འགོ་དངོས་སུ་ཚུགས་ཤིང་།  བརྗོད་བྱའི་གཞི་ཧ་ཅང་རྙོག་འཛིང་ཆེ་བས་མཁས་པ་ཚོར་འགྲེལ་སྟངས་མི་འདྲ་བ་གང་མང་བྱུང་ཡོད།    འོན་ཀྱང་མཁས་དབང་ཚོས་རྨི་ལམ་ལ་རྩོད་མེད་འཁྲུལ་བྲལ་གྱི་ལྟ་ཚུལ་ཞིག་སྤེལ་ཡོད་པ་ནི། རྨི་ལམ་དེ་ལྷའི་བཀའ་ལུང་ངམ་འདྲེའི་ཆོ་འཕྲུལ་མ་ཡིན་ལ། སྤྱིར་བཏང་མི་རྣམས་ཀྱིས་བཤད་པའི་སྙིང་པོ་ཅི་ཡང་མེད་པའི་སེམས་ཁམས་ཀྱི་མཁོ་མེད་རྒྱུ་ཆའམ་སྒྱུ་མའི་འཁྲུལ་སྣང་ཡང་མ་ཡིན་པར། སྣེ་མང་རྙོག་འཛིང་ཆེ་བའི་སེམས་ཁམས་ཀྱི་འགུལ་བསྐྱོད་ཅིག་སྟེ་ཀླད་པས་ཕྱི་དོན་གྱི་དངོས་ཡོད་ཚུལ་སྣང་བྱུང་བ་ཞིག་ཡིན་པ་དེ་རེད།  
              བོད་ཀྱི་བཀའ་བསྟན་མདོ་རྒྱུད་གཞུང་ལུགས་སོགས་སུ་རྨི་ལམ་གྱི་འབྱུང་ཚུལ་དང་། རྨི་ལམ་འབྱུང་བའི་རྒྱུ་མཚན། རྨི་ལམ་གྱི་ནུས་པ། ཁྱད་ཆོས། མཚན་ལྟས། རྨི་ལམ་སྐབས་ཀྱི་རླུང་སེམས་ཀྱི་འབྲེལ་བ། དེ་གཞིར་བཟུང་ནས་རྨི་ལམ་བེད་སྤྱོད་བྱ་ཚུལ་དང་སྦྱོང་བརྡར་བྱ་ཚུལ་ལ་སོགས་པ་རྒྱས་པར་གསུངས་ཡོད་ལ།  བོད་ལུགས་གསོ་རིག་ཏུའང་རྨི་ལམ་གྱི་འབྱུང་རྐྱེན་དང་། རང་བཞིན། མཚོན་དོན་སོགས་ལ་རང་གི་སྒེར་ཆོས་ཀྱི་སྟེང་ནས་རྣམ་བཤད་མཛད་ཡོད།            
༡.རྨི་ལམ་གྱི་འབྱུང་རྐྱེན།
              ང་ཚོས་གནའ་དེང་ཕྱི་ནང་གི་རྨི་ལམ་གྱི་རྣམ་བཤད་དང་རྨི་ལམ་དངོས་བཅས་ལ་ཞིབ་ཏུ་བརྟག་ཚེ།  རྨི་ལམ་སྣང་བའི་འབྱུང་རྐྱེན་མཐའ་དག་རྣམ་པ་གཉིས་སུ་མ་ངེས་པ་ཅི་ཡང་མེད་དེ། སྐྱེ་ལུགས་ཀྱི་རྒྱུ་རྐྱེན་དང་། སེམས་ཁམས་ཀྱི་རྒྱུ་རྐྱེན་གཉིས་སོ། །དེ་ནི་དེང་རབས་སུ་རྨི་ལམ་ལ་ཞིབ་འཇུག་བྱས་པའི་ལྟ་ཚུལ་ཡིན་ལ།  བོད་ལུགས་གསོ་བ་རིག་པས་ཀྱང་བཤད་སྟངས་མི་འདྲ་བ་ཙམ་ལས་བཞེད་དོན་དེང་རབས་དང་གཅིག་མཐུན་བྱུང་འདུག  
              དེ་ཡང་སྐྱེ་ལུགས་ཀྱི་རྒྱུ་རྐྱེན་ལ་མཚོན་ན།  ནད་ཅན་དབང་དུ་བྱས་པ་ནི།   རྒྱུད་ལས། “དེ་ལ་སོགས་ཏེ་རྨི་ལམ་མི་བཟང་བ།  །  ཡིད་འཇུག་བུ་ག་ནད་ཀྱིས་བཀག་ཕྱིར་མཐོང་།  །”ཞེས་ཡིད་དམ་ཤེས་པ་འཇུག་ཅིང་རྒྱུ་བའི་བུ་གའི་རྒྱུན་སྲང་ངམ་རྩ་སྦུབས་རྣམས་ནད་ཀྱིས་བཀག་ཅིང་གནོད་པ་སྐྱེལ་བའི་ཕྱིར་རྒྱུན་ལྡན་མིན་པའི་རྨི་ལམ་དེ་དག་རྨིས་ཤིང་མཐོང་བ་སྟེ། ནད་རིགས་ཀྱི་དབང་གིས་སྣང་བའི་རྨི་ལམ་ཡིན་པས་ནད་ཁམས་སམ་སྐྱེ་ལུགས་ཀྱི་རྒྱུ་རྐྱེན་དུ་གཏོགས་པ་དང་། རླུང་མཁྲིས་བད་ཀན་གསུམ་གྱིས་བསྡུས་པའི་ནད་ཀྱི་ཚུལ་མི་འདྲ་བ་གང་དག་ཤས་ཆེ་ཆུང་བྱུང་བའི་དབང་གིས་རྨི་ལམ་ཡང་མི་འདྲ་བའི་འབྱུང་རྐྱེན་དུ་འགྱུར་སྲིད་པ་བསྟན་ཡོད། གཞན་ནད་མེད་ཀྱི་དབང་དུ་བྱས་པ་ནི། གནས་ཀྱི་རྐྱེན་དང་ཁམས་ཀྱི་རྐྱེན་ཞེས་རྨི་ལམ་སྣང་བའི་སྐྱེ་ལུགས་ཀྱི་རྒྱུ་རྐྱེན་རྣམ་པ་གཉིས་སུ་གསུངས་པ་དང་།   དེ་ལས་གནས་ཀྱི་རྐྱེན་གྱིས་རྨི་ལམ་འབྱུང་བ་ནི།  ལུས་པོའི་རྩ་སྦུབས་ཀྱི་སྟེང་འོག་རྒྱབ་མདུན་དོག་ཡངས་སོགས་རྩ་གནས་ཀྱི་ཁྱད་པར་རྣམས་རྨི་ལམ་མི་འདྲ་བ་འཆར་བའི་རྒྱུ་རྐྱེན་དུ་གསུངས་བཞིན་ཡོད་ལ། ཁམས་ཀྱི་རྐྱེན་གྱིས་རྨི་ལམ་འབྱུང་བ་ནི།   ཉེས་གསུམ་ཤས་ཆེ་ཆུང་ལས་བསྐྱེད་པའི་མིའི་ཁམས་སམ་རང་བཞིན་གྱི་རྗེས་སུ་མཐུན་པར་རྨི་ལམ་འབྱུང་ཚུལ་བསྟན་པ་སྟེ། རླུང་གི་ཁམས་ཀྱི་མིར་རླུང་གི་རྨི་ལམ་གྱི་སྡེ་ཚན་དང་། མཁྲིས་པར་མཁྲིས་པའི་སྡེ་ཚན།     བད་ཀན་ལ་བད་ཀན་རྨི་ལམ་གྱི་སྡེ་ཚན་འབྱུང་བར་གསུངས་པ་དང་།  དེ་བཞིན་ཉེས་གསུམ་ལྡང་དུས་ཏེ་སྲོད་དང་།  མཚན་གུང་། ཐོ་རེངས་བཅས་སུ་རིམ་པ་བཞིན་དུ་ལུས་ཁམས་ཀྱི་བད་ཀན་དང་།   མཁྲིས་པ།  རླུང་གི་རང་བཞིན་བཅས་ཅུང་ཟད་འཕེལ་བར་འགྱུར་བ་ལ་བརྟེན་ནས་རྨི་ལམ་ཡང་རང་རང་གི་ཁམས་ཀྱི་རྨི་ལམ་རྨིས་ཚུལ་གསུངས་པའོ།  །རྨི་ལམ་གྱི་འབྱུང་རྐྱེན་དུ་རྩ་གནས་དང་ཁམས་ཀྱི་རང་བཞིན་བསྟན་ཡོད་པ་འདི་འདྲ་ནི་འཛམ་གླིང་གི་སེམས་རིག་དང་རྨི་ལམ་གྱི་རྣམ་བཤད་གང་དུའང་མཐོང་དཀོན་པས།  རྨི་ལམ་རིག་པར་ཆེད་དུ་ཞིབ་འཇུག་བྱེད་མཁན་གྱི་མཁས་དབང་ཚོར་མཚོན་ན་དཔྱད་གཞིའི་རིན་ཐང་ཆེ་བར་སེམས་སོ། །   
              གཉིས་པ་སེམས་ཁམས་རྒྱུ་རྐྱེན་གྱིས་བསྐྱེད་པ་ནི། འདས་པའི་ཉིན་མོ་དང་ལོ་ཟླའི་ནང་གི་བག་ཆགས་ཕྱིར་རྨི་ལམ་དུ་སྣང་བ་ཡིན་ལ། བོད་ཀྱི་བསྟན་བཅོས་དང་གསོ་རིག་རྣམས་སུ་སེམས་ཁམས་ཉིད་རྨི་ལམ་འབྱུང་བའི་རྒྱུ་རྐྱེན་གཙོ་བོར་བསྟན་ཡོད་དེ། “སད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་རྨི་ལམ་གྱི་སྣང་བ་སྣ་ཚོགས་འབྱུང་”ཞེས་དང་། “ཁྱད་པར་སེམས་ལ་ཆགས་པའི་བྱ་བ་ཡིན།  །བག་ཆགས་འབྱུང་བས་དེ་ཉིད་ཡང་ཡང་རྨིས།    །”ཞེས་པ་རྣམས་སེམས་ཁམས་ཀྱི་རྒྱུ་རྐྱེན་འབའ་ཞིག་ཏུ་ངེས་པ་དང་། རང་རེའི་རྒྱུད་ལས་“མཐོང་ཐོས་མྱོང་དང་གསོལ་བ་བཏབ་བ་དང་།  །གྲུབ་པ་ནད་ལས་བྱུང་དང་རྣམ་པ་དྲུག”ཅེས་པར་མཚོན་ན།   གྲུབ་པ་དང་ནད་ལས་བྱུང་བ་གཉིས་ཕུད་པའི་ལྷག་མའི་མཐོང་ཐོས་མྱོང་དང་གསོལ་བ་བཏབ་པ་བཞི་པོ་སེམས་ཁམས་ཀྱི་རྒྱུ་རྐྱེན་དུ་གཏོགས་ཏེ། དེ་ཡང་མཐོང་བ་ཞེས་ཉིན་མོར་གཉིད་མ་ལོག་པའི་སྐབས་སུ་མིག་གིས་གཟུགས་སྣང་སྣ་ཚོགས་མཐོང་ཞིང་ཉམས་སུ་མྱོང་བའི་ཤུགས་རྐྱེན་ཀླད་པའི་རྒྱ་དར་རམ་སེམས་ངོར་ཆགས་པ་དེ་ཉིད་མཚན་མོ་གཉིད་ཀྱི་སྐབས་སུ་དེ་དང་འདྲ་བའི་རྣམ་པའམ་ཡང་ན་རྣམ་པ་གཞན་ཞིག་གི་སྟེང་ནས་མཚོན་ཞིང་རྨིས་པ་དང་།  དེ་བཞིན་དུ་ཐོས་པའི་བག་ཆགས་ཀྱིས་རྨིས་པ་སྟེ་སྔར་རྣ་བའི་དབང་པོས་ཐོས་པ་རྣམས་རྨིས་པ།  མྱོང་བའི་བག་ཆགས་ཀྱིས་རྨིས་པ་སྟེ་བདེ་སྡུག་ལ་སོགས་པ་སྔར་རང་གིས་དངོས་སུ་མྱངས་པ་དང་མཐུན་པར་རྨིས་པ་ཡིན་ལ།  དེང་རབས་ཀྱི་རྨི་ལམ་རིག་པའི་ནང་དུ་མྱོང་བའི་བག་ཆགས་འདི་ཉིད་རྨི་ལམ་འབྱུང་བའི་རྒྱུ་རྐྱེན་གཙོ་བོར་བསྟན་འདུག  གསོལ་བ་བཏབ་པ་ཞེས་ཡིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་བརྟགས་ཤིང་ཡིད་ལ་བྱེད་པ་སྟེ་འདོད་པའི་དོན་གང་ཞིག་འབྱུང་བར་གསོལ་བ་བཏབ་པའམ་རེ་སེམས་བྱས་པ་དང་རྗེས་སུ་མཐུན་པར་རྨིས་པ་ཡིན་ཞིང་།   འདིར་ཨའོ་ཏི་ལིའི་སེམས་ཁམས་རིག་པ་བ་གྲགས་ཅན་ཧྥུ་ལོ་དབྱི་ཏིས་དབྱེ་ཞིབ་ཟབ་མོ་གནང་ཡོད་ལ། ཁོང་གིས་“་རྨི་ལམ་ནི་འདོད་བློ་ཚིམ་བྱེད་ཡིན”(梦是愿望的满足)ཞེས་གསུང་པའང་འདི་ལ་བརྟེན་ནས་བྱུང་བ་དང་། ཕྱིས་སུ་རྨི་ལམ་ལ་ཞིབ་འཇུག་མཁན་ཚང་མས་སྐད་ཆ་དེར་ཡང་སྐོར་སྐྱར་སྐོར་གྱིས་བརྟག་དཔྱད་ལན་མང་བྱས་པ་བརྒྱུད་ཚན་རིག་གི་ར་སྤྲོད་རྣལ་མ་ཐོབ།             
༢ .རྨི་ལམ་གྱི་འབྱུང་ཚུལ།
              དེང་རབས་གསོ་རིག་ཚན་རིག་གིས་ཀླད་པའི་སྐྱི་རིམ་(大脑皮层)དེ་འགུལ་སྐྱོད་ཀྱི་རྣམ་པར་གནས་རྒྱུ་ཡོད་ལ།    ལྷོད་འཇགས་ཀྱི་རྣམ་པར་ཡང་གནས་རྒྱུ་ཡོད་པར་བཞེད།  སྤྱིར་བཏང་ཉིན་མོར་འགུལ་སྐྱོད་དང་མཚན་མོར་ལྷོད་འཇགས་ཀྱི་རྣམ་པར་གནས་ཡོད།  གཉིད་ཁུག་པ་ནི་ཀླད་པའི་སྐྱི་རིམ་ལ་ལྷོད་འཇགས་ཀྱི་རྣམ་པ་ཡིས་ཁྱབ་པའི་བརྒྱུད་རིམ་ལ་ཟེར་བ་སྟེ།  གཉིད་ཁུག་སྐབས་ལྷོད་འཇགས་ཀྱི་རྣམ་པ་དེ་ཐོག་མར་ཀླད་པའི་སྐྱི་རིམ་གྱི་ཁག་ཆུང་བ་ཞིག་ནས་བྱུང་སྟེ་རིམ་གྱིས་ཀླད་པའི་སྐྱི་རིམ་ཡོངས་ལ་ཁྱབ་པ་ནི་གཉིད་ཁུག་པའི་བརྒྱུད་རིམ་ཡིན་ལ།  བརྒྱུད་རིམ་དེའི་ནང་ཀླད་པའི་སྐྱི་རིམ་གྱི་ཆ་ཆེ་ཤོས་ལྷོད་འཇགས་ཀྱི་རྣམ་པར་གནས་ཡོད་ནའང་ཆ་ཤས་ཕྲན་བུར་དབང་རྩའི་ཕྲ་ཕུང་ཤུགས་ཞན་པའི་འགུལ་སྐྱོད་ཀྱི་རྣམ་པར་གནས་ཡོད་སྟབས།  དེ་ཉིད་ཉིན་མོའི་བག་ཆགས་སོགས་རྨི་ལམ་གྱི་འབྱུང་རྐྱེན་ངེས་ཅན་དང་ཕན་ཚུན་འདྲེས་པ་བརྒྱུད་གཞི་ནས་རྨི་ལམ་གྲུབ་པ་སྟེ། གཉིད་པའི་དུས་སྐབས་ཀྱི་སེམས་ཁམས་ཀྱི་འགུལ་སྐྱོད་ཉིད་རང་གིས་མྱོང་ཚོར་བྱུང་བའོ། །   
              བོད་ལུགས་གསོ་རིག་གི་བཞེད་ཚུལ་ནི། མི་གང་ཞིག་གཉིད་ཁུག་པའི་དུས་སུ་རྣམ་ཤེས་ཚོགས་བརྒྱད་ཀྱི་ནང་ནས་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཡུལ་ལྔའི་ལམ་དུ་མི་འཇུག་པར་སྙིང་ག་ཆོས་ཀྱི་འཁོར་ལོའི་གནས་སུ་ཚོགས་དྲུག་མི་གསལ་བར་གཅིག་ཏུ་བསྡུས་ཡོད་པ་ལ། སྲོག་གི་རླུང་གིས་ཡིད་ཀྱི་རྣམ་པར་ཤེས་པ་བག་ཆགས་དད་བཅས་པ་ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་བསྐྱོད་དེ་ཡིད་ཀྱི་འདུ་བྱེད་ལངས་པའི་ཚེ་རྨི་ལམ་གྱི་སྣང་ཆ་བྱུང་བ་ཡིན་པ་དེ་རེད།   དེ་ཡང་གཉིད་ཁུག་པའི་དུས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་གཙོ་ཞིང་། དེའི་དབང་གིས་རྨི་ལམ་ལ་དག་པ་འོད་གསལ་དང་མ་དག་འཁྲུལ་སྣང་གཉིས་འབྱུང་བཞིན་མཆིས།   
              བོད་ལུགས་གསོ་རིག་དང་དེང་རབས་ཚན་རིག་གི་རྨི་ལམ་གྱི་འབྱུང་ཚུལ་བཤད་ཡོད་པ་གཉིས་ཕན་ཚུན་བསྡུར་ནས་བལྟས་ཚེ་མི་མཚུངས་པའི་ཆ་མཆིས་པ་ང་ཚོས་མྱུར་དུ་ཤེས་སླ་མོད།  རིག་པ་ཕྲ་མོས་ཞིབ་ཏུ་དཔྱད་དེ་གནས་ལུགས་ཀྱི་སྟེང་ནས་བསམ་ན་དེ་གཉིས་བར་འདྲ་བའི་ཆ་ཡོད་པའང་ཚོར་ཐུབ།             
༣.རྨི་ལམ་གྱི་བྱེད་ནུས།
              བོད་ཀྱི་བཀའ་བསྟན་གཞུང་ལུགས་དང་གསོ་རིག་གི་གཞུང་རྣམས་སུ་རྨི་ལམ་བརྟག་པའམ་རྨི་ལྟས་དཔྱད་ཐབས་སོགས་བསྟན་ཏེ། འབྲས་བུ་ལེགས་ཉེས་དང་། བགྱི་བ་བཟང་ངན། དོན་གཉེར་འགྲུབ་མིན། ནད་རིགས་དྲག་སྐྱེད་བཅས་རྨི་ལམ་ལ་བརྟེན་ནས་མ་འོངས་སྔོན་ཤེས་ཐུབ་པ་སོགས་རྨི་ལམ་ལ་ཐུན་མོང་མ་ཡིན་པའི་བྱེད་ནུས་ཁྱད་པར་བ་ལྡན་ཚུལ་གསུངས་ཡོད། ཡིན་ནའང་། མི་རྣམས་ཀྱི་ཤེས་པར་ཚད་བཀག་ཐེབས་པའི་རྐྱེན་གྱིས་ལོ་ངོ་གང་མང་ཞིག་གི་རིང་དུ་ལྟ་ཚུལ་དེ་ནོར་འཁྲུལ་རྨོངས་དད་དུ་བརྩིས་ནས་ཚན་རིག་གི་དོ་སྣང་བྱ་ཡུལ་དུ་གྱུར་མ་ཐུབ། ཉེ་བའི་དུས་རབས་ནང་ནུབ་ཕྱོགས་ཀྱི་སྐྱེ་ལུགས་རིག་པའི་མཁས་དབང་དང་སེམས་རིག་སྨྲ་བ་འབོར་ཆེན་གྱིས་རྨི་ལམ་ལ་ཆེད་དུ་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད་རྨི་ལམ་གྱི་བྱེད་ནུས་སྣ་ཚོགས་རིམ་གྱིས་ཤེས་གསལ་བྱུང་ཏེ་ཚན་རིག་གི་བདེན་དཔང་ཐོབ་པ་དང་ཆབས་ཅིག ལོ་མང་རིང་མ་རིག་རྨོངས་དད་དུ་ངོས་འཛིན་བྱས་པའི་བོད་ལུགས་ཀྱི་ལྟ་བ་དེ་ཡང་ངལ་བའི་མལ་ལས་ལྡང་སྟེ་སླར་ཡང་དབུགས་དབྱུང་མཛད་པའི་གོ་སྐབས་བྱུང་།   
              འོ་ན་རྨི་ལམ་ལ་ཡང་སྙིང་བྱེད་ནུས་གང་དག་ལྡན་པ་ཡིན་ཞེ་ན།   དེང་རབས་སུ་རྨི་ལམ་ལ་གཙོ་བོར་ཡིད་སེམས་སྙོམས་སྒྲིག་གི་བྱེད་ནུས་དང་།  རིག་སྟོབས་ཆེར་འཕེལ་གྱི་བྱེད་ནུས།   མ་འོངས་སྔོན་ཤེས་ཀྱི་བྱེད་ནུས་བཅས་ལྡན་པར་ངོས་འཛིན་བྱེད་བཞིན་ཡོད་པ་སྟེ།   ཚན་རིག་གི་གནས་ལུགས་ཡང་དག་ལྡན་ཞིང་མིའི་ཀླད་པར་དམིགས་བསལ་དུ་ཡོད་པའི་བྱེད་ནུས་ཁྱད་པར་བ་ཞིག་ཡིན།   
              རང་རེའི་བོད་ཀྱི་གཞུང་རྣམས་སུའང་དེང་གི་ཚན་རིག་དང་མཐུན་པའི་སྒོ་ནས་རྨི་ལམ་གྱིས་སྔོན་དཔག་ཐུབ་པའི་བྱེད་ནུས་སོགས་སེམས་ཁམས་ཀྱི་འགུལ་སྐྱོད་དང་ཀླད་པའི་བྱེད་ནུས་ཤིག་ཡིན་པར་བཞེད་ཡོད་ཅེས་བསྙད་ཆོག་སྟེ། མ་འོངས་ལེགས་ཉེས་དང་འབྲས་བུ་བཟང་ངན་གྱི་མཚན་མར་རྨིས་པའི་གཉིད་ལམ་མཐའ་དག་སེམས་ལ་མྱོང་གོམས་སུ་སོང་བའི་བག་ཆགས་དང་བློ་རྩལ་གྱི་མཐུས་སྣང་བཞིན་ཡོད་པར་མདོ་རྒྱུད་དང་གསོ་རིག་གི་གཞུང་ལས་གསུངས་ཡོད་ལ། ད་དུང་གཞན་པའི་གསོ་རིག་དང་སེམས་རིག་སོགས་ལ་མེད་པའི་ཁྱད་ཆོས་ཏེ་སྔ་ལྟས་ཀྱི་མཚན་མར་བྱུང་བའི་རྨི་ལམ་ཕྱིས་དུས་ཚོད་ཅི་འདྲའི་ནང་མངོན་དུ་འགྱུར་ཚུལ་ཡང་བསྟན་ཡོད།   
              གཞན་གངས་ཅན་ཚེ་རིག་གཞུང་ལས་རྨི་ལམ་གྱི་མཚན་མ་སྣ་ཚོགས་ལ་བརྟག་སྟེ་ནད་རིགས་འབྱུང་འགྱུར་དང་འཆི་མིན་བསྟན་ཡོད་པ་དེ་དག་ནི་རྨི་ལམ་གྱི་མ་འོངས་སྔོན་ཤེས་ཏེ་ནད་རིགས་སྔོན་དཔག་གི་ནུས་པ་ཞིག་ཡིན་པ་དང་།   རྨི་ལམ་དང་ནད་རིགས་གཉིས་བར་གྱི་འབྲེལ་བ་ནི་དེང་གི་གསོ་རིག་མཁས་དབང་དང་སེམས་རིག་སྨྲ་བ་རྣམས་ཀྱི་ཞིབ་འཇུག་བྱ་གཞི་གཙོ་བོ་ཞིག་རེད། རྨི་ལམ་གྱིས་ནད་རིགས་སྔོན་ཤེས་ཐུབ་པའི་རྒྱུ་མཚན་ནི། མཚན་མོ་སླེབས་ནས་མི་རྣམས་གཉིད་ལ་རོལ་སྐབས་ཕྱི་རོལ་ལས་བྱུང་བའི་ཀླད་པར་ཕོག་ཐུག་གཏོང་མཁན་ཆེས་ཆེར་ཉུང་དུ་ཕྱིན་ཡོད་པས།  ནད་འགྱུར་བྱུང་བའི་དབང་པོ་ལས་ཐོན་པའི་ཤུགས་ཞན་པའི་ཕོག་ཐུག་གིས་ཀླད་པའི་ཕྲ་ཕུང་སྒུལ་སྐྱོད་བྱས་པ་ཡིན་པར་དེང་རབས་ཚན་རིག་གིས་བཞེད་ལ།  བོད་ལུགས་སུའང་།  “ཡིད་འཇུག་བུ་ག་ནད་ཀྱིས་བཀག་ཕྱིར་མཐོང་”ཞེས་དོན་གནད་གཅིག་ལ་འཁེལ་འདུག   
              ལར་གནའ་ནས་ད་བར་མི་སུ་ཞིག་གིས་ཀྱང་རྨི་ལམ་ལ་བརྟེན་ནས་ནད་གཞི་བརྟག་དཔྱད་བྱས་པ་ཞིག་མེད་ལ།  ནད་རིགས་སྔོན་དཔག་ཐུབ་ཀྱང་དེ་གསོ་རིག་གི་བརྟག་དཔྱད་དང་གནམ་གཤིས་སྔོན་བརྡ་ལས་གསལ་ཁ་ཆེ་བ་ཞིག་ཡོང་མི་སྲིད་མོད།  འོན་ཀྱང་རྨི་ལམ་ལ་ནད་རིགས་སྔོན་དཔག་ཐུབ་པའི་བྱེད་ནུས་ལྡན་པ་ནི་ཐུན་མོང་ཐོག་ཁས་ལེན་པ་ཞིག་ལགས་པས། ང་ཚོས་གནའ་དེང་ཟུང་འབྲེལ་གྱིས་ཞིབ་འཇུག་དང་དཔྱད་བསྡུར་ལ་བརྩོན་དགོས།            
༤.རྨི་ལམ་གྱི་མཚོན་དོན།
              སྤྱིར་ན་མི་རིགས་སོ་སོའི་ཡུལ་སྲོལ་གོམས་འདྲིས་དང་།  རིག་གནས་ཁོར་ཡུག  སེམས་ཁམས་ཀྱི་ཁྱད་པར་སོགས་ཀྱི་དབང་གིས་མཚོན་བྱེད་(象征)རང་བཞིན་གྱི་གོ་དོན་གཅིག་ཏུ་མ་ངེས་ཤིང་། ལྷག་ཏུ་རྨི་ལམ་གྱི་མཚོན་དོན་(象征意义)ནི་ཡུལ་སྲོལ་གོམས་གཤིས་སོགས་མཚུངས་པའི་རིགས་གཅིག་པའི་མི་ལ་མཚོན་ནའང་། ན་ཚོད་དང་། ལུས་རྟེན། གནས་བབ། དམིགས་པ། སེམས་ཀྱི་རྒྱབ་ལྗོངས།  མྱོང་གོམས་བག་ཆགས་སོགས་ཀྱི་ཁྱད་པར་ལས་མཚོན་བྱེད་ཀྱི་གོ་དོན་མི་གཅིག་པས། རྨི་ལམ་གྱི་མཚོན་བྱེད་དེ་མི་ཀུན་ལ་ཡོངས་ཁྱབ་ཏུ་བེད་སྤྱོད་གཏོང་མི་ཐུབ།  ཡིན་ནའང་།  མི་རྣམས་ཀྱིས་དུས་ཡུན་རིང་པོའི་རྨི་ལམ་གྱི་ཉམས་མྱོང་བསགས་པ་བརྒྱུད་རྨི་ལམ་གྱི་མཚོན་དོན་སྐོར་ཞིག་ཅུང་ཟད་གཏན་འཁེལ་ཡིན་པར་རྟོགས་པ་དེར།  སྤྱིར་བཏང་དུ་སེམས་རིག་སྨྲ་བ་ཚོས་ཁྱབ་ཆེ་ཁྱད་གཟུགས་ཀྱི་རྨི་ལམ་(典型梦)ཞེས་མིང་གིས་བསྙད།  
              བོད་ལུགས་གསོ་རིག་ཏུའང་འཆི་ལྟས་དང་བཟང་ལྟས་སོགས་མཚོན་པའི་ཁྱབ་ཆེ་ཁྱད་གཟུགས་ཀྱི་རྨི་ལམ་རྒྱུད་འགྲེལ་རྣམས་སུ་མང་དུ་གསལ་བ་དེ་ལྟར་དང་།  རྨི་ལྟས་དེ་རྣམས་དུས་རིང་པོའི་ཉམས་མྱོང་བརྒྱུད་བོད་མི་རིགས་ཐུན་མོང་གི་བསམ་པའི་ཡུལ་ཁམས་ཀྱིས་བཟང་ལྟས་དང་ངན་ལྟས་མཚོན་བྱེད་དུ་ཐག་བཅད་པ་ཡིན་པས།  དེ་ཉིད་མི་རིགས་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་པའི་བོད་སྤྱིའི་ཁྱབ་ཆེ་ཁྱད་གཟུགས་ཀྱི་རྨི་ལམ་དུ་གྱུར་པ་ཡིན་ཞིང་།  གཞན་དུ་ན་ཡོ་རོབ་ནུབ་མའི་མི་སེར་གྱིས་དུད་འགྲོ་ལ་གཅེར་བུར་ཞོན་ནས་ལྷོ་ཕྱོགས་སུ་འགྲོ་བ་དང་བག་མ་ལེན་པ་སོགས་རྨིས་པ་བཀྲ་མི་ཤིས་པའི་རྟགས་མཚན་དུ་འཛིན་པའི་ངེས་པ་མེད་ལ།  ནང་པའི་ཆོས་ཀྱི་དྲི་ཙམ་ཡང་མི་བྲོ་བའི་ཨ་ཧྥི་རི་ཁའི་མི་ཞིག་ལ་མཚོན་ན་གདུགས་དང་རྒྱལ་མཚན་སོགས་བཀྲ་ཤིས་པའི་མཚོན་བྱེད་དུ་འགྱུར་བའི་ངེས་པའང་མེད་དོ། །