ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

སེམས་ཁམས་ཀྱི་ནད་རིགས་དང་གསོ་ཐབས།

སྤེལ་དུས 2018-05-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
                 བོད་ཀྱི་གསོ་དཔྱད་གཞུང་དུ་ཀུན་བརྟགས་གདོན་ནད་ཀྱིས་གཙོས་པའི་ཡིད་ཀྱི་ཤེས་པ་རང་བབས་སུ་མི་གནས་པའི་ནད་དང་དེར་སྨན་དཔྱད་མ་ཡིན་པའི་བོད་རང་གི་ཁྱད་ཆོས་དམིགས་བསལ་ལྡན་པའི་གསོ་ཐབས་སྤྱོད་པ་ལ་ཁོ་བོས་འདིར་སེམས་ཁམས་ཀྱི་ནད་རིགས་(心理疾病)དང་སེམས་ཁམས་ཀྱི་གསོ་ཐབས་(精神疗法,又称心理疗法)ཞེས་དེང་རབས་ཀྱི་མིང་གིས་བསྙད་པ་ཡིན། རང་རེའི་བོད་ཀྱི་ཚེ་རིག་འཛིན་པ་གོང་མས་སེམས་ཁམས་ཀྱི་ནད་རིགས་ཞེས་དང་སེམས་ཁམས་ཀྱི་གསོ་ཐབས་ཞེས་ཁ་གསལ་པོའི་སྒོ་ནས་གསུངས་མེད་པ་མ་གཏོགས་བོད་ལུགས་གསོ་རིག་གི་གཞུང་དང་ནད་ཐོག་ལག་ལེན་ཁྲོད་དུ་སྔར་ནས་བཟུང་གསོ་བཅོས་བྱེད་ཐབས་དེ་གནས་ཡོད་པ་ཞིག་རེད།            
༡.  སེམས་ཁམས་ཀྱི་ནད་རིགས།
                 སེམས་ཁམས་ཀྱི་ནད་རིགས་ནི་ལུས་པོའི་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་ཡིད་ཁམས་འགུལ་སྐྱོད་ཀྱི་བྱེད་ནུས་ཆ་མི་སྙོམས་པར་གྱུར་ཞིང་ཀླད་པའི་རྩི་ཤིང་རང་བཞིན་གྱི་དབང་རྩའི་ངོ་བོ་འཁྲུགས་ཏེ། ཚོར་ཤེས་དང་། བསམ་གཞིག  འདུ་ཤེས། ཡིད་འགྱུར། དྲན་ཤེས། བྱ་སྤྱོད། རིག་སྟོབས་སོགས་སེམས་ཀྱི་སྣང་ཚུལ་ལ་འགལ་རྐྱེན་ཐེབས་པའི་ནད་རིགས་ཤིག་ཡིན་ཚུལ་དེང་རབས་གསོ་རིག་གིས་བཞེད་ལ།  བོད་ལུགས་གསོ་རིག་ཏུའང་ཐ་སྙད་འདོགས་སྟངས་མི་འདྲ་བ་ཙམ་ལས་ངོས་འཛིན་བྱེད་སྟངས་གཅིག་པ་སྟེ།  གདོན་ནད་ཅེས་པའི་སྒྲ་བཤད་དམ་ངེས་ཚིག་ནི། གྲིབ་མ་འདྲེ་འཛིན་ལྟར་བློ་འཁྲུལ་བའི་རྣམ་རྟོག་གིས་ཡིད་ཀྱི་ཤེས་པ་སོགས་བསམ་པའི་སྣང་ཚུལ་རྒྱུན་ལྡན་ནམ་རང་བབས་སུ་སྡོད་དུ་མི་འཇུག་བར་གཞན་དབང་གི་གནས་སུ་ཕྱིར་གདོན་པར་བྱ་བའི་ནད་རིགས་ཏེ་འབྲས་བུའི་མིང་རྒྱུར་བཏགས་ནས་གདོན་ནད་ཅེས་དང་།   ངོ་བོ་ནི་ཡིད་སེམས་ཀྱི་འབྱུང་ཁམས་འཕེལ་ཟད་འཁྲུགས་གསུམ་གྱི་རྣམ་པར་གྱུར་ནས་ཡིད་ཤེས་སོགས་སེམས་ཀྱི་སྣང་ཚུལ་རྒྱུན་ལྡན་མིན་ཞིང་ངོ་མཚར་ན་ལུགས་དུ་མ་སྟོན་པར་བྱེད་པ་ཡིན། དེ་ལྟར་བོད་ལུགས་གསོ་རིག་ལས་བསྟན་པའི་གདོན་ནད་ནི་དེང་དུས་གསོ་རིག་གིས་བཤད་པའི་སེམས་ཁམས་ནད་རིགས་དང་གོ་དོན་གཅིག་མཚུངས་ཡིན་ཞིང་།  བོད་ཀྱི་གསོ་རིག་དང་གཞུང་གང་དུའང་གདོན་ནད་ཅེས་པ་རང་འཛིན་རྟོག་པས་སྒྲོ་བཏགས་པའི་སེམས་ཀྱི་སྣང་ཚུལ་འཁྲུལ་བ་ལས་བྱུང་བའི་སེམས་ཁམས་ཀྱི་ནད་རིགས་ཤིག་ཏུ་མཐོང་ཡོད་པ་ལས་ཕྱི་ཡུལ་གྱི་སྟེང་ནས་གྲུབ་པའི་གདོན་འདྲེ་སྐྱི་གཡའ་བ་ཞིག་གིས་བྱས་པའི་ནད་ཅིག་ལ་ངོས་འཛིན་མཛད་མེད་དོ། །  
                 བོད་ཀྱི་གསོ་རིག་གཞུང་དུ་གདོན་སོ་སོའི་ཐ་སྙད་དང་དེ་དག་གིས་བྱས་པའི་ནད་རྟགས་བཅས་དངོས་སུ་གསལ་བཞིན་དུ་གདོན་འདྲེ་གསུངས་མི་འདུག་ཅེས་ན་མི་འཐད་དོ་ཞེ་ན། བདེན་ཏེ། དེ་ཡང་རྒྱུད་དང་རྒྱུད་འགྲེལ་སོགས་སུ་གདོན་གྱི་རྣམ་གྲངས་མང་པོ་ཞིག་གསུངས་ཡོད་ཅིང་ལྷག་ཏུ་འབྱུང་པོའི་གདོན་ལ་མཚོན་ན།  དབྱེ་བ་གདོན་ཆེན་བཅོ་བརྒྱད་བསྟན་ཅིང་དེ་དག་སོ་སོར་རང་རང་གི་རྗེས་སུ་མཐུན་པའི་ནད་རྟགས་མངོན་ཚུལ་ཡང་དངོས་སུ་གསུངས་ཡོད་པ་རེད། འོན་ཀྱང་། ཁོ་བོས་བལྟོས་ངོར་ནི་རྣམ་རྟོག་འཁྲུལ་བའི་འདྲེ་བོ་ཆེར་རྣམ་གྲངས་མང་དུ་འབྱུང་སྲིད་ཅིང་དེ་དག་སོ་སོའི་མིང་དང་རྣམ་པ་སོགས་སྲོལ་རྒྱུན་རིག་གནས་(སྒྲ་ཡངས་འཇུག་)ཀྱིས་གཏན་འཁེལ་བྱས་པ་དང་།  དེ་ལྟར་སྲོལ་རྒྱུན་རིག་གནས་ཀྱིས་བྱས་པའི་རྣམ་རྟོག་གི་སྣང་བ་མི་འདྲ་བར་བརྟེན་ནས་ན་ལུགས་སམ་ནད་རྟགས་ཀྱང་དེ་མཐུན་གྱི་མི་འདྲ་བ་མངོན་བཞིན་ཡོད་པར་འདོད་ལ། དེ་མིན་བོད་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་དང་། བསམ་པའི་ཁྱད་ཆོས། རང་བྱུང་ཁོར་ཡུག སྤྱི་ཚོགས་ཀྱི་རྣམ་པ། ལོ་རྒྱུས་ཀྱི་འབྱུང་རྩ་སོགས་བོད་སྤྱི་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ལ་འབྲེལ་བ་ཆེ་ཚུལ་ཁོ་བོའི་《བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་》ལས་བསྟན་ཡོད།  
                 དེང་དུས་མིང་གི་ཐ་སྙད་ཙམ་ལ་བརྟེན་ནས་གདོན་ནད་དེ་ཆོས་ལུགས་རྨོངས་དད་དུ་བརྩི་བའམ་ཡང་ན་དུས་རབས་དང་མི་འཚམ་པའི་སློབ་གཞི་ཞིག་ཏུ་མཐོང་བ་གང་ཡིན་ནམ་སློབ་གྲྭའི་སློབ་དེབ་སོགས་སུ་བཀོད་ཐུབ་མེད་པ་བཅས་ནི། བདག་ཅག་དེང་གི་བོད་ལུགས་ཚེ་རིག་འཛིན་པ་རྣམས་ཀྱིས་དྲི་མེད་རྣམ་དག་གི་གཞུང་ལ་བདེན་དཔང་ཕེར་པའི་ར་སྤྲོད་དང་དུས་རབས་ཀྱི་རིག་ལམ་གསར་པའི་གོ་ཆས་སྤྲས་མ་ཐུབ་པ་དེ་ཡིན། ནུབ་ཕྱོགས་རྒྱལ་ཁབ་རྣམས་སུ་དུས་རབས་བཅུ་དགུ་པ་ནས་བཟུང་ཚན་རིག་ལག་རྩལ་ཆར་ཤུལ་གྱི་ཤ་མོ་རྒྱས་པ་བཞིན་གོང་འཕེལ་སོང་བས་ལྷ་འདྲེའི་འདུ་ཤེས་འཛིན་སྟངས་དེ་རིགས་མེད་པར་གྱུར་པ་དང་།  དེ་དང་ཆབས་ཅིག་སེམས་ཁམས་ཀྱི་ནད་རིགས་ཀྱང་ཆོས་ལུགས་དང་རྨོངས་དད་སོགས་ཀྱི་ཤུགས་རྐྱེན་དང་ཡོངས་སུ་ཁ་བྲལ་ཏེ་གསོ་རིག་གི་བརྗོད་བྱ་རང་དུ་གྱུར་པ་རེད། རང་རེའི་བོད་ལ་མཚོན་ན། མི་ལོ་ཆིག་སྟོང་ལྷག་གི་གོང་ནས་སེམས་ཁམས་ཀྱི་ནད་རིགས་གསོ་ཐབས་དང་བཅས་པའི་གཞུང་ལུགས་དེ་ལྟ་བུ་ཞིག་མཛད་ཡོད་པ་ནི་མེས་པོའི་གཟི་བརྗིད་དུ་མངོན་མོད། འོན་ཀྱང་བོད་མིའི་སེམས་ཁམས་དང་སྤྱི་ཚོགས་སོགས་ལ་སྔ་ན་མེད་པའི་འཕོ་འགྱུར་ཆེན་པོ་བྱུང་བཞིན་པའི་དུས་རབས་ཉེར་གཅིག་པར་སླེབས་ལ་ཉེ་བའི་དེང་གི་དུས་འདིར། ད་དུང་ལྷ་འདྲེའི་མིང་དེ་རིགས་ཁོ་ནའི་སྟེང་དུ་མགོ་འཁོར་ནས་སེམས་ཁམས་ཀྱི་ནད་རིགས་ལ་དཔྱོད་གླེང་བྱེད་པ་ནི་རྗེས་ལུས་སམ་རྨོངས་དད་ཀྱི་ཤན་མིན་པའི་ཁས་ལེན་བྱེད་དཀའ་བས། ང་ཚོས་སྲོལ་རྒྱུན་གྱི་དགོངས་པ་ལ་རྨང་བྱས་ནས་དུས་རབས་ཀྱི་བཅུད་བཟང་གིས་རྗོད་སྟངས་སམ་རྣམ་པའི་ཐད་གསར་བརྗེ་ཞིག་བགྱིས་ན་ཕན་ཐོགས་ཤིན་ཏུ་ཆེ་བར་སེམས།   
                 ལར་ན་སེམས་ཁམས་ཀྱི་ནད་རིགས་ནི་ནུས་པའི་རང་བཞིན་གྱི་ནད་རིགས་ཤིག་ཡིན་སྟབས། མིག་སྔའི་ཚན་རིག་གི་ཆུ་ཚད་དང་ལག་རྩལ་དཔྱད་ཆས་ཀྱིས་ནད་པའི་ལུས་སྟེང་དུ་དབང་པོའི་ཕུང་གྲུབ་ལ་ནད་འགྱུར་བྱུང་ཡོད་པ་རྟོགས་ཐུབ་ཀྱི་མེད་ལ། ནད་རྟགས་ཀྱི་མངོན་ཚུལ་རྣམས་ཕྲ་ཕུང་ནད་ལུགས་རིག་པས་(细胞病理学)འགྲེལ་བཤད་བགྱིད་ཐབས་བྲལ་བ་ཞིག་རེད།   ཡིན་ནའང་། སེམས་ཁམས་ནད་རིགས་ལའང་ནུས་པའི་རང་བཞིན་གྱི་སེམས་ཁམས་ནད་རིགས་དང་དངོས་འགྱུར་རང་བཞིན་གྱི་སེམས་ཁམས་ནད་རིགས་ཞེས་དབྱེ་བ་ཆེན་པོ་གཉིས་སུ་ཕྱེ་ཡོད་པ་ལས། ཕྱི་མར་མཚོན་ན་མིག་སྔའི་བརྟག་དཔྱད་ལག་རྩལ་གྱིས་བརྟག་ཐུབ་པ་ཞིག་རེད།  བོད་ལུགས་གསོ་རིག་ཏུ་སེམས་ཁམས་ནད་རིགས་བསྟན་ཡོད་པ་དེའང་དངོས་འགྱུར་རང་བཞིན་དང་ནུས་པའི་རང་བཞིན་གྱི་དབྱེ་བ་གཉིས་སུ་ཕྱེ་ཆོག་སྟེ།  འབྱུང་པོའི་གདོན་ནད་ལ་མཚོན་ན་ནུས་པའི་རང་བཞིན་གྱི་སེམས་ཁམས་ནད་རིགས་དང་།  སྨྱོ་བྱེད་དང་།  བརྗེད་བྱེད། གཟའ་ནད།   ཀླུའི་གདོན་ནད་བཅས་ནི་ཚད་མི་འདྲ་བའི་དངོས་འགྱུར་རང་བཞིན་གྱི་སེམས་ཁམས་ནད་རིགས་ཡིན་པ་ཅུང་ཟད་དཔྱད་ཚེ་རྟོགས་ཐུབ།           
༢. སེམས་ཁམས་ཀྱི་གསོ་ཐབས།
                 སེམས་ཁམས་ཀྱི་གསོ་ཐབས་ཞེས་པ་ནི་བརྡ་བྱེད་དང་།   ཉམས་འགྱུར།   སྟངས་སྟབས། བྱ་སྤྱོད་སོགས་ལ་བརྟེན་ནས་ནད་པའི་ཡིད་སེམས་ལ་འགྱུར་ལྡོག་གམ་ཤུགས་རྐྱེན་ཐེབས་ཏེ་ནད་གཞི་གསོ་བཅོས་བྱེད་པ་ཞིག་ལ་ཟེར་བ་དང་། ཁྱབ་ཆེ་བའི་ཆ་ནས་བཤད་ན།   སྨན་པ་དང་ནད་པ་གཉིས་ཕན་ཚུན་འབྲེལ་གཏུགས་དང་། གླེང་མོལ། བརྟག་དཔྱད་བཅས་བྱེད་པའི་གོ་རིམ་ཐམས་ཅད་ནང་སེམས་ཁམས་གསོ་ཐབས་ཀྱི་གྲུབ་ཆ་འདུས་ཡོད།  
                 དེ་ཡང་སེམས་ཁམས་ཀྱི་གསོ་ཐབས་ལ་ཕན་བསྐྱེད་ཡོད་མེད་ནི་ནམ་ཡང་ཐེ་ཚོམ་ཟ་མི་དགོས་པའི་གནས་ཤིག་སྟེ། ཚན་རིག་ལག་རྩལ་རྗེས་ལུས་ཡིན་པའི་གནའ་རབས་དང་། ཡང་ན་ཚན་རྩལ་ཆུ་ཚད་ཅུང་ཟད་གོང་འཕེལ་དུ་ཕྱིན་པའི་དེང་དུས། དེ་མིན་ཚན་རིག་ལག་རྩལ་ཚད་མཐོན་པོར་དར་རྒྱས་སུ་འགྲོ་བའི་མ་འོངས་པའི་དུས་གང་དུའང་སེམས་ཁམས་ཀྱི་གསོ་ཐབས་ནི་གསོ་རིག་ཚན་རིག་ལ་མེད་ཐབས་མེད་པའི་གསོ་ཐབས་འགངས་ཆེན་ཞིག་ཡིན།  ང་ཚོས་ལོ་རྒྱུས་ལས་བལྟས་ན།    ཤར་ནུབ་རྒྱལ་ཁབ་ཀྱི་མི་རིགས་གང་ཞིག་ཡིན་ཡང་སེམས་ཁམས་ཀྱི་གསོ་ཐབས་དེ་གཙོ་བོ་དང་སྨན་དཔྱད་ཀྱི་བཅོས་ཐབས་ཕལ་པ་ཡིན་པའི་ལོ་རྒྱུས་ཀྱི་དུས་སྐབས་ཤིག་བརྒྱུད་རྗེས་རིམ་པས་སྨན་དཔྱད་ཀྱི་བཅོས་ཐབས་གཙོ་བོ་དང་སེམས་ཁམས་ཀྱི་གསོ་ཐབས་ཕལ་པར་གྱུར་པ་རྟོགས་ཐུབ། མིའི་རིགས་འདི་ཉིད་དུས་ཡུན་ཤིན་ཏུ་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་བརྒྱུད་རྗེས།  བྱ་དངོས་ལ་ལར་མི་རྣམས་ཀྱིས་ཡང་བསྐྱར་དོ་སྣང་འབྱུང་བཞིན་ཡོད་ཅིང་།  དེང་གི་སྤྱི་ཚོགས་ཁྲོད་དང་ཁྱད་པར་དུ་ཚན་རྩལ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་ལ་མཚོན་ན་སེམས་ཁམས་གསོ་ཐབས་ཀྱི་དོན་སྙིང་དེ་ཉིན་རེ་ལས་ཉིན་རེར་འགངས་ཇེ་ཆེར་འགྲོ་བཞིན་ཡོད་ཁར། མཁས་པ་ལ་ལས་སེམས་ཁམས་ཀྱི་གསོ་ཐབས་དང་། སྨན་རྫས་ཀྱི་གསོ་ཐབས། དངོས་ཁམས་ཀྱི་གསོ་ཐབས། ཕྱི་བཅོས་ཀྱི་གསོ་ཐབས་བཅས་ལ་དེང་གི་གསོ་ཐབས་ཆེན་པོ་བཞི་ཞེས་འབོད་ཀྱིན་ཡོད་པ་རེད།  
                 ཕྱི་རྒྱལ་དུ་དད་མོས་ཀྱི་གསོ་ཐབས་(信仰治疗)དང་།   རོལ་མོའི་གསོ་ཐབས།  (音乐治疗)ཡིད་ཀྱི་རྣམ་འབྱེད་(精神分析)སོགས་སེམས་ཁམས་གསོ་ཐབས་ཀྱི་རྣམ་གྲངས་ཤིན་ཏུ་མང་ལ།  རང་རེའི་བོད་ཀྱི་གསོ་རིག་ཏུའང་སེམས་ཁམས་གསོ་ཐབས་ཀྱི་ནང་དོན་ཅུང་ཕྱུག་ཅིང་རྣམ་པའང་མི་འདྲ་བ་དུ་མ་ཞིག་ཡོད་མོད།  འོན་ཀྱང་དུས་རབས་བརྒྱད་པའི་རྗེས་ནས་བཟུང་ད་ལྟའི་བར་ནང་དོན་དང་རྣམ་པ་བཅས་གང་གི་ཐད་དུའང་འགྱུར་ལྡོག་དང་གསར་བརྗེ་ཆེར་བྱེད་མ་ཐུབ་སྟབས།  གནད་ཀ་དུ་མའི་ཐད་ནས་བཤད་ན་ད་དུང་གདོད་མའི་སེམས་ཁམས་གསོ་ཐབས་ཀྱི་རྣམ་པའང་ལུས་འདུག  ཡིན་ནའང་།  ཨུ་རུ་སུའི་སེམས་ཁམས་རིག་པ་བ་ཉེ་ཀེ་ཕོའོ་ཕོའོ་ལྦས།  (尼格。波波娃)“སེམས་ཁམས་ཀྱི་གསོ་ཐབས་ལ་གཏིང་ཟབ་པའི་སྤྱི་ཚོགས་རང་བཞིན་ལྡན་པ་ཡིན། ”⑥ཞེས་གསུངས་པ་བཞིན།  བོད་ལུགས་གསོ་རིག་གི་སེམས་ཁམས་གསོ་ཐབས་དེ་དག་བོད་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་འབྱུང་རྩར་འབྲེལ་བ་དམ་ཟབ་ཡོད་པ་ཡིན་གཤིས། བོད་དུ་དེང་དུས་སུའང་ཆ་རྐྱེན་ངེས་ཅན་འོག་ཏུ་བེད་སྤྱོད་དངོས་མའི་རིན་ཐང་ངམ་ཕན་ཐོགས་འབྱུང་བཞིན་པ་མངོན་གསལ་ལགས། གཞན་དུ་ན་གསོ་བ་རིག་པའི་དམིགས་ཡུལ་ནི་ནད་ཅན་ཟུག་རྔུ་ལས་དྲངས་ཏེ་ཕན་པའི་བདེ་བ་སྟེར་རྒྱུ་ལས་མ་འདས་པས་ན། གསོ་བཅོས་ཀྱི་ཐབས་ལམ་གང་ཡིན་ལ་མ་བལྟོས་པར་ཕན་བསྐྱེད་བྱུང་ན་ནི་དེའི་དངོས་གཙོའི་རང་བཞིན་ལ་ཁས་མི་ལེན་རང་ལེན་རེད། དེ་མིན་སེམས་ཁམས་ཀྱི་གསོ་ཐབས་ཉིད་སྤྱི་ཚོགས་རྒྱབ་ལྗོངས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས་བོད་ལུགས་གསོ་རིག་ལས་བསྟན་པའི་སེམས་ཁམས་ཀྱི་གསོ་ཐབས་ཇི་བཞིན་སྤྱད་ན་ཡོ་རོབ་ནུབ་མའི་མིར་ཕན་ཐོགས་འབྱུང་བའི་ངེས་པ་མེད་པ་ཇི་བཞིན་ཉེ་དུས་ནུབ་ཕྱོགས་སུ་དར་ཁྱབ་ཆེ་བའི་“ཡིད་ཀྱི་རྣམ་འབྱེད་”ཀྱིས་བོད་མིར་ཕན་ནུས་ཐོན་པའི་ངེས་པའང་མེད་དོ། །  
                 བོད་ལུགས་གསོ་རིག་གི་སེམས་ཁམས་གསོ་ཐབས་ནང་དུ་སྔགས་བཟླ་བ་དང་། གཏོར་མ་བསྐྱལ་བ། མདོས་གཏོང་བ། སྦྱིན་སྲེག་བྱེད་པ། སེམས་བསྐྱེད་བསྒོམ་པ། ཚོགས་བསགས་པ། རྔ་དུང་རོལ་མོ་འབུད་པ། ཀློག་འདོན་དང་བཀའ་བསྒྲགས་པ་སོགས་རྣམ་པ་མང་པོ་ཞིག་མཆིས་པ་ཕལ་ཆེར་ཆོས་ལུགས་ཀྱི་ཆོ་ག་འབའ་ཞིག་སྟེ། དེའང་བོད་རང་ས་ནས་བྱུང་བའི་བོན་པོའི་ཆོས་དང་ཕྱི་ཕྱོགས་ནས་དར་བའི་སངས་རྒྱས་ཆོས་ལུགས་གཉིས་ཀྱི་ཆོ་གར་འདུས་པར་མངོན། ཡིན་ཡང་དེར་མ་འདུས་པའི་སྤྱིར་བཏང་གི་སེམས་ཁམས་གསོ་ཐབས་ཀྱང་ཡོད་དེ། “ཡིད་གདུངས་ཆོས་ནོར་གཏམ་སྙན་གྲོགས་ཀྱིས་གསོ། །”ཞེས་དང་། རླུང་ལ་ཡིད་འོང་གྲོགས་བསྟེན་ཞེས་པ་ལྟ་བུ་རྣམས་ནི་ཆོས་ལུགས་ཀྱི་ཆོ་ག་མ་ཡིན་པར་ཕྱི་ནང་གསོ་རིག་ཚང་མས་བེད་སྤྱོད་བྱེད་བཞིན་པའི་སྤྱིར་བཏང་ཐུན་མོང་པའི་སེམས་ཁམས་ཀྱི་གསོ་ཐབས་ཤིག་གོ  །
                 དེ་ལྟར་ང་ཚོས་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་གྱི་སེམས་ཁམས་གསོ་ཐབས་ལ་ཆེད་དུ་དབྱེ་ཞིབ་དཔྱད་བརྗོད་བྱས་ཏེ། དུས་རབས་རང་བཞིན་གྱི་བོད་ལུགས་གསོ་རིག་གི་སེམས་ཁམས་གསོ་ཐབས་ཤིག་དེང་གི་བོད་ལུགས་སྨན་ཁང་དུ་དངོས་སུ་བེད་སྤྱོད་ཐུབ་པ་ཡོང་རྒྱུར་བརྩོན་ལེན་བྱ་དགོས་སྙམ།