རྒྱལ་ཁབ་འདི་དག་ཏུ་ཡོང་ཁུངས་མི་གསལ་པའི་བྱིས་པའི་མཆིན་ཚད་ཐོན་འདུག
སྤེལ་དུས 2022-04-22
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཨུ་རུ་སུའི་འཁོར་སྐར་གསར་འགྱུར་ཁང་གིས་སྤྱི་ཚེས་20ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཡོ་རོབ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་(ECDC)ཀྱིས་ཚེས་19ཉིན་ཆ་འཕྲིན་སྤེལ་ཏེ། དབྱིན་ཇི་དང་སི་ཕན། ཨེར་ལན་བཅས་ཕུད། ཏེན་མག་དང་ཧོ་ལན་སོགས་རྒྱལ་ཁབ་ཏུ་ཡང་ཡོང་ཁུངས་མི་གསལ་པའི་བྱིས་པའི་མཆིན་ཚད་དྲག་པོ་ཐོན་པ་ཟིན་ཐོར་བཀོད་ཡོད་པ་བསྟན་ཡོད།
གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་འཕྲོད་བསྟེན་དང་སྤྱི་ཚོགས་བདེ་སྲུང་པུའུ་(DHSC)ཡིས་ཡོང་ཁུངས་མི་གསལ་པའི་མཆིན་ཚད་དྲག་པོའི་ནད་དཔེ་སྙན་ཞུ་ཕུལ་རྗེས། ཏེན་མག་དང་ཨེར་ལན། ཧོ་ལན། སི་ཕན་བཅས་སུའང་བྱིས་པའི་ནད་དཔེ་དེ་བས་མང་པོ་ཟིན་ཐོར་བཀོད་ཡོད་པ་རེད།
སྤྱི་ཟླ་4པའི་ཟླ་དཀྱིལ་དུ་གནས་ཚུལ་སྤེལ་བའི་ནང་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སི་ཕན་དང་དབྱིན་ཇི། ཨེར་ལན་བཅས་སུ་ཤེས་རྟོགས་བྱུང་བའི་ཡོང་ཁུངས་མི་གསལ་བའི་བྱིས་པའི་མཆིན་ཚད་ནད་དཔེའི་ཆ་འཕྲིན་ལ་དབྱི་ཞིབ་བྱེད་བཞིན་ཡོད་པ་དང་། ཚོད་ལྟ་ཁང་གི་ཞིབ་འཇུག་གོ་རིམ་ཁྲོད་དུ་ཀ་བའི་རྣམ་པ་དང་ཁ་བའི་རྣམ་པ། ག་བའི་རྣམ་པ། ཅ་བའི་རྣམ་པ། ང་བའི་རྣམ་པ་བཅས་ཀྱི་མཆིན་ཚད་ནད་དུག་ཚད་ལེན་བྱེད་ཐུབ་མེད། ཡིན་ནའང་ནད་དཔེ་ཁ་ཤས་ཁྲོད་དུ་ཏོག་གསར་ནད་དུག་(SARS-CoV-2)གམ་ཡང་ན་གཤེར་རྨེན་(Adenovirus)ནད་དུག་ཤེས་རྟོགས་བྱུང་ཡོད་པ་རེད།
ཡོ་རོབ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྙན་ཞུའི་ནང་བསྟན་དོན། ཨ་རིའི་ཨ་ལ་པ་མ་མངའ་སྡེའི་ལོ་1ནས་6བར་གྱི་བྱིས་པའི་ཁྲོད་དུ་ཡང་མཆིན་ཚད་དྲག་པོའི་ནད་དཔེ་9ཤེས་རྟོགས་བྱུང་བ་དང་། བྱིས་པ་དེ་དག་ལ་གཤེར་རྨེན་ནད་དུག་འགོས་ཡོད་པ་རེད། ཡོ་རོབ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས། ཟིན་ཐོར་བཀོད་པའི་ཡོང་ཁུངས་མི་གསལ་བའི་མཆིན་ཚད་ནད་དཔེ་ཐོན་ཡོད་པའི་རྒྱལ་ཁབ་ཡོངས་ཀྱིས་མུ་མཐུད་དུ་བརྟག་དཔྱད་བྱེད་བཞིན་ཡོད་པ་བསྟན་ཡོད། ལས་ཁུངས་དེའི་གསལ་བསྒྲགས་ཁྲོད་དུ་མིག་སྔར་བྱིས་པ་དེ་དག་ལ་མཆིན་ཚད་ཀྱིས་མནར་བའི་རྒྱུ་མཚན་དངོས་ད་དུང་ཤེས་མེད་པ་ནན་སྟོན་བྱས་ཡོད། སྤྱི་ཟླ་4པའི་ཟླ་འགོར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་དབྱིན་ཇི་དང་ཡང་ན་ཡོང་ཁུངས་མི་གསལ་བའི་མཆིན་ཚད་ནད་དཔེ་ཐོན་ཡོད་པའི་རྒྱལ་ཁབ་གཞན་དུ་ཡུལ་སྐོར་དུ་འགྲོ་རྒྱུ་ཚོད་འཛིན་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་མིན་ལ། རྒྱལ་ཁབ་དེ་དག་བར་ཉོ་ཚོང་བྱེད་པར་ཡང་ཚོད་འཛིན་བྱ་རྒྱུ་མིན་ཞེས་བསྟན་ཡོད་པ་རེད།