ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

མིར་སོ་རྒྱག་མཁན་གྱི་གྲོག་མ་དམར་པོ་ཞིང་ཆེན་12སུ་ཁྱབ་ཡོད་པས་གཟོབ།

སྤེལ་དུས 2022-05-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སྤྱི་ཟླ་5ཚེས་6ཉིན། ཅང་ཞིས་ནས་གནས་ཚུལ་སྤེལ་དོན། ཅང་ཞི་ཀན་ཀྲོའུ་རོང་ཅང་ཁུལ་གསར་གྱི་ལས་དོན་མི་སྣར་མང་ཚོགས་མི་ཉུང་བ་ཞིག་གིས་ཁ་པར་བརྒྱབ་ནས་གྲོང་ཚོའི་ནང་དང་ཞིང་ཁ་རུ་གྲོག་མ་དམར་པོ་ཡོད་པ་མ་ཟད་མིར་སོ་བརྒྱབ་པའི་སྣང་ཚུལ་བྱུང་ཡོད་པའི་སྐོར་བཤད་ཡོད་པ་རེད།
    གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་4ཚེས་30ཉིན་སི་ཁྲོན་ལེའང་ཧྲན་དུ་བྱིས་པ་ཆུང་ཆུང་ཞིག་ལ་གྲོག་མ་དམར་པོས་སོ་བརྒྱབ་རྗེས་ཚོར་ལྷག་རང་བཞིན་གྱི་དྲན་པ་ཐོར་ཞིང་། གནས་ཚུལ་ཧ་ཅང་ཉེན་ཁ་ཆེ་བ་དང་། མྱུར་སྐྱོབ་བྱས་པ་བརྒྱུད་བྱིས་པ་ཆུང་ཆུང་དེ་སྲོག་ཉེན་ལས་མཐར་ཡོད་པ་རེད།

    གྲོག་མ་དམར་པོའི་སྐྱེ་འཕེལ་ནུས་པ་ཆེ་ཞིང་ཁྱབ་མཆེད་མྱུར་ཚད་མགྱོགས་ལཚུར་རྒོལ་རང་བཞིན་དྲག་པོ་ལྡན་པ་མ་ཟད་སོ་བརྒྱབ་རྗེས་དུག་གཤིས་ཆེན་པོ་ལྡན་ཡོད། མི་དང་ཕྱུགས་རིགས་ལ་སོ་བརྒྱབ་རྗེས་བསྲེགས་རྨས་ལྟ་བུའི་ན་ཟུག་བསྐྱེད་ཅིང་། ཐ་ན་དྲན་པ་ཐོར་ཏེ་འཆི་བའི་ཉེན་ཁ་ཡང་ཡོད། སྤྱི་ཟླ་5པ་ནས་སྤྱི་ཟླ་11བར། གྲོག་མ་དམར་པོ་གཅིག་རྗེས་གཉིས་མཐུད་ངང་འགུལ་སྐྱོད་འཁྲུག་པོ་བྱེད་པའི་དུས་ལ་སླེབས་པ་དང་། རྐང་ཐང་བགྲོད་ལམ་འགྲམ་གྱི་ལྗང་མདོག་རྒྱུད་དང་སྤྱི་བའི་སྤང་ས། ས་རྒོད། ཆུ་རགས་སོགས་སུ་མཐོང་ཐུབ་ཀྱི་ཡོད། 
    གྲོག་མ་དམར་པོའི་ལ་ཏིང་མིང་གི་ནང་དོན་ནི་འགྲན་ཟླ་བྲལ་བའི་གྲོག་མ་ཞེས་པ་ཡིན་ཞིང་། ཡོང་ཁུངས་ནི་མེ་གླིང་ལྷོ་མ་ནས་ཡིན། གོ་ལ་ཧྲིལ་པོས་ཐུན་མོང་དུ་ངོས་འཛིན་བྱེད་པའི་ཉེན་ཁ་ཆེས་ཆེ་བའི་དུག་ལྡན་གྲོག་མའི་རིགས་ཤིག་ཡིན། ཞིང་ལས་དང་གྲོང་གསེབ་པུའི་གཞུང་དྲའི་ཐོག་མངོན་པ་ལྟར་ན། སྤྱི་ལོ་2021ལོའི་བར་དུ་གྲོག་མ་དམར་པོ་ཞིང་ཆེན་12(ཆུས་དང་གྲོང་ཁྱེར)ཀྱི་རྫོང་(གྲོང་ཁྱེར་དང་ཆུས)534རུ་མུའུ་ཁྲི་632.1ཐོན་ཡོད་པ་དང་། ལོ་སྔོན་མ་དང་བསྡུར་ན་མུའུ་ཁྲི་64.1ཇེ་མང་དུ་ཕྱིན་ཡོད་ཅིང་། འཕར་ཚད་11.3%ཡིན། རིམས་ནད་ཐོན་པའི་རྫོང་རིམ་པའི་སྲིད་འཛིན་ཁུལ་128གསར་དུ་ཐོན་ཡོད་པ་དང་རྒྱ་བསྐྱེད་ཁྱབ་མཆེད་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་རེད།
    ཧྭ་ནན་ཞིང་ལས་སློབ་ཆེན་གྲོག་མ་དམར་པོ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱུ་ཆའི་ཁྲོད་མངོན་པར། གྲོག་མ་དམར་པོའི་ཁྱབ་རྒྱ་ཆེ་བ་དང་། རང་རྒྱལ་གྱི་ལྷོ་ཕྱོགས་སུ་ནགས་ཚལ་སོགས་རྩི་ཤིང་ཁེབས་ཚད་མཐོ་བའི་ས་ཁོངས་ཕུད་གཞན་ཚང་མར་ནང་འཛུལ་བྱེད་ཐུབ་པ་མ་ཟད། མིས་གནོད་སྐྱེལ་བའི་ས་ཁོངས་སུ་དེ་བས་འཚམ་པོ་ཡོད་པ་རེད།
    ཧྭ་ནན་ཞིང་ལས་སློབ་ཆེན་གྲོག་མ་དམར་པོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལུའུ་ཡུང་གཡོད་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གྲོག་མ་དམར་པོས་རྨང་གཞིའི་སྒྲིག་བཀོད་ནང་དུ་ཚང་བཟོས་ནས། གློག་སྐུད་ཆད་པའམ་སྒྲིག་བཀོད་ལ་གཏོར་ཤིག་གཏོང་ཐུབ་པ་མ་ཟད། ད་དུང་ཡ་མགལ་གྱིས་ཚུར་རྒོལ་བྱས་ཏེ་ཕོ་བའི་སུག་ཁབ་ཀྱིས་རྒྱུན་མཐུད་དུ་མི་དང་སྲོག་ཆགས་ལ་འབིགས་པ་མ་ཟད། དུག་ཁུ་ཕྱིར་གཏོང་གི་ཡོད། དུག་ཁུ་དེ་རིགས་སུ་ཆུར་ཞུ་རང་བཞིན་གྱི་སྤྲི་དཀར་དང་གྲོག་སྐྱུར། སྐྱེ་དངོས་བུལ་སོགས་འདུས་པ་དང་། མི་ལུས་ལ་ཞུགས་རྗེས་མེས་འཚིག་པ་ལྟ་བུའི་ན་ཟུག་ཐོན་ཞིང་། དེ་རྗེས་ཆུ་བུར་ཐོན་པ་མ་ཟད་རྣག་མཆིས་པ་དང་། ཚབས་ཆེ་ཤོས་སྐབས་སུ་ཐ་ན་དྲན་པ་ཐོར་ཏེ་འཆི་བའི་ཉེན་ཁ་ཡང་ཡོད་ཅེས་གསུངས་ཡོད།
     ལུའུ་ཡུང་གཡོད་ཀྱིས་ངོ་སྤྲོད་བྱས་དོན། ཁོར་ཡུག་ཆ་རྐྱེན་མི་འདྲ་བ་དང་བྱུང་ཚད་མི་འདྲ་བའི་གྲོག་མ་དམར་པོའི་ཕྱོགས་བསྡུས་འགོག་སྲུང་ཚོད་འཛིན་རྣམ་པ་ཡང་ཕྱོགས་བསྡུས་བྱས་ཟིན་པ་དང་། ཐོ་འགོད་བྱས་ནས་གྲོག་མ་དམར་པོའི་འགོག་བཅོས་ཐད་སྤྱོད་པའི་ཞིང་སྨན་གྱི་ནུས་ལྡན་གྲུབ་ཆ་རིགས་8ཡོད་ཅིང་། ཞིང་སྨན་ལས་སྣོན་སྨན་རྫས་རིགས་40ལྷག་ཡོད།
    ཧྭ་ནན་ཞིང་ལས་སློབ་ཆེན་གྲོག་མ་དམར་པོ་ཞིབ་འཇུག་ལྟེ་གནས་ཀྱིས་གསལ་འདབས་བྱས་དོན། གལ་ཏེ་གྲོག་མ་དམར་པོ་དང་འདྲ་བའི་དངོས་རིགས་དང་འཕྲད་སྐབས། གཅིག་ནས་ངེས་པར་དུ་རྒྱང་བསྐྱེད་ནས་བྱོལ་དགོས་ཤིང་། དཀྲོག་རྐྱེན་བཟོ་མི་རུང་། གཉིས་ནས་དུས་ཐོག་ཏུ་ས་གནས་དེ་གའི་ཞིང་ལས་ཅུས་སམ་སྐྱེད་ཚལ་ལྗང་འགྱུར་སྡེ་ཁག་ལ་སྙན་ཞུ་བྱས་ནས། ཆེད་ལས་མི་སྣས་ངོས་འཛིན་དང་རྩ་མེད་གཏོང་དགོས།

   པེ་ཅིང་གྲོང་ཁྱེར་ཞོན་ཝུའུ་ཀྲུང་ལུགས་གསོ་རིགས་སྨན་ཁང་གི་འཕྲལ་བཅོས་ཚན་ཁག་གི་སྨན་པ་ཅང་ནན་གྱིས་དེ་སྔོན་བདེ་ཐང་སྐབས་དོན་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། གྲོག་མ་དམར་པོས་སོ་བརྒྱབ་སྟེ་རྨས་སྐྱོན་ཅུང་ཡང་བའི་རིགས་ཆུ་དྭངས་མོའམ་འདག་རྫས་ཆུས་རྨས་སྐྱོན་ཕོག་ས་གཙང་འཁྲུད་བྱེད་པའམ་བསིལ་དུགས་བྱེད་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་སྨན་པའི་མཛུབ་སྟོན་འོག་སྨན་བཅོས་བྱེད་དགོས། གལ་ཏེ་སོ་བརྒྱབ་རྗེས་དུས་ཐོག་སྨན་བཅོས་བྱེད་མ་ཐུབ་པར་ནད་གཞི་ལྕི་རུ་ཕྱིན་ཚེ། སྡོད་རྩའི་ནང་ཏིས་སེ་སྨི་སུང་ངམ་ཅ་ཆང་ལུང་རྒྱག་དགོས་པ་དང་། ཐ་ན་ཤ་གནད་ཐོག་མཁལ་མགོའི་རྨེན་རྩི་རྒྱག་དགོས་ཞེས་གསུངས་ཡོད།