ལྷ་སའི་ཐེངས་འདིའི་རིམས་ནད་ནི་ཨའོ་སྨི་ཁེ་རུང BA.2.76རེད་འདུག
སྤེལ་དུས 2022-08-11
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
2022ལོའི་ཟླ8ཚེས9ཉིན་གྱི་ཆུ་ཚོད9པར། ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས2022ལོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས།
ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཡན་ཀྲོའུ་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ8པའི་ཚེས7ཉིན་ཚུན་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་དཔེ་དང་ནད་དུག་གི་རྒྱུད་གཞི་ཆ་ཚང་ལྟ་ཞིབ་ཚད་ལེན་བྱས་པའི་འབྲས་བུར་དབྱེ་ཞིབ་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་རེས་སྐོར་འདིའི་རིམས་ནད་ལ་ཁྱད་ཆོས་གསུམ་མངོན་པ་སྟེ། གཅིག་ནི་ཐེངས་འདིའི་རིམས་ནད་ཀྱི་ནད་དུག་ནི་ཨའོ་སྨི་ཁེ་རུངBA.2.76ཡིན་པ་དང་། གཉིས་ནི་རིམས་ནད་རིག་པའི་བརྟག་དཔྱད་དང་ཁོར་ཡུག་གི་མ་དཔེ་འཚོལ་བསྡུ་བྱས་འབྲས་ལས་ཐེངས་འདིའི་རིམས་ནད་ནི་ཕྱི་ནས་འགོས་པ་ཡིན་པ་གཏན་འཁེལ་བྱུང་ཡོད། གསུམ་ནི་ཁྱིམ་ཚང་གི་འདུ་འཛོམས་ལས་རིམས་ནད་ཐོན་པ་བཅས་རེད།
ཨའོ་སྨི་ཁེ་རུང་ནི“ཆམ་རིམས་ཆེན་མོ”དང་མི་འདྲ་ཞིང་། དེའི་འགོ་ཤུགས་ནི་ཆམ་རིམས་དང་དེའི་གོང་གི་ཏོག་གསར་ནད་དུག་གཞན་གྱི་ངོ་འགྱུར་དུག་སྲིན་ལས་ཆེ་བ་ཡོད། ད་ལྟ་ཡོད་པའི་རིམས་འགོག་སྨན་ཁབ་ཀྱིས་ཨའོ་སྨི་ཁེ་རུང་གཞན་འགྱུར་ནད་དུག་ལ་ཕན་འབྲས་ངེས་ཅན་ཐོན་གྱི་ཡོད་ལ། ནད་ཚབས་ལྕི་རིགས་དང་འདས་གྲོངས་ནད་དཔེ་མི་ཐོན་སྔོན་འགོག་ནུས་ལྡན་ཡང་ཐུབ་ཀྱི་ཡོད་པས། རྒྱ་ཆེའི་གྲོང་མི་ཚོས་ངེས་པར་དུ་ཏོག་གསར་རིམས་འགོག་སྨན་ཁབ་ཧུར་ཐག་རྒྱག་དགོས་པ་དང་ལྷག་པར་དུ་སྨན་ཁབ་གསུམ་པའི་ཁབ་སྣོན་ངེས་པར་དུ་རྒྱག་དགོས།
རིམས་ནད་འགོ་ཉེན་ཆུང་དུ་གཏོང་པ་དང་སྤྱི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་ཆེད། གྲོང་མི་མང་ཚོགས་ཚོས་དགོས་པ་མེད་ན་ཕྱི་ལ་མི་འགྲོ་བ་དང་རླུང་འགྲོ་མེད་པའི་འདུ་འཛོམས་བྱ་ཡུལ་དུ་ཉུང་ཙམ་བསྐྱོད་པ་དང་། གལ་སྲིད་ངེས་པར་དུ་ཕྱི་ལ་འགྲོ་དགོས་ཚེ་ཁ་རས་ཡང་དག་རྒྱག་པ། མི་མང་པོ་འདུ་འཛོམས་བྱ་ཡུལ་དུ་གཞན་དང་སྨི་གཅིག་ཡན་གྱི་བར་ཐག་རྒྱུན་འཁྱོངས་བཅས་བྱེད་དགོས་པ་ལས་རླུང་འགྲོ་ཡག་པོ་མེད་པའམ་ཡང་ན་འཚང་ཁ་ཆེ་སར་ཡུན་རིང་པོ་སྡོད་རྒྱུ་མེད། རྒྱ་ཆེའི་གྲོང་མི་མང་ཚོགས་ཚོས《སྤྱི་དམངས་ཀྱི་རིམས་འགོག་གི་གཞི་རྩའི་བྱ་སྤྱོད་ཚད་གཞིའི》བླང་བྱར་ནན་ཏན་གཞིགས་ནས། འགོག་སྲུང་ལས་དོན་ཏན་ཏིག་སྒྲུབ་པ་དང་། ངེས་པར་དུ་དུས་བཀག་ལྟར་ཉིང་སྐྱུར་བརྟག་དཔྱད་བྱེད་པ། ཕྱིར་འགྲོ་སྐབས་ཁ་རས་རྒྱག་པ་དང་། མི་མང་པོ་འདུ་འཛོམས་བྱ་ཡུལ་དུ“བོད་ལྗོངས་ཤར་བགྲོད”བཤེར་བ་དང་། ཚ་བ་ལྟ་བ། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་བཤེར་བ་སོགས་ཀྱི་རིམས་འགོག་བླང་བྱར་རང་འགུལ་ངང་བརྩི་སྲུང་ཞུ་དགོས། གལ་ཏེ་ཚ་བ་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་མགྱོགས་མྱུར་ངང་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས་པ་དང་སྨན་ཁང་དུ་སྐྱོད་སྐབས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་མི་རུང་། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་གྲོགས་པོ་ཚོས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་རང་འགུལ་ངང་བརྩི་སྲུང་ཞུས་ནས་རིམས་ནད་ཚར་གཅོད་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།