ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

སྡེ་ཁུལ་དུ་གདགས་གཤིས་ནད་པ་དོན་ན་སྒེའུ་ཁུང་འབྱེད་དགོས་སམ་མི་དགོས།

སྤེལ་དུས 2022-09-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  སྡེ་ཁུལ་དུ་གདགས་གཤིས་ཀྱི་ནད་པ་ཐོན་ཚེ་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཇི་ལྟར་བྱེད་དགོས་སམ། ཁྱིམ་དུ་དུག་སེལ་ཇི་ལྟར་བྱེད་དགོས་སམ། 
  བསྟན་འཛིན་གཡུ་སྒྲོན། བསོད་ནམས་མཚོ་མོ་ལགས། རིམས་ནད་ཐོན་ཚུན། སྡེ་ཁུལ་ཁག་གཅིག་ལ་གདགས་གཤིས་ཀྱི་ནད་པ་དོན་སྐབས། གྲོང་མི་འགའ་རེས་སྒེའུ་ཁུང་ཕྱེ་ན་རང་ཉིད་ལ་འགོས་ཡོང་སྙམ་སྟེ། སྒེའུ་ཁུང་འབྱེད་མི་ཕོད་པའི་གནས་ཚུལ་ཐོན་གྱི་ཡོད། ད་བྱས་ན་གནས་ཚུལ་འདི་འདྲའི་འོག་ཏུ་ཐབས་ཤེས་གང་དག་སྤྱོད་དགོས་སམ། 
  བསོད་ནམས་མཚོ་མོ། བསྟན་འཛིན་གཡུ་སྒྲོན་ལགས། ཟླ་9ཚེས་22ཉིན།  བོད་རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཞེ་ལྔ་པར། བོད་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི། ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཧོའུ་ཕེ་པིན་གྱིས་ཚང་མར་གནད་དོན་འདིའི་སྐོར་ལ་ཚན་རིག་དང་མཐུན་པའི་ལན་བསྐྱོན་པར་གཞིགས་ན། མིག་སྔར་འབྱིན་རྔུབ་མ་ལག་གི་མཆིལ་མའི་ཟེགས་མ་དང་རེག་ཐུག་དམ་ཟབ་བྱུང་ནས་འགོ་བ་ནི། ཏོག་གསར་གློ་ཚད་ཀྱི་འགོ་ལམ་གཙོ་བོ་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག རླུང་འགྲོ་ཡག་པོ་དེ་ཙམ་མེད་པའི་ཁོར་ཡུག་ཏུ་རླངས་པའི་རྡུལ་བརྒྱུད་ནས་འགོ་ཡི་ཡོད་ལ། ནད་དུག་ཡོད་པའི་དངོས་རྫས་ལ་རེག་ནའང་ཕལ་ཆེར་འགོ་སྲིད།
  སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་ཡོང་བར་བྱེད་དོན་ནི། ཁང་པའི་ཕྱི་ནང་གི་མཁའ་རླུང་འགྲོ་རྒྱུག་ཆེ་རུ་བཏང་ནས། རླུང་འགྲོ་ཡག་པོ་མེད་པའི་ཁོར་ཡུག་གི་རླངས་རྡུལ་ནས་འགོ་བའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱ་ཆེད་རེད། སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་ཡོང་བར་བྱས་ན། ཁང་པའི་ནང་གི་མཁའ་རླུང་སོས་པ་རྒྱུན་འཁོར་ཐུབ་ནས། གཟུགས་པོའི་ནད་འགོག་ནུས་པ་མཐོ་རུ་གཏོང་བར་ཕན་པ་མ་ཟད། ནད་དུག་འགོག་པའི་ནུས་པ་ཇེ་ཆེར་གཏོང་ཐུབ། དེར་བརྟེན། སྤྱིར་བཏང་བྱས་ན། ཚང་མས་གནམ་གཤིས་ཡག་པོ་དང་ཕྱི་རོལ་གྱི་དྲོད་ཚད་རན་པོ་ཡོད་དུས། ཉིན་ལྟར་སྒེའུ་ཁུང་ཐེངས་2ནས་3བར་དང་། ཐེངས་རེར་སྐར་མ་20ནས་30བར་ཕྱེ་སྟེ། ཁང་པའི་ནང་དུ་མཁའ་རླུང་འགྲོ་རྒྱུག་བྱེད་དུ་འཇུག་དགོས། སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་ཡོང་བར་བྱེད་དུས་བསིལ་རླུང་གིས་འཁྱགས་ཏེ་ཆམ་པ་མི་ཐེབས་པ་བྱེད་དགོས།
  འོན་ཀྱང་འདིར་དམིགས་བསལ་དོ་སྣང་བྱེད་དགོས་པ་ཞིག་ལ། སྡེ་ཁུལ་དུ་དོན་པའི་གདགས་གཤིས་ནད་པའི་ཁང་པ་རང་ཉིད་ཀྱི་ཁང་པ་དང་བར་ཐག་ཅུང་ཉེ་པོ་ཡོད་ན། ནད་པའི་ཁང་པའི་མཁའ་རླུང་རང་ཉིད་ཀྱི་ཁང་པའི་ནང་དུ་བརྒྱུགས་ཏེ་ནད་དུག་འགོ་ཉེན་ཆེ་བས། སྒེའུ་ཁུང་འབྱེད་པར་གཟབ་གཟབ་གནང་དགོས།
  བསྟན་འཛིན་གཡུ་སྒྲོན། བྱས་ན་བསོད་ནམས་མཚོ་མོ་ལགས། གྲོང་མིར་84རྟགས་ཅན་གྱི་དུག་སེལ་སྨན་ཆུ་ཡོད་ཀྱང་སྤྱོད་སྟངས་ཡང་དག་མི་ཤེས་པ་དང་། ཡང་མི་ཁག་གཅིག་ལ་84རྟགས་ཅན་གྱི་དུག་སེལ་སྨན་ཆུ་མ་འཕྲོད་པར་ཧབ་སྦྲིད་རྒྱག་པའི་སྣང་ཚུལ་ཐོན་གྱི་ཡོད། གནས་ཚུལ་འདི་འདྲ་ཐོན་ན་ཇི་ལྟར་བྱེད་དགོས་སམ།
  བསོད་ནམས་མཚོ་མོ། 84རྟགས་ཅན་གྱི་དུག་སེལ་སྨན་ཆུ་ནི་ཁིལ་ཞེས་བྱ་བའི་རྫས་འགྱུར་དངོས་རྫས་འདུས་པའི་དུག་སེལ་སྨན་རྫས་ཤིག་རེད། དེར་རུལ་བསླད་ཀྱི་རང་བཞིན་དང་ངར་ཆེ་ཙམ་ཡོད་པས། ངེས་པར་དུ་གསལ་བཤད་ཡི་གེར་ཞིབ་ཕྲ་བལྟས་ཏེ། བེད་སྤྱོད་བྱེད་དགོས། དེས་མིའི་པགས་པ་དང་སྐྱི་ལྤགས་ལ་གནོད་འཚེ་ངེས་ཅན་བཟོ་གི་ཡོད་པས། ལག་ཤུབས་མ་གྱོན་པར་སྨན་ཆུར་ལག་པ་རེག་ཚེ། ན་ཟུག་ཕྲན་བུ་གཏོང་གི་ཡོད། ལྷག་པར་དུ་གར་དྲགས་ན་འབྱིན་རྔུབ་སྐྱི་ལྤགས་ལ་ཅུང་གནོད་ནས། ཧབ་སྦྲིད་རྒྱག་པའི་ནད་རྟགས་ཐོན་གྱི་ཡོད། 84རྟགས་ཅན་གྱི་དུག་སེལ་སྨན་ཆུ་བེད་སྤྱོད་ཚད་རན་པོ་མ་བྱུང་ཚེ། བདེ་ཐང་ལ་གནོད་འཚེ་ངེས་ཅན་བཟོ་གི་ཡོད།  ང་ཚོས་84རྟགས་ཅན་གྱི་དུག་སེལ་སྨན་ཆུ་བེད་སྤྱོད་མ་བྱས་གོང་། ངེས་པར་དུ་གསལ་བཤད་ཡི་གེར་ཞིབ་ཕྲ་བལྟས་ཏེ། གསལ་བཤད་ཡི་གེ་གཞིར་བཟུང་སྤྱོད་དགོས། བེད་སྤྱོད་གཏོང་སྐབས་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས། གསང་སྤྱོད་འདག་རྫས་དང་མཉམ་དུ་སྤྱད་མི་རུང་། གལ་སྲིད་དེ་གཉིས་མཉམ་དུ་བསྲེས་ན་དེར་དུག་རླངས་ཐོན་ནས་ཚེ་སྲོག་ལ་ཉེན་ཁ་བཟོ་གི་ཡོད། གཞན་ཡང་། དུག་སེལ་གྱི་དམིགས་ཡུལ་ལ་གཞིགས་ནས། གར་སླ་མི་གཅིག་པ་སྤྱད་ཆོག སྤྱིར་ན། སྔོན་འགོག་རང་བཞིན་གྱི་དུག་སེལ་ལ་500mg/Lཡོད་པའི་84རྟགས་ཅན་གྱི་དུག་སེལ་སྨན་ཆུ་སྤྱད་ན་འགྲིག གར་ཚད་5%ཡོད་པའི་84རྟགས་ཅན་གྱི་དུག་སེལ་སྨན་ཆུར་མཚོན་ན། ཆུ་ཧའོ་ཧྲེང་990ཡི་ནང་དུག་སེལ་སྨན་ཆུ་ཧའོ་ཧྲེང་10བསྲེས་ནས། ལག་སྐྱོར་དང་། སྒོའི་ལག་འཇུ། ས་ངོས། སྒྲོག་ཙེའི་ངོས་སོགས་ལག་པ་མང་པོ་རེག་སར་དུག་སེལ་བྱས་ནས་སྐར་30སོང་རྗེས་གཙང་ཕྱིས་རྒྱག་དགོས།
  84རྟགས་ཅན་གྱི་དུག་སེལ་སྨན་ཆུ་མ་འཕྲོད་ཚེ། ཅུའུ་ཅིང་གིས་དུག་སེལ་བྱས་ན་འགྲིག ཅིའུ་ཅིང་དུག་སེལ་གྱི་གར་ཚད་60%ནས་90%བར་ཡིན་དགོས་ཤིང་། 75%ཡི་ཅུའུ་ཅིང་དུས་སེལ་ནི་རྒྱུན་སྤྱོད་དུས་སེལ་སྨན་ཆུ་རེད།
  ཡང་དག་པའི་བེད་སྤྱོད་བྱེད་སྟངས་ནི་ལག་གཉིས་དང་དངོས་པོ་ཆུང་གྲས་ཀྱི་ཕྱི་ངོས་ལ་དུག་སེལ་དང་འཕྱིས་བདར་བྱེད་དགོས་པ། དཔེར་ན་ལག་གཉིས་དང་། ཁ་པར། མཐེབ་གཞོང་། ལག་འཇུ་སོགས་སྦགས་བཙོག་ཐེབས་པའི་དངོས་པོར་དུག་སེལ་དང་འཕྱིས་བདར་བྱས་ན། རེག་ཐུག་བྱས་ནས་འགོ་བའི་ཉེན་ཁ་འགོག་ཐུབ། ཡིན་ནའང་།  ཁྱིམ་དུ་གང་སར་ཅུའུ་ཅིང་གཏོར་བ་དང་ཐབ་ཚང་དུ་ཅུའུ་ཅིང་གཏོར་ནས་དུག་སེལ་བྱ་མི་རུང་། ཅུའུ་ཅིང་ཉར་ཚགས་བྱེད་སྐབས་མེ་ཡོད་ས་དང་ཚ་བ་ཆེ་སར་བཞག་ན་མེ་ཤོར་བའི་ཉེན་ཁ་ཡོད། དེ་དང་ཆབས་ཅིག ཅུའུ་ཅིང་ལ་མི་འཕྲོད་པའི་མིས་བེད་སྤྱོད་བྱ་མི་རུང་།
  བསྟན་འཛིན་གཡུ་སྒྲོན་ལགས། འདི་གར་ཁོ་མོས་ཚང་མར་དྲན་སྐུལ་ཞུ་རྒྱུ་ཞིག་ལ། དུག་སེལ་སྨན་ཆུས་མཁའ་རླུང་ལ་དུག་སེལ་བྱེད་སྐབས། ཡིན་གཅིག་མི་མེད་སར་བྱེད་དགོས་པ་དང་། དུག་སེལ་སྨན་ཆུ་གཟུགས་པོར་ཐད་ཀར་གཏོར་མི་རུང་།
རྩོམ་སྒྲིག་པ། བདེ་སྒྲོན།