ཉེ་བའི་ལོ་ཤས་རིང་། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་དུ་ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་དང་ཤ་རྒྱགས་པའི་གནད་དོན་ནི་ཉིན་བཞིན་ཚབས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། སྤྱི་དམངས་ཀྱི་བདེ་ཐང་ལ་འཇིགས་སྐུལ་བཟོ་བའི་འགྲན་སློང་གཙོ་བོར་ཞིག་ཏུ་གྱུར། ཤ་རྒྱགས་པ་གྱུར་བ་དེས་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། གཅིན་པ་མངར་འགྱུར་གྱི་ནད་དང་། སྙིང་ཁམས་ཁྲག་རྩའི་ནད་དང་བརྗེ་ཚབ་རྟགས་འདུས་ནད་སོགས་དལ་བའི་རང་བཞིན་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ཡིན་པས། ཤ་རྒྱགས་པའི་མི་ཚོགས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་བསྟུན་ནས་ཇི་ལྟར་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ལུས་པོའི་ལྗིད་ཚད་ཡང་དུ་གཏོང་རྒྱུ་ནི་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། གསར་འགོད་པས་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་གཟུགས་པོའི་སྦུག་གི་ཟགས་ཐོན་ཚན་ཁག་གི་སྨན་པ་འབུམ་རམས་པ་ཧྲི་པིང་ཡིང་ལ་བཅར་འདྲི་བྱས།
ཧྲི་པིང་ཡིང་གིས་ངོ་སྤྲོད་བྱས་དོན། ཤ་རྒྱགས་པའི་འབྱུང་རྐྱེན་ནི་རྙོག་འཛིང་ཆེ་སྟེ། རྒྱུད་འདེད་པའི་རྐྱེན་ཡོད་ལ། འཚོ་བ་སྐྱེལ་སྟངས་མི་ལེགས་པ་དང་ཡང་འབྲེལ་བ་དམ་ཟབ་ཡོད། དེའི་ཕྱིར། ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏོང་བའི་གོ་རིམ་ཁྲོད། མི་སྒེར་གྱི་གནས་ཚུལ་དང་འཚམ་པའི་ཐེ་གཏོགས་བྱེད་ཐབས་ཤིག་གདམ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ།
འཚོ་བ་སྐྱེལ་སྟངས་ལ་ཐེ་གཏོགས། ལུས་པོའི་ལྗིད་ཚད་ཚད་བརྒལ་དང་ཤ་རྒྱགས་པའི་མི་ཚོགས་མང་ཆེ་བ་ལ་མཚོན་ན། འཚོ་བ་སྐྱེལ་སྟངས་ལེགས་སྒྲིག་བྱེད་པ་དེ་ནི་གདམ་ག་དང་པོ་ཡིན་ཞིང་། བཟའ་བཏུང་ཚོད་འཛིན་དང་འགུལ་སྐྱོད་ཐེ་གཏོགས་ནི་ཆེས་རྨང་གཞིའི་བྱེད་ཐབས་ཡིན། ཚ་ཚད་མཐོ་བ་དང་མངར་ཆའི་འདུས་ཚད་མཐོ་བའི་བཟའ་བཅའ་ཟ་ཚད་ཉུང་དུ་གཏོང་དགོས་ཤིང་། སྔོ་ཚལ་དང་ཤིང་ཏོག་སྤུས་ལེགས་སྤྲི་དཀར་རྫས་བཅས་ཀྱི་བསྡུར་ཚད་མང་དུ་གཏོང་དགོས། གཞན་དེ་དག་འགུལ་སྐྱོད་དང་བསྟུན་ཚེ། ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་ཐུབ། ཞིབ་འཇུག་ལས་མངོན་པ་ལྟར་ན། དུས་བཅད་ལྟར་ཟ་མ་ཟོས་ན་ལུས་པོའི་ལྗིད་ཚད་དོ་དམ་བྱེད་པར་ཕན་པ་མ་ཟད། རྙིང་ཚབ་གསར་བྱེད་ཀྱི་བདེ་ཐང་ལ་ཡང་ཕན་པ་ཡོད།
སྨན་གྱིས་ཇེ་ཡང་ལ་གཏོང་བ། ལུས་པོའི་རྒྱུ་སྤུས་ཀྱི་སྟོན་གྲངས(BMI)30ལས་བརྒལ་བ་དང་། ད་དུང་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་སོགས་བརྗེ་ཚབ་རྟགས་འདུས་ནད་ཡོད་པའི་ནད་པ་ཚོན་པོ་ལ་མཚོན་ན། འཚོ་བ་སྐྱེལ་སྟངས་ལ་ཐེ་གཏོགས་ཀྱིས་ལུས་པོའི་ལྗིད་ཚད་དེ་བསམ་པའི་ཚད་ལ་ཇེ་ཡང་དུ་འགྲོ་མི་ཐུབ་པས། སྨན་གྱིས་གསོ་བཅོས་བྱེད་པ་ནི་རམ་འདེགས་ཀྱི་བྱེད་ཐབས་སུ་བརྩི་ཆོག་མོད། འོན་ཀྱང་གསོ་རིག་གི་མཛུབ་སྟོན་ལ་བརྩི་སྲུང་ནན་པོ་བྱེད་དགོས། མིག་སྔར། ཚོང་རའི་སྟེང་ཤ་སྐམ་དུ་གཏོང་བྱེད་ཀྱི་སྨན་རྫས་ཧ་ཅང་མང་པོ་ཡོད་པའི་ཁྲོད་ཀྱི་སྨན་རྫས་ཁ་ཤས་སྟེ། དཔེར་ན། GLP-1ལེན་གཟུགས་ངར་འཕྱོ་རྫས(དཔེར་ན་སི་མེ་ཀི་ལུའུ་ཐའེ)ནི་གཙོ་བོ་གཅིན་སྙི་ཟགས་ཁུ་གསོ་བཅོས་ལ་སྤྱོད་བཞིན་ཡོད་མོད། འོན་ཀྱང་ལྗིད་ཚད་ཇེ་ཆུང་དུ་གཏོང་བའི་ནུས་པ་ངེས་ཅན་ལྡན། ངེས་པར་དུ་ནན་བཤད་བྱེད་དགོས་པ་ཞིག་ནི་སྨན་བེད་སྤྱོད་དེ་ནད་པའི་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་དགོས་པ་ལས་མུན་འཐོམས་ཀྱིས་རླུང་གི་རྗེས་སུ་འབྲངས་པ་དང་གང་བྱུང་དུ་བེད་སྤྱོད་གཏོང་རིགས་བྱེད་རྒྱུ་མེད། ཉེ་དུས། གཅིན་པ་མངར་འགྱུར་གྱི་ནད་ཕོག་མེད་པའི་ནད་པ་ཁག་གཅིག་གིས་རྨོངས་ཚོད་ངང་ཁྲག་མངར་གཅོག་པའི་སྨན་རྫས་སྤྱད་དེ་ཤ་སྐམ་དུ་བཏང་བས་ཁྲག་མངར་དམའ་བ་སོགས་ཀྱི་ཞོར་སྐྱོན་ཚབས་ཆེན་ཐོན་སྲིད་ཅེས་བཤད་པ་རེད།
གཟུགས་པོ་ཡང་དུ་གཏོང་བའི་གཤགས་བཅོས། BMI 40ལས་བརྒལ་བའམ་ཡང་ནBMI 35ཡན་ཡོད་པ་དང་། དེའི་ཞོར་དུ་བདེ་ཐང་ལ་གནད་དོན་ཚབས་ཆེན་ཡོད་པའི་ནད་པ་མཚོན་ན་། གཟུགས་པོའི་ལྗིད་ཚད་ཇེ་ཡང་ལ་གཏོང་བའི་གཤགས་བཅོས་ནི་སྨན་བཅོས་བྱེད་ཐབས་ཀྱི་གྲས་ཤིག་རེད། འོན་ཀྱང་གཤགས་བཅོས་དེ་མི་ཚང་མར་འཕྲོད་པ་ཞིག་མིན་པར། དེ་ལ་ཉེན་ཁ་ངེས་ཅན་ཞིག་ཡོད་པས་ནད་པས་གཤགས་བཅོས་བྱས་རྗེས་སྔར་བཞིན་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱས་ནས་ཕན་འབྲས་རྒྱུན་འཁྱོངས་བྱེད་དགོས་ཀྱི་ཡོད། དེའི་ཕྱིར། ལྕི་འཕྲི་གཤགས་བཅོས་ནི་བྱེད་ཐབས་གཞན་པས་འབྲས་བུ་མ་ཐོན་པའི་སྐབས་སུ་ད་གཟོད་བསམ་བློ་གཏོང་དགོས་པ་ཞིག་ཡིན།
སྨན་རྫས་དང་གཤགས་བཅོས་སོགས་ལུས་པོ་ཇེ་ཡང་ལ་གཏོང་བའི་བྱེད་ཐབས་གང་ཡིན་རུང་དེ་ལ་དེ་དང་འཚམ་པའི་མི་ཚོགས་ཤིག་དང་ནུས་པ་ཞིག་ཡོད། བྱེད་ཐབས་གང་ཞིག་འདེམས་རུང་སྨན་པའི་མཛུབ་སྟོན་འོག རང་གི་བདེ་ཐང་གནས་ཚུལ་དང་སྨན་བཅོས་དགོས་མཁོ་ལ་གཞིགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་དཔོག་བྱས་ཏེ། རང་གི་གཟུགས་པོའི་གནས་ཚུལ་དང་བསྟུན་ནས་སྨན་བཅོས་བྱེད་ཐབས་གཏན་འབེབས་བྱེད་དགོས།
གཞན་ཡང་སྐམ་ཁབ་དང་འཕུར་མཉེད་སོགས་ཀྲུང་ལུགས་གསོ་རིག་གི་བྱ་ཐབས་དང་ཀྲུང་ལུགས་ཀྱི་སྨན་རྐྱང་། སྨན་སྦྱོར་མང་པོ་ལའང་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏོང་བའི་ནུས་པ་ངེས་ཅན་ལྡན་ཡོད་པས་ནད་པའི་གནས་ཚུལ་དང་བསྟུན་ནས་ལུགས་དང་མཐུན་པའི་ངང་སྤྱོད་ཆོག
ཧྲི་བིན་ཡིང་གིས་ཚན་རིག་དང་མཐུན་པའི་ལུས་པོའི་ལྗིད་ཚད་ཡང་དུ་གཏོང་བའི་དྲན་སྐུལ་ཆུང་ཆུང5ལ་ཕྱོགས་སྡོམ་བྱས་པ་སྟེ།
བཟའ་བཏུང་ལ་ཚོད་འཛིན་བྱ་དགོས། མངར་ཆ་མང་བ་དང་ཞག་ཚིལ་མང་བའི་བཟའ་བཅའ་ཟ་རྒྱུ་ཉུང་དུ་གཏོང་བ་དང་། ཚི་སྣ་དང་སྤུས་ལེགས་སྤྲི་དཀར། བདེ་ཐང་ཞག་ཚིལ་ཟ་རྒྱུ་མང་དུ་བཏང་ན་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པར་ཕན།
དུས་བཀག་ལྟར་ཟས་ཟ་བ། ཟས་བཟའ་བའི་དུས་ཚོད་གཏན་འཁེལ་བྱེད་དགོས་པ་སྟེ། དཔེར་ན་ཉིན་རེར་ཆུ་ཚོད8ནང་ཟས་ཚང་མ་བཟས་ན། རྙིང་ཚབ་གསར་བརྗེ་བྱེད་པ་ཕན།
ལུས་རྩལ་རྒྱུན་འཁྱོངས་བྱེད་དགོས། གཟའ་འཁོར་རེར་སྐར་མ150ཡན་གྱི་འགུལ་སྐྱོད་དྲག་པོ་བྱེད་དགོས། དཔེར་ན་མགྱོགས་པོར་འགྲོ་བ་དང་ཆུ་རྐྱལ་པ། ཡང་ན་ལྕགས་རྟ་ཞོན་པ་སོགས་བྱེད་དགོས། འོས་འཚམས་ཀྱིས་སྟོབས་ཤུགས་སྦྱོང་བརྡར་བྱས་ནས་རྙིང་ཚབ་གསར་བྱེད་ཀྱི་རྨང་གཞིའི་ཚད་ཇེ་མཐོར་གཏོང་དགོས།
དུས་བཀག་ལྟར་ལྟ་ཞིབ་ཚད་ལེན་བྱ་དགོས། ལུས་པོའི་ལྗིད་ཚད་དང་སྐེད་འཆིང་སོགས་ཀྱི་དམིགས་ཚད་ཟིན་ཐོར་བཀོད་དེ། དུས་བཀག་ལྟར་བཟའ་བཏུང་དང་འགུལ་སྐྱོད་བྱེད་ཐབས་ལེགས་སྒྲིག་བྱས་ཏེ། དུས་ཡུན་རིང་བོར་བདེ་ཐང་དོ་དམ་བྱེད་པར་རྒྱུན་འཁྱོངས་བྱེད་དགོས།
སེམས་ཁམས་བདེ་ཐང་རྒྱུན་འཁྱོངས་བྱ་དགོས། ལྗིད་ཚད་ཇེ་ཡང་དུ་གཏོང་བའི་གོ་རིམ་ཁྲོད། གནོན་ཤུགས་ཆེ་དྲགས་པའམ་ཡུལ་སྣང་ཅན་ངང་ནས་ཟ་མ་ཟ་བར་གཡོལ་དགོས་ཤིང་། ཡུན་རིང་ལ་སེམས་ཁམས་སྐྱིད་པོ་རྒྱུན་འཁྱོངས་བྱས་ན་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏོང་བར་རྒྱུན་འཁྱོངས་བྱ་རྒྱུ་ཕན།