གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

འབུམ་བཞིའི་ལོ་རྒྱུས་དང་རྒྱུད་བཞི་བྱུང་ཚུལ།

སྤེལ་དུས 2018-09-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཡུ་བུན་བསྟན་འཛིན་ཚུལ་ཁྲིམས།
ཞང་བོད་ལྗོངས་ཀྱི་གསོ་རིག་གི་བྱུང་ཁུངས་འབུམ་བཞིའི་ལོ་རྒྱུས་དང་རྒྱུད་བཞི་བྱུང་ཚུལ་དངོས་གསལ་ལམ་སྒྲོན།
ན་མོ་གཤེན་རབ་མཆོག་སངས་རྒྱས་སྨན་ལྷའི་རྒྱལ་པོ་ལ་ཕྱག་འཚལ་ལོ།
          ཞེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ནས་གང་གླེང་བར་བྱ་བ་ནི། འཛམ་གླིང་ས་ཡི་ལྟེ་འབུར་གངས་ཀྱི་དབལ་སོ་ར་བས་བསྐོར་བའི་སྨན་ལྗོངས་སུ་མངའ་བའི་ཞིང་ཁམས་འདིར། འབྱུང་ལྔའི་དྭངས་མ་ལས་གྲུབ་པའི་སྲིད་པ་ཀློང་གི་སྒོང་ང་ལས་བྱུང་བའི་མི་རིགས་ལ། ཞང་བོད་མཐོ་སྒང་བྱ་བའི་རི་མཐོ་ས་གཙང་བ་དང་། ཆུ་ཐམས་ཅད་ཀྱི་རྩ་བའི་འབྱུང་ཁུངས། ཉི་ཟླའི་འོད་གསལ་ས། གདོང་དམར་བོད་ཀྱི་མི་རིགས། ཞེས་གནའ་སྔ་མོ་ནས་བཟུང་སྟེ་འཛམ་གླིང་ཤེས་རིག་གི་ཁྱབ་ཁོངས་དེའི་ལྟེ་གནས་སུ་གྱུར་ཡོད། དཔེར་ན་རྒྱ་གར་རིག་གནས་ཀྱི་རྨང་དུ་གྱུར་པའི་བྲམ་ཟེའི་ཆོས་ལུགས་ལྟ་གྲུབ་མང་པོ་ཞིག་གི་འབྱུང་ཁུངས་ནི་གངས་ཏི་སེ་ཡིན་པས། དེང་སང་རྒྱ་གར་བ་རྣམས་གངས་སྐོར་དུ་མཚམས་མི་ཆད་པར་བྱོན་པའི་རྒྱུ་མཚན་ཡང་དེ་ལ་ཐུག ཤེས་རིག་དེའི་རྩ་བ་ནི་གཡུང་དྲུང་བོན་གྱི་ཤེས་རིག་འདི་ཡིན། དེའི་རྒྱུ་མཚན་ལ་བརྟེན་ནས། འཛམ་གླིང་གི་ཡུལ་གྲུ་ཀུན་གྱི་ཡིད་སྨོན་དང་། མིག་ལྟོས་ཀྱི་གནས་སུ་གྱུར་ཏེ། སྙན་པའི་གྲགས་པས་ཡོངས་སུ་ཁྱབ་ནས་ཡོད། ད་ལན་འདིར་གངས་ཅན་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀྱི་ཡ་གྱལ་གཞན་རྗེས་སུ་འཛིན་པའི་གསོ་དཔྱད་བདུད་རྩི་སྨན་གྱི་མདོ་དགུ་ལས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་དང་། གསོ་བྱེད་སྨན་འབུམ་དཀར་པོ། གསོ་ཐབས་དཔྱད་འབུམ་ཁྲ་བོ། གསོ་བྱའི་ནད་འབུམ་ནག་པོ་ཞེས་བརྗོད་ཅིང་ཡོངས་གྲགས་སུ་གསོ་རིག་འབུམ་བཞིར་འབོད་པའི་གཞུང་འདིའི་ལོ་རྒྱུས་དང་། རྒྱུད་བཞི་བྱུང་ཚུལ་ཏེ་རྩ་བའི་ས་བཅད་གཉིས་སུ་ཕྱེ་ནས་འཆད་པར་འདོད་དོ། །
ས་བཅད་དང་པོ།
          གསོ་རིག་འབུམ་བཞིའི་ལོ་རྒྱུས་ལས་ཞང་བོད་ཀྱི་གསོ་རིག་ཇི་ལྟར་གྲུབ་པའི་སྐོར་དང་། གསོ་རིག་འབུམ་བཞི་གསུང་པ་པོ་སྟོན་པའི་རྣམ་ཐར། གསོ་རིག་འབུམ་བཞི་འཛམ་གླིང་དུ་དར་ཚུལ་དང་དེའི་བརྒྱུད་རིམ། གསོ་རིག་འབུམ་བཞིའི་དགོངས་དོན་རགས་བསྡུས། ཞང་བོད་ཀྱི་གསོ་རིག་ལ་རང་གཞན་མཁས་དབང་གིས་འཛིན་པའི་བཀའ་ལུང་ཚད་མ་སོགས་ལྔ་རུ་ཕྱེ་ནས་དཔྱད་གླེང་བྱ།
དང་པོ། ཞང་བོད་ཀྱི་གསོ་རིག་ཇི་ལྟར་གྲུབ་པའི་སྐོར་ནི།
          གདོད་མའི་སྲིད་པ་ཀློང་གི་སྒོང་ང་ལས་བྱུང་བའི་ཞང་བོད་མི་རིགས་དང་། དམུ་གཤེན་ལྷ་ཡི་གདུང་རྒྱུད་ནས་གཤེན་རབ་ཀྱི་ཡབ་རྒྱལ་བོན་ཐོད་དཀར་བར་གདུང་རབས་བཅུ་དགུའི་མེས་པོ་རྣམས་ཀྱིས་དཀའ་བ་དུ་མ་ཁྱད་དུ་གསད་དེ་རང་བྱུང་ཁམས་དངོས་ལ་འཐབ་རྩོད་རྒྱུན་ཆད་མེད་པར་བྱེད་པའི་ཁྲོད་དུ་འཚོ་གནས་དང་། ལུས་ཁམས་ནད་ཀྱི་འཚེ་བ་བྲལ་ཐོབ། ཚེ་ཡུན་རིང་དུ་བསྲིང་བའི་རྟོགས་པ་ལ་བརྟེན་ནས་ནད་ཡོད་པ་ལས་སྨན་ཡོད་པར་རྟོགས་ཞེས་རྒྱུ་དང་འབྲས་བུའི་རང་བཞིན་གྱི་ནད་བཅོས་སྲོག་སྐྱོབ་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཤིག་འགྲུབ་པའི་འགོ་ཚུགས་པ་ཡིན་ཏེ། ཉེ་བའི་ལོ་ཤས་ཀྱི་གོང་དུ་བོད་ལྗོངས་ཀྱི་དིང་རི་དང་། བྱང་ཐང་། ཆབ་མདོ་ལ་སོགས་སུ་རྡོ་ཆས་རྙིང་པའི་སྐབས་ཀྱི་རྡོ་ལེབ་དང་། རྡེའུ། རྡོ་ཁོག་སོགས་ཐོན་པར་གཞིགས་ན་ཞང་བོད་ས་མཐོ་འདིར་མི་ལོ་ཁྲི་ཕྲག་ཉི་ཤུ་ལྷག་གི་སྔོན་ནས་རྡོ་ཆས་རྙིང་པ་སྤྱོད་པའི་དུས་རབས་སུ་སླེབས་ཡོད་པ་གསལ་བཤད་བྱུང་ཡོད་པར་གཞིགས་ན། ལོ་ངོ་ཁྲི་ཕྲག་མང་པོའི་གོང་ནས་འགྲོ་བ་མི་ཡི་རིགས་ཀྱིས་འཚོ་སྡོད་དང་། ནད་བཅོས་ཉམས་མྱོངས་ཀྱི་ལག་ལེན། མན་ངག་ལ་བརྟེན་ནས་ནད་སྔོན་འགོག་དང་། ལུས་ཁམས་བདེ་སྲུང་། ནད་བཅོས་བྱེད་ཐབས་སྣ་ཚོགས་ཡོད་པ་གསལ་བཤད་བྱེད་ཐུབ། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་》ལས། མི་རྣམས་སེམས་ཅན་ཤ་ཟ་གདོང་པ་དམར། ཞེས་དང་། མི་ཡི་ཁྱིམ་ཡང་ས་ཁུལ་བྲག་ཕུག་དང་། བྱུང་བའི་རྡོ་ཁང་བརྩེགས་དབུབ་བྱེད་པ་ལས། ཤིང་གཅོད་ཐག་ཚེམ་སོགས་ཀྱི་ལས་མི་ཤེས། ཟས་ནི་སར་སྐྱེས་ལྡུམ་དང་ཤ་ཟ་ལས། ཞིང་འདེབས་བཟའ་ཤིང་འཛུགས་པའི་རིག་པ་མེད། གསུངས་པས། མི་རྣམས་ཀྱི་ཟས་སྐོམ་རྗེན་པ་དང་། ལྡུམ་རྩ་ཤ་ཁེངས་གྲང་མོའི་རིགས་ཀྱིས་མ་ཞུ་བའི་ནད་བྱུང་བ། ཇི་སྐད་དུ། ནད་ལ་སྔ་བ་མ་ཞུ་བ། སྨན་ལ་སྔ་བ་ཆུ་བསྐོལ། ཞེས་སོ། དེ་ཉིད་སེལ་ཐབས་རྡོ་ཕན་ཚུན་བརྡར་ནས་མེ་ལེན་པའི་ཐབས་ཤེས་དང་། རྡོ་ཆས་རྫ་ཆས་རིགས་བཟོ་སྐྲུན་གྱི་རིག་པ་རྙེད་རྗེས་ཟས་སྐོམ་བཙོ་བསྐོལ་བསྲེག་སོགས་ཤེས་པས། གནའ་མིའི་གཏམ་དཔེ་ལ། མི་ནད་ཐམས་ཅད་ཟོས་ནད་ཡིན། རྟ་ནད་ཐམས་ཅད་རྒྱུག་ནད་ཡིན། ཞེས་དང་། ནད་ཤེས་ནས་མེ་བཙའ་འཇོག ཟེར་བ་ལྟར། དེ་ནས་རིམ་བཞིན་ཟས་སྐོམ་གྱི་ཕན་གནོད་ཤེས་ཤིང་། མེ་བཙའི་གཟེར་ཟུག་གཅོག་པ། རྨ་གསར་ལ་མར་ཁུ་བླུགས་ཏེ་རྩ་ཁ་སྡམ་པ་དང་། ཆང་གིས་དུག་སེལ་བ། སྦངས་མས་རྨ་འདུལ་བ་སོགས་ཕན་གནོད་གཉེན་པོ་བརྟེན་ནས་གསོ་ཐབས་ཀྱི་གྲུབ་ཆ་འཕེལ་རྒྱས་སུ་ཕྱིན་ཡོད། ལྷག་པར་དུ་ཡབ་རྒྱལ་བོན་ཐོད་དཀར་གྱི་སྐུ་དུས་སུ་ལྷ་རྟེན་བརྩེགས་ཤིང་སྒོ་ཕྱུགས་བདག་གསོ། ལོ་ཏོག་རྨོ་འདེབས་སོགས་ཀྱི་འཚོ་གནས་བྱ་ཐབས་སྔོན་ཐོན་གྱིས་འཕེལ་རྒྱས་ཕྱིན་ཡོད། བསྡུས་ན་བོད་མི་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་ལག་ལེན་ཉག་ཅིག་ལས། སྤང་རྒྱན་གྱིས་མིད་པའི་ནད་ལ་ཕན་ཚུལ། དོམ་མཁྲིས་རྨ་ཁར་བཏབ་ན་ཁྲག་གཅོད་པ། གླ་རྩིས་གཉན་ཚད་གཅོག་པ། རྩངས་པའི་ཤས་རོ་ཙ་བྱེད་པ། གཡུས་མཆིན་ནད་ལ་ཕན་ལུགས་སོགས་ཀྱི་སྨན་རྫས་ངོས་འཛིན་ཐད་ཆུ་ཚད་ངེས་ཅན་དུ་འཕེལ་ནས་ནད་བཅོས་ཀྱི་སྨན་པ་ཡོད་དེ། 《མདོ་དྲི་མེད་གཟི་བརྗིད་》ལས། སྨན་བོན་འབྲིང་ཐང་སྣར་མ་སྨན་ཁམས་དང་བཅས་དང་། ཞེས་དང་། ལུང་ལས། སྨན་པ་ལ་སྔ་བ་ཚངས་པ། ཞེས་གསུངས་པས་གདོད་མའི་བོད་མའི་ངག་རྒྱུན་དུ་གྲགས་པ་དང་། སྨན་ཡིག་གི་སྐོར་སོགས་ལ་ཞིབ་མོའི་བློ་ཡིས་དཔྱད་ན་སྟོན་པ་གཤེན་རབ་འཇིག་རྟེན་འདིར་མ་བྱོན་གོང་ནས་བོད་ཀྱི་སྨན་དཔྱད་ཀྱི་གཞུང་ལུགས་དང་ནད་བཅོས་ཀྱི་ཆུ་ཚད་ངེས་ཅན་ཡོད་པ་རྟོགས་ཐུབ་པའོ། །
གཉིས་པ། གསོ་རིག་འབུམ་བཞི་གསུང་བ་པོ་སྟོན་པའི་རྣམ་ཐར་ལ།
          སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་དང་། ཡབ་ཡུམ། ལོ་དུས། གསོ་རིག་འབུམ་བཞི་དགོས་ཆེད་ཅི་ཕྱིར་གསུང་པ། གསོ་རིག་འབུམ་བཞི་བསྡུས་བ་པོ་དཔྱད་བུ་ཁྲི་ཤེས་རྣམ་ཐར་བཅས་གོང་རིམ་བཞིན་བཀོད་དོ། །
          དང་པོ། རྣམ་མཁྱེན་སངས་རྒྱས་སྟོན་པ་གཤེན་རབ་ཉིད་བསྐལ་སྟོན་སངས་རྒྱས་སྟོང་རྩ་གཉིས་བྱོན་པའི་ནང་ནས་ཐོག་མར་འགྲོ་འདུལ་རྣམ་འདྲེན་སྟོན་པ་རབ་དགུའི་ནང་ཚན་རྣམ་འདྲེན་བརྒྱད་པ་དེ་ཡིན་ལ། གཟིགས་ཚད་ལྔ་དང་དགོངས་ཚད་ལྔའི་འོལ་མོའི་གླིང་དུ་སྐུ་བལྟམས་ཏེ། 《ཐུགས་འབུམ་མཁའ་སྔོན་》ལས། སྟོང་གསུམ་གྱི་འཇིག་རྟེན་རྒྱ་ཆེ་ཞིང་གྲངས་མང་པའི་ནང་ནས། མི་མཇེད་པའི་འཇིག་རྟེན་གྱི་ཁམས་ལྷོ་འཛམ་བུ་གླིང་གི་མིག གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་ཏེ། ཞེས་གསུངས། ཡང་《མདོ་འདུས་》ལས། གཤེན་ཡུལ་འོལ་མོ་ལུང་རིང་ནི། གླིང་བཞི་རི་རབ་ཚུལ་དུ་གྲུབ། ལྷོ་འཛམ་བུ་གླིང་གི་བྱང་ངོས་ནས། མི་ཁྱུད་འཇིག་རྟེན་ལྷོ་ཕྱོགས་ནས། འཛམ་བུ་སྨིག་བཤད་ཤིང་གི་རྩ། རི་བོ་གངས་ཅན་ཏི་སེའི་དྲུང་། མཚོ་ནི་མ་པང་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་མགོ། རི་སྤོས་རི་ངད་ལྡན་དང་ཉེ་བའི། རི་ནག་དགུ་འདུས་ཀྱི་བར་ཏེ། ཆུ་བོ་པག་ཤུ་སེ་འདུས་བཅད་པ་སྟེ། དུས་གསུམ་སྟོན་པ་འབྱུང་བའི་གནས། ཞེས་སྟོན་པའི་འཁྲུངས་ཡུལ་བསྟན་ཡོད། 
          གཉིས་པ། ཡབ་དམུ་རིགས་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་མཞད་མ་གཉིས་ཀྱི་སྲས་སུ་ལོ་རྒྱལ་ཤིང་བྱི་ལོའི་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་གཟའ་སྐར་རྒྱལ་ཕུར་འགྲུབ་སྦྱོར་ཉིན་སྐུ་འཁྲུངས་པ། 
          གསུམ་པ། སྤྱི་ལོའི་སྔོན་འདས་ལོ་༡༦༠༡༧ཕྱིན་ཞེས་གསུངས། གསོ་རིག་འབུམ་བཞི་དགོས་ཆེད་ཅི་ཕྱིར་གསུང་པ་ཡིན་ནམ་ཞེ་ན།
          བཞི་པ། གསོ་རིག་འབུམ་བཞི་དགོས་ཆེད་ཅི་ཕྱིར་གསུངས་པ། ༡ བདུད་རྒྱལ་རམ་པ་དུག་འགྱེད་ཀྱིས་སེམས་ཅན་རྣམས་ལ་ནད་ཀྱི་བསྐལ་བ་དར་བར་བྱེད་པ་བདེ་ལ་འགོད་ཕྱིར།《ཐུགས་འབུམ་མཁའ་སྔོན་》ལས། དཔྱད་བུ་ལ་སོགས་འདུས་པའི་འཁོར་རྣམས་ཉོན། མི་ན་བར་གནས་པར་འདོད་པ་དང་། ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། བོན་དང་ནོར་དང་བདེ་སྐྱིད་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། །ནད་གདོན་བར་གཅོད་ཀྱི་ཁྲོམ་ལས་ཐར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། །གཞན་གྱི་སྤྱི་བོར་བསྐུར་བར་འདོད་པའི་གང་ཟག་གིས་ གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། །ཞེས་དང་། 
          ༢ བོན་གྱི་ཐེག་རིམ་པ་དགུའི་ནང་ཚན་ཐེག་པ་དང་པོ་ཕྱྭ་གཤེན་ཐེག་པ། 
          《མདོ་དྲི་མེད་གཟི་བརྗིད》ལས། ཕྱྭ་གཤེན་ཐེག་པའི་བོན་སྒོ་ལ། སྤྱི་རུ་གཏོ་དཔྱད་གཉིས་ཡིན་ཏེ། སྒོས་སུ་རྣམ་གྲངས་བཞི་རུ་བསྟན། པྲ་ལྟས་མོ་དང་རྣོ་མཐོང་རྩིས། ན་གསོ་གཏོ་དང་འཆི་བསླུ་དཔྱད། རྣམ་པ་བཞི་རུ་ཤེས་པར་བྱ། གསུངས་སོ། །
          ༣ ནད་བཞི་བརྒྱ་རྩ་བཞི་བསྡུས་ན་ལྷན་སྐྱེས་ཀྱི་མ་རིག་པ་ནད་ཀྱི་རྒྱུ་ཡིན་པ་རྟོགས་པ། 《མདོ་གཟེར་མྱིག》ལས། ནད་བཞི་བརྒྱ་རྩ་བཞི་བསྡུས་ན་འདུ་བ་རྣམ་བཞིའོ། འདུ་བ་རྣམ་བཞི་བསྡུས་ན་ཚ་གྲང་རྣམ་གཉིས་སོ། །ཚ་གྲང་རྣམ་གཉིས་བསྡུས་ན་ལྷན་ཅིག་སྐྱེས་པའི་མ་རིག་པའོ། མ་རིག་པ་ནི་ཁམས་གསུམ་འཁོར་བའི་ནད་ཀྱི་རྒྱུ་ཉིད་ཡིན། རིག་པའི་ཡེ་ཤེས་ཤར་ན་ནད་དང་གཏན་དུ་འབྲལ་བའོ། །ཞེས་དང་། 《མདོ་དྲི་མེད་གཟི་བརྗིད་》ལས། འགྲོ་དྲུག་སེམས་ཅན་མ་རིག་པའི། ཉོན་མོངས་ནད་ཀྱིས་གདུང་བ་ལ། ནད་ལ་དཔྱད་ཀྱིས་ཕན་པའི་ཕྱིར། ཞེས་སོ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཉེས་སྐྱོན་མཐའ་དག་སེལ་ནས་རིག་པའི་ཡེ་ཤེས་ཤར་བ་ལ་ཐོག་མར་མ་རིག་ཉོན་མོངས་ཀྱི་ནད་བཞི་བརྒྱ་རྩ་བཞི་ཞི་བའི་ཕྱིར། 《ཐུགས་འབུམ་མཁའ་སྔོན》ལས། སྟོན་པ་གཤེན་རབ་མི་བོ་དེ། ནད་གདོན་བར་གཅོད་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཤིང་། ཞུགས་མ་ཐག་ཏུ་ཐུགས་ལས་འོད་ཟེར་གྲངས་མེད་པ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཉེས་སྐྱོན་མཐའ་དག་བསལ། མ་རིག་ཉོན་མོངས་ཀྱི་ནད་བཞི་བརྒྱ་རྩ་བཞི་ཞི་བར་བྱས་ནས་འོད་ཟེར་ཚུར་འདུས་པ་ལས་སྨན་གྱི་བླ་བཻ་ཌྰུརྱ་འོད་ཀྱི་རྒྱལ་པོའི་སྐུ་རུ་བཞུགས་ནས། ཞེས་དང་། 
          ༤ དཔྱད་བུ་ཁྲི་ཤེས་གླེང་སློང་གནང་བ།《མདོ་དྲི་མེད་གཟི་བརྗིད》ལས། དེ་ལ་དཔྱད་བུས་གསོལ་པ། རྣམ་པ་ཐམས་ཅད་མཁྱེན་པའི་སྟོན་པ་ལགས། འཁོར་བའི་སེམས་ཅན་ཉོན་མོངས་མ་རིག་པ། འགྲོ་བ་ནད་ཀྱིས་སྡུག་བསྔལ་གདུང་པ། ནད་ལ་དཔྱད་ཀྱིས་འཚོ་འགྱུར་ན། དཔྱད་ཀྱི་ཕན་གདགས་རིམ་པ་ཅི་ལྟར་བྱ། རྣམ་པ་ཐམས་ཅད་མཁྱེན་པས་བཤད་དུ་གསོལ། ཅེས་དང་། 
          ༥ སྟོན་པའི་གསོ་རིག་འབུམ་བཞིའི་དགོངས་དོན་གསུངས་པ།《མདོ་དྲི་མེད་གཟི་བརྗིད》ལས། སངས་རྒྱས་སྨན་གྱི་ལྷ་བཻཌྰུརྱ་འོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡི་དཀྱིལ་འཁོར་ནས་བྱུང་བའི། དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་སྡེ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉི་ཁྲི་ཆིག་སྟོང་དུ་གཏན་ལ་ཕབ་ནས་བཤད་པར་མཛད་དེ། རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་། དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད་དོ། །ཞེས་གསུངས་པས། དེས་ན་གཤེན་རབ་ཉིད་ཀྱིས་གསུང་པའི་གསོ་དཔྱད་འབུམ་བཞི་ནི་གདོད་མའི་གསོ་རིག་གིས་རྨང་གཞིའི་ཐོག་བྱུང་པ་རྟོགས་ཏེ། གཤེན་རབ་ཀྱི་མཛད་པ་རྣམ་ཐར་གྱི་མདོ་རྒྱས་འབྲིང་དང་། བན་བོན་གྱི་བསྟན་འབྱུང་། བསྟན་རྩིས་ནང་ན་ད་ལྟའི་བར་དུ་མི་ལོ་ཆིག་ཁྲི་དྲུག་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་གསུངས་སོ། །
          ལྔ། གསོ་རིག་འབུམ་བཞི་བསྡུས་པོ་དཔྱད་བུ་ཁྲི་ཤེས་རྣམ་ཐར་ལ། འཁྲུངས་ཡུལ་དང་ཡབ་ཡུམ་གསོ་དཔྱད་འབུམ་བཞི་ཇི་ལྟར་བསྡུས་པའི་སྐོར། 
          ༡ འཁྲུངས་ཡུལ་ནི་གཤེན་ཡུལ་འོལ་མོ་ལུང་རིང་གིས་ཆུ་རྒྱལ་བཞི་འདུས་ཀྱི་མགོ་བོ་དང་། རི་རྒྱལ་ཏི་སེའི་མདུན། མཚོ་རྒྱལ་མ་པང་གཡུ་མཚོ་འགྲམ། འོལ་ལུང་གཡུ་ཡི་མཁར་ནང་ལ། ཡབ་གཤེན་རབ་མི་བོ་ཆེ་དང་ཡུམ་ཧོས་བཟའ་རྒྱལ་མེད་གཉིས་ལ་སྤྲེལ་ལོ་སྟོན་ཟླ་ཐ་ཆུང་གི་ཚེས་བཆོ་ལྔ་ལ་ཤིན་ཏུ་ལྟས་བཟང་ཞིང་ངོ་མཚར་ཆེ་བ་བདེ་བ་དང་ཆས་ནས་སྐུ་བལྟམས། རྒྱལ་བུ་དེ་དགུང་ཟླ་བཅུ་དང་ངོ་གསུམ་ལོན་ནས་བྲམ་ཟེའི་བུ་འགྱུར་བ་བློ་གསལ་གྱིས། མཚན་ནི་གཤེན་རབ་གཡུང་དྲུང་སེམས་དཔའ་ཆེན་པོ་དཔྱད་བུ་ཁྲི་ཤེས་སུ་བཏགས་སོ། །
          ༢ དགུང་ལོ་གཅིག་ལོན་ནས་ཤེས་རབ་ཀྱི་ཚད་དུ་ཕྱིན་དགུང་ལོ་གཉིས་ལོན་ནས་སྙིང་རྗེའི་སེམས་དང་ལྡན། དགུང་ལོ་གསུམ་ལོན་ནས་སེམས་ཅན་གྱིས་དོན་ལ་དགོངས་ཤིང་ཡབ་ལ་འཕྲུལ་ངག་བདེན་པའི་བོན་ཞུ་བའི་སྤོབས་པ་དང་ལྡན་གསུངས་པ། 《གསོ་རིག་འབུམ་བཞི་》ལས། དེ་ནས་དཔྱད་བུ་ཁྲི་ཤེས་རང་གི་སྟན་ལས་ལང་སྟེ། བསྐོར་བ་བྱས་ལྷ་ཕྱག་འཚལ་ནས། མེ་ཏོག་ཨུད་དཔལ་འདབ་མ་ཁྲི་ཕྲག་ཡོད་པ་གཅིག་ཕུལ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སྨན་བླ་མཆོག དོན་གཉིས་ཕུན་ཚོགས་བསྒྲུབ་འདོད་སྐལ་ལྡན་བུས། གསོ་རིག་མན་ངག་ཅི་ལྟར་བསླབ་པར་བགྱི། ཞེས་གསུངས། ཞུས་པའི་ངོར་སྟོན་མཆོག་གཤེན་རབ་མི་བོས་གསུངས་པའིགསོ་རིག་ཁྲི་སྡེ་རིག་པ་དཔྱད་ཀྱི་མདོ་དང་། བདུད་རྩི་ཟིལ་བ་སྨན་གྱི་མདོ། ཡན་ལག་བརྒྱད་པ་གསང་བའི་མདོ་སྟེ་རྩ་བའི་མདོ་གསུམ་དང་། གསོ་བྱའི་ནད་འབུམ་ནག་པོ། གསོ་བྱེད་འཚོ་འབུམ་ཁྲ་བོ། རྣམ་རྒྱལ་སྨན་འབུམ་དཀར་པོ་སྟེ་རྩ་བའི་འབུམ་གསུམ་སོགས་བསྡུས་བསྒྲིགས་གནང་སྟེ་ཡིག་ཐོག་ཏུ་བཀོད་པའོ། །《གསོ་རིག་འབུམ་བཞི་》ལས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་དང་། 《བསྟན་པ་གཉེར་གཏད་ཀྱི་མདོ》ལས་ཀྱང་། དཔྱད་རྒྱུད་ཉིས་ཁྲིར་གྱུར་པ་རྣམས། དཔྱད་བུ་ཁྲི་ཤེས་དག་གིས་བསྡུས། ཞེས་སོ། གསོ་དཔྱད་ཀྱི་གཞུང་ལུགས་མང་པོར་འཆད་ཉན་དང་འགྲོ་བ་ནད་པའི་དོན་སོགས་མཛད། ཁོང་གི་དངོས་རྩོམ་དུག་བཅོས་གཡུང་དྲུང་འཁྱིལ་བ་ཞེས་པ་ལ་ནད་དུག་འཇོམས་པའི་དབང་པོ་རིལ་བུའི་ལོ་རྒྱུས་དང་། ནང་གསེས་ཀྱི་དབྱེ་བ། སོ་སོའི་ཕན་ཡོན་སོགས་ཞིབ་གསལ་འཁོད་པར་གཞིགས་ན་ཁོང་ཉིད་ནི་གསོ་དཔྱད་རིགས་ལ་མཁས་ཤིང་གྲུབ་པའི་སྐྱེས་མཆོག་ཡིན་པ་སྙམ། ཞང་བོད་ཀྱི་གསོ་དཔྱད་ཡིག་ཐོག་ཏུ་བཀོད་པ་པོ་སྔོན་མའམ་ཐེངས་དང་པོ་ཡིན་པ་གྲགས། སྔ་རབས་ཞང་བོད་ཀྱི་གསོ་དཔྱད་རིག་པ་ལ་ཕྱག་རྗེས་བླ་མེད་བཞག་ཡོད་པའང་རྟོགས་ཐུབ་པའོ། །
གསུམ་པ། གསོ་རིག་འབུམ་བཞི་འཛམ་གླིང་དུ་དར་ཚུལ་དང་དེའི་བརྒྱུད་རིམ།
          སྤྱིར་འཛམ་གླིང་གི་ཡུལ་གྲུ་རྣམས་སུ་དར་ཚུལ་དང་ལྷག་པར་དུ་བོད་ཡུལ་དུ་ཁྱབ་སྤེལ་གཏོང་ཚུལ་ལ། གསོ་བ་རིག་པའི་མདོ་འབུམ་གཟུངས་མན་ངག་དང་བཅས་པའི་གསོ་དཔྱད་ཉི་ཁྲི་ཆིག་སྟོང་ནི། ལྷོ་འཛམ་བུའི་གླིང་གི་མིག སོག་ཁ་བོན་གྱི་འབྱུང་གནས། གནས་མཆོག་དམ་པ་འོལ་མོ་གླིང་ཆེན་དུ་སྟོན་མཆོག་གཤེན་རབ་མི་བོས་གསུངས་ཤིང་། རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་དྲང་སྲོང་ཆེན་པོ་བརྒྱད་སོགས་ཀྱིས་ཡིག་ཐོག་ཏུ་བསྡུས་བསྒྲིགས་མཛད་ཚུལ། མཛད་མདོ་རྒྱས་འབྲིང་རྣམས་སུ་གསལ་པོ་བསྟན་ཡོད།
          སྤྱིར་འཛམ་གླིང་གི་ཡུལ་གྲུ་རྣམས་སུ་དར་ཚུལ་ནི། 《གསོ་རིག་རྒྱུད་གསུམ་བྱེ་བའི་ཡང་སྙིང་སྨན་སྦྱོར་སྟོང་རྩའི་གླེང་གཞི》ལས། སྐུ་བསྟན་རྫོགས་མཐར་གདུང་སོབ་མུ་ཆོ་ཡིས། དཀར་ནག་བཀྲ་གསལ་རྗེས་བཞག་གསུང་རབ་ལ། ཀློག་འཆད་བཀའ་འཁོར་ཡོངས་བསྐོར་བྱེད་བྲག་ཕྱིས། འཛམ་གླིང་ལོ་ཙྭ་མཁས་པའི་རྒྱན་དྲུག་དང་། དེར་བརྟེན་ཕྱོགས་ཀྱི་སློབ་མ་བསམ་འདས་ཀྱིས། དཀར་ནག་རྒྱ་དང་བྲུ་ཤ་ཁ་ཆེ་ཕྲོམ། ཨོ་རྒྱན་ཐོ་གར་ཞང་ཞུང་བོད་ལ་སོགས། འཛམ་གླིང་ཡུལ་ཀུན་སོ་སོར་སྒྲ་བསྒྱུར་ཏེ། འགྲོ་ཀུན་ནད་ཟུག་སྲིད་པའི་ཕ་མཐར་བསྐྲད། ཚེ་རིང་བོན་ནོར་བདེ་སྐྱིད་ཁྲི་གདུགས་བརྡལ། ཞེས་སོགས་གསུངས་པས། སྐུ་བསྟན་མཐར་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་གིས་དཀར་ནག་བཀྲ་གསལ་དུ་ཀློག་འཆད་དང་། བཀའ་འཁོར་བསྐོར་བ། བྱེ་བྲག་ཏུ་ཕྱེས་ནས་ཁོང་གི་སློབ་མ་སྟག་གཟིག་གི་མཁས་པ་དམུ་ཚ་ཏྲ་ཧེ་དང་། རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་པོ། རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་གྲོལ། ཞང་ཞུང་གི་མཁས་པ་ཁྲི་ཐོག་སྤར་ཙ་དང་། ཧུ་ལི་སྤར་ཡ། ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་བཅས་འཛམ་གླིང་མཁས་པའི་རྒྱན་དྲུག་དེ་དག་གིས་འཛམ་གླིང་ཡུལ་གྲུ་སོ་སོར་གསོ་དཔྱད་རིག་གནས་ཁག་རྣམས་འཛིན་སྐྱོང་སྤེལ་གསུམ་དང་དར་ཞིང་རྒྱས་པར་མཛད་དོ། །དེ་བཞིན《གསོ་རིག་འབུམ་བཞི་》ལས། དཔྱད་བུས་རྟག་གཟིག་པ་དམུ་ཙ་ཏྲ་ཧེ་ལ་བཤད། དེས་གསེར་ཐོག་ལྕེ་འབྱམས་ལ་བཤད། དེས་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། དེས་གྱིམ་ཚ་རྨ་ཆུང་ལ་བརྒྱུད། ཞེས་གསུངས།《སྐྱང་འཕགས་ཆེན་པོའི་རྣམ་ཐར་》ལས་ཀྱང་། བཀའ་གནང་སློབ་དཔོན་མུ་ཆོའི་དུས་སུ་ཡང་། དཀར་ནག་བཀྲ་གསལ་གསས་ཁང་འབར་བ་རུ། ཕྱི་ནང་སྡེ་སྣོད་བརྒྱར་ཕྱེ་བཤད་པའི་དུས། བདག་སོགས་རིག་འཛིན་ཉི་ཤུ་རྩ་གཅིག་གིས། མཁས་པའི་བོན་རྒྱུད་གསན་ཞིང་ཕྱོགས་བཅུར་སྤེལ། ཞེས་གསུངས་སོ། ལྷག་པར་དུ་བོད་ཡུལ་དུ་ཁྱབ་སྤེལ་གཏོང་ཚུལ་ནི། སྟོན་པ་གཤེན་རབ་དགུང་ལོ་ཉི་ཤུའི་ནང་སྐུ་དངོས་སུ་བྱོན་ནས་བོད་ཀྱི་བོན་པོ་རྣམས་ལ་རྒྱུ་བོན་གྱི་བཀའ་ལུང་གནང་བས། ཀོང་རྗེ་དཀར་པོའི་དུས་སུ་རྒྱུ་ཡི་བོན་གྱི་དབུ་ཚུགས་པ་ཙམ་ནས་རིམ་བཞིན་མོ་གཏོ་སྨན་རྩིས་སོགས་དར་ནས་གཉའ་ཁྲིའི་གོང་བོན་ཤེས་པ་ཅན་བཅུ་གཉིས་བར་རྒྱུད་ནས་དར། དེ་ཡང་ཤེས་པ་ཞེས་གང་ཞེ་ན་དཔེར་ན། མགོན་ཤེས་ལྷ་ཡི་བོན་ཞེས་བྱ་བ་ནི། ཚུར་ལ་གཡང་བླངས་ནོར་ཕྱུག་འཕེལ་ངེས་པ། ཕན་ཤེས་སྨན་དཔྱད་བོན་ཞེས་བྱ་བ་ནི། བྲོ་ནད་གསོ་བས་ཚེ་ཡི་བར་ཆད་སེལ། སྐོར་ཤེས་རྩིས་ཀྱི་བོན་ཞེས་བྱ་བ་ནི། དུས་འཁོར་གཏན་ཕབས་སྔ་ཕྱིའི་ལྟས་འཛིན་ཤེས་བཅས་སྨན་རྩིས་དར་ཁྱབ་ཆེ་བ་བྱུང་ཞེས་གསུངས། གསོ་རིག་འབུམ་བཞི་བརྒྱུད་རིམ་ནི་། སངས་རྒྱས་བསྟན་པའི་གཙོ་བོ་གཤེན་རབ་མི་བོའི་ཡེ་རྗེ་སྨན་ལྷའི་རྒྱལ་པོའི་དགོངས་པ་བཞིན་གསོ་རིག་བདུད་རྩི་སྨན་གྱི་མདོ་དགུ་གསུངས་པ་ནི། བདུད་རྩི་མུ་ཏྲ་གཞུང་ཆེན་མདོ། བདུད་རྩི་འཁོར་ལོ་ཆེན་པོའི་མདོ། བདུད་རྩི་བང་མཛོད་འབུམ་བཞིའི་མདོ། བདུད་རྩི་ཡིད་བཞིན་ནོར་བུའི་མདོ། བདུད་རྩི་གཟའ་ཀླུ་བཅོས་ཐབས་མདོ། བདུད་རྩི་དམར་བྱང་ཐེམ་བྱང་མདོ། བདུད་རྩི་དཔག་བསམ་ལྗོན་ཤིང་མདོ། བདུད་རྩི་གདམས་ངག་འཕྲུལ་གྱི་མདོ་དགུ་བཅས་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་། ལྷའི་དྲང་སྲོང་མངོན་པར་ཤེས་པ། བདེན་པར་སྨྲ་བ། རིག་པར་སྨྲ་བ། ངེས་པར་སྨྲ་བ། ཡིད་ལས་སྤྲུལ་བ། ཡིད་ལས་བྱུང་བ། ཡིད་ལས་སྐྱེས་པ། ཡིད་ལས་གྲུབ་པ་སོགས་དྲང་སྲོང་ཆེན་པོ་བརྒྱད་རྣམས་ལ་གསུངས་པས། དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱི་སྨན་འབུམ་རྣམས་ཡིག་ཐོག་བཀོད་ནས། འཛམ་གླིང་མཁས་པ་རྒྱན་དྲུག་གི་ནང་ཚན་རྟག་གཟིགས་མཁས་པ་དམུ་ཚ་ཏྲ་ཧེ་ལ་གནང་། དེས་ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་ལ་བརྒྱུད། དེས་ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་བརྒྱུད། དེས་ལྡེ་བོན་གྱིམ་ཚ་རྨ་ཆུང་ལ་བརྒྱུད། དམ་པ་དེ་གསུམ་ཚེ་ཡི་རིག་འཛིན་བརྙེས་ནས་ཁྲི་སྲོང་གི་བར་བཞུགས། ཁྲི་སྲོང་དང་། བེན་བློན་དང་། རྒྱ་གར་ཨ་ཙ་ར་རྣམས་ཀྱིས་བོན་བསྣུབས་པའི་སྐབས་བཻ་རོ་ཙ་ནས་འབུམ་བཞི་འགོ་འཇུག་ཆོས་སུ་བསྒྱུར་ནས་དེ་འཕྲལ་བསམ་ཡས་ཀྱི་ཀ་བ་བུམ་ཅན་དུ་གཏེར་ལ་སྦས། དེ་ནས་བན་དྷེ་མི་གསུམ་གྱིས་བཏོན་ནོ། ། 《གསོ་རིག་འབུམ་བཞི》ལས། རྟེན་འབྲེལ་འགྲིག་པའི་དུས་སུ་བསམ་ཡས་རྩེ་ནས། བན་དྷེ་མི་གསུམ་གྱིས་བཏོན་པའོ། དེ་ནས་ལྷ་རྗེ་གཡུ་ཐོག་པས་ཞུས་སོཧྭ། ཞེས་གསུངས་སོ། །
          ཡང་བརྒྱུད་རིམ་གཞན་ཞིག་ལ། སྟོན་པ་གཤེན་རབ་བོད་ཀྱི་ཆུ་བོ་བཞི་འདུས་མགོ་བོ་རུ་བྱོན་ནས། བོད་ཀྱི་ལྷ་འདྲེ་མཐུ་རྩལ་ཅན་ཐམས་ཅད་དབང་དུ་བསྡུས་ཏེ་གཙང་པོ་ལ་པད་མའི་གདན་བཏིང་ནས་ཀོང་པོ་ནགས་སུ་གཤེགས་ནས་རྒྱུ་བོན་གྱི་བཀའ་ལུང་གནང་བས། ཀོང་རྗེ་དཀར་པོའི་དུས་སུ་རྒྱུ་ཡི་བོན་གྱི་དབུ་ཚུགས་པ་ཙམ་ནས་རིམ་བཞིན་མོ་གཏོ་སྨན་རྩིས་སོགས་དར་ནས་གཉའ་ཁྲིའི་གོང་བོན་ཤེས་པ་ཅན་བཅུ་གཉིས་བར་རྒྱུད་ནས་དར། བོད་རྒྱལ་ལྷ་ཐོ་ཐོ་རིའི་རིང་ལ་སྨན་པ་དུང་གི་ཐོར་ཅོག་ཅན་བར་དང་། ཁྱད་པར་ལྷ་སྲས་སྟག་རི་གཉན་གཟིགས་ཀྱི་མིག་ཕྱེ་བའི་དོན་དུ་འ་ཞའི་སྨན་པ་གདན་དྲངས་ཞེས་པ་དང་། ཡང་མཚོ་སྔོན་ལྕང་ལའི་བང་སོ་ཡོད་ས་ནས་ཐོན་པའི་མགོ་རུས་ཀྱི་དཀྱིལ་ལ་བུ་ག་ཡོད་པའི་ཀླད་རུས་གསུམ་ལ་རྟོག་ཞིབ་ཕྲ་མོས་དཔྱད་པར་གཞིགས་ན་གནའ་སྔ་མོ་ནས་བོད་ཡུལ་དུ་ཀླད་རུས་འབིགས་བཅོས་ཀྱི་གཤགས་བཅོས་བྱེད་པའི་གསོ་ཐབས་ཡོད་པ་རེད་ཅེས་འཛམ་གླིང་གི་གསོ་དཔྱད་ལོ་རྒྱུས་སྨྲ་མཁན་ཕར་ནེ་ཨར་ཞེས་པས་སྤྱི་ལོ་༡༨༧༥ལོ་ཆོད་བསྡོམས་དེ་བཏོན་ཡོད། སྐབས་དེར་བོད་ཀྱི་གསོ་རིག་གི་ཡོན་ཏན་ཚད་མཐོ་ངེས་ཅན་དུ་སླེབས་པ་ཤེས་ཐུབ་བོ། །དེ་རྗེས་ཁྲི་སྲོང་ལྡེ་བཙན་སྐབས་གནའ་བོའི་བོན་གྱི་རིག་གནས་ལ་སངས་རྒྱས་ཆོས་ལུགས་ཀྱི་བཀའ་ཡིས་བརྡུང་བརྡེག་ཐེབས་པས། གསོ་རིག་འབུམ་བཞི་འདི་ཡང་བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས་སོ། 《གསོ་རིག་འབུམ་བཞི》ལས། དེར་བན་དྷེ་མི་བདུན་གྱིས་ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེག་པའི་གྲབ་བྱས་དུས། བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས། ཞེས་གསུངས།《ཡོངས་འཛིན་བསྟན་འཛིན་རྣམ་དག》གིས་ཀྱང་། གཞུང་འདི་རྣམས་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས་ཞེས་པའི་ས་གནས་དེ་སྐྲག་ལ་ཡི་ནུབ་ཀྱི་རྒྱབ་ཏུ། སྤོས་དྲི་ངད་ལྡན་གྱི་བྲག་ཟུར་དུ་བྲག་ཕུག་ཟང་ཐལ་གནམ་སྐས་ཅན་ཞིག་ཡོད་པའི་ས་གནས་དེ་ལ་སྣ་རུ་བྲག་གནམ་སྐས་ཅན་ཞེས་དང་། སྣང་རུ་བྲག་གནམ་སྐས་ཅན་ཞེས་པ་སོགས་ཡིག་གཟུགས་འདྲ་མིན་འདུག་ཀྱང་། གང་ལྟར་དེ་སྨན་གཞུང་འདི་རྣམས་ཀྱི་གཏེར་གནས་དང་། གནའ་དུས་མིང་ཡང་འདི་ལྟར་ཡིན་ནམ་སྙམ་ནས་བརྟག་དཔྱད་བྱེད་པའི་གཞི་རུ་བཞག་ཡོད། ཅེས་གསུངས། ཕྱིས་དུས་ལ་བབས་ཙམ་ན་གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པས་གཏེར་ཞལ་ཕྱེས་ནས། རྨེའུ་མཁས་པ་དཔལ་ཆེན་ལ་སྤེལ་བའོ་ཞེས། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོས་སྤྱི་ལོའི་དུས་རབས་བཅུ་གཅིག་གི་སྟོད་དུ་སྨན་དཔེ་འབུམ་བཞི་འདི་དང་བདུད་རྩི་ཨ་མ་ར་ཡའི་ཕུད་བུམ་དགུ་དང་བཅས་པ་གཏེར་ནས་གདན་དྲངས་ཏེ། རིམ་གཞིན་ཞང་བོད་ཀྱི་ཁྲོད་དུ་དར་བའོ་ཞེས་གསུངས། གོང་སྨོས་གྱི་ནང་དོན་ཕུད། དེ་བཞིན་སྨན་གཞུང་འབུམ་བཞི་འདིའི་ཁུངས་ནི་གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱིས་སྤ་གྲོ་ནས་གཏེར་ཞལ་ཕྱེས་ནས་གཡུ་ཐོག་ཡོན་ཏན་མགོན་པོ། གཏེར་སྟོན་ཉིད་ཀྱི་སློབ་མ་ཡིན་པས་དེ་ལ་གནང་སྟེ། ལེགས་བཤད་མཛོད་ལས། དེ་ནས་གཏེར་སྒྲོམ་རྣམས་མགར་ལ་བཅོལ་ཏེ་ཁུ་ཚ་ཉིད་སྨན་ལ་མཁས་པས་དམུའི་བྲང་ཏི་སྨན་པས་ཕྲག་དོག་བྱས་ཏེ། ཁོང་ཉང་སྟོད་དུ་བཞུད་པའི་ལམ་ཀར་མི་ལྔས་བསྒུགས་པས་ཁུ་ཚ་རྟ་ལྕགས་ཀྱིས་བྲབ་ནས་བྱོན་ཏེ་ཤོར། དེར་ཁུ་ཚའི་སྨན་ཆུང་གཅིག་མདས་ཕོག་སྟེ་རྒྱུ་མ་དོན་པ་ལ་ཁུ་ཚས་རྒྱུ་མ་འོ་མས་བཀྲུས་ཏེ་ནང་དུ་འཕུལ་ནས་རྨ་ཁ་རྟ་དཀར་པོའི་རྒྱུས་པས་བཙེམས་པས་སོས། བུ་ཁྱོད་ཀྱིས་ངའི་སྲོག་བཏོན་པ་ཡིན་གསུངས་ནས་གདམས་ངག་ཀུན་གནང་། ཕྱིས་སུ་ཁུ་ཚ་སྨན་པའམ་མཁས་པ་གཡུ་ཐོག་ཏུ་གྲགས་སོ། ཞེས་གསུང་པ་ལའང་དཔྱད་པ་བྱའོ། །
བཞི་པ། གསོ་རིག་འབུམ་བཞིའི་དགོངས་དོན་རགས་བསྡུས།
          གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་དང་། གསོ་བྱེད་སྨན་འབུམ་དཀར་པོ། གསོ་ཐབས་དཔྱད་འབུམ་ཁྲ་བོ། གསོ་བྱའི་ནད་འབུམ་ནག་པོ་ཞེས་ཚན་པ་ཆེན་མོ་བཞི་ཡིས་གྲུབ་སྟེ། 
          ༡ ཐུགས་འབུམ་ལས་གླེང་གཞི་གླེང་སློང་སོགས་ལེའུ་བདུན་གྱིས་ཞང་ཞུང་འོལ་མོ་ལུང་རིང་གི་ངོ་མཚར་གྱི་བཀོད་པ་དང་། སྟོན་པ་གཤེན་རབ་སྐུ་འཁོར་གྱི་ཁྱད་ཆོས། གསོ་རིག་གི་རྩ་བ་གསུམ་གྱི་སྡོམ་ཚིག་སོགས་གཞུང་གི་གནད་སྙིང་བསྟན་ཡོད་པ་དང་། 
          ༢ སྨན་འབུམ་ལས་མདོ་བཞིའམ་ལེའུ་སོ་གཉིས་ཀྱིས་རྩ་ཆུ་བརྟག་ནས་ནད་ངོས་འཛིན་ཚུལ་དང་། གཉེན་པོ་སྨན་དཔྱད་གཉིས་ཀྱི་ལག་ལེན། ནད་ལ་གཉེན་པོ་ཆིག་རྒྱུག་གི་སྐོར། རྒྱུད་ཀྱི་ཆེ་བ། རྒྱུད་འདི་གཏད་རུང་བའི་གཙོ་འཁོར་གྱི་ཁྱད་ཆོས་སོགས་བསྟན། 
          ༣ དཔྱད་འབུམ་ལས་གནས་བཅུ་གཅིག་གམ་ལེའུ་སོ་གཅིག་གིས་ལུས་ཀྱི་ཆགས་གནས་འཇིག་གསུམ་དང་། དེ་ལ་བྱུང་བའི་ནད་སྤྱིའི་རྒྱུ་རྐྱེན་དབྱེ་བ། ཟས་སྤྱོད་བསྟེན་ཚུལ། གསོ་ཚུལ། གསོ་བ་པོ་སྨན་པའི་མཚན་ཉིད་སོགས་བསྟན། 
          ༤ ནད་འབུམ་ལས་སྐབས་བཅོ་ལྔའམ་ལེའུ་གོ་བཞིས་སྤྱི་གཙུག་ནས་རྐང་མཐིལ་བར་གྱི་ནད་ཕྲ་རགས་སོ་སོའི་རྒྱུ་རྐྱེན་དབྱེ་བ་བཅོས་ཐབས་སོགས་ཞིབ་རྒྱས་སུ་བསྟན། དེ་དག་གི་དོན་བོད་ཀྱི་གསོ་བ་རིག་པའི་གནས་བབ་གལ་ཆེན་ཟིན་ཡོད། དེ་ཡང་《འབུམ་བཞི》་འདི་རིག་པའི་གནས་ལྔའི་ཡ་གྱལ་གསོ་བ་རིག་པའི་གཞུང་ལུགས་ཤིག་ཡིན་པ་དང་དེའི་ནང་འཁོད་པའི་ལྟ་བ་དང་སྤྱོད་པ་རྣམས་ནི་གདོད་མའི་བོནད་མིས་རང་འབྱུང་ཁམས་ལ་འཐབ་རྩོད་བྱེད་པའི་འབྲས་བུ་དང་། མཉམ་མེད་སྟོན་པ་གཤེན་རབ་མི་བོའི་ཐུགས་རྗེའི་དང་འཕྲིན་ལས། ཞང་བོད་མི་རིགས་ཀྱི་གནམ་དཔྱོད་དང་བློ་གྲོས་ཡང་དག་འཁྲུལ་མེད་ཅིག་ཡིན་པར་སྙམ། སྨན་གཞུང་ནང་དུ་རྒྱ་དཀར་ནག་དང་། ཏ་ཟིག་བཅས་ནས་དར་བའི་གསོ་དཔྱད་ཀྱི་ནང་དོན་བསྡུ་སྒྲིག་བྱས་ཡོད་པས། རྒྱལ་སྤྱིའི་རང་བཞིན་ལྡན་པའི་གསོ་བ་རིག་པའི་ཁྱད་ཆོས་ལྡན་ཡོད་དོ།།
          ལྔ་པ། ཞང་བོད་ཀྱི་གསོ་རིག་ལ་རང་གཞན་མཁས་དབང་གིས་འཛིན་པའི་བཀའ་ལུང་ཚད་མ། 《རྒྱལ་རབས་གསལ་བའི་མེ་ལོང་》ལས། རྒྱུའི་བོན་རིགས་བཞིའི་ནང་ནས། ཕྱྭ་གཤེན་བལ་ཐོན་ཅན་གྱིས་ལྷ་དང་སྨན་གསོལ། ཕྱྭ་དང་གཡང་འགུགས། དུར་གཤེན་མཚོན་ཆ་ཅན་གྱིས་གནམ་གྱི་རྒྱུ་སྐར་བལྟ། ས་ཡི་འདྲེ་བཏུལ། ཞེས་དང་།《བཀའ་ཐང་ཤེལ་བྲག་མའི་ལེའུ་གྱ་བཞི་པ》ལས། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། ཞེས་དང་།《སྟག་ཚང་ལོ་ཙྭ》བས། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི། རྒྱ་གར་འཕགས་པའི་ཡུལ་དུ་བཤད་པ་མེད། བོད་ཀྱི་སྨན་པ་བྱང་ཆུབ་སེམས་དཔས་མཛད། ཅེས་དང་། གཡུ་ཐོག་རྙིང་མའི་རྣམ་ཐར《གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད》ལས། གཡུ་ཐོག་ཆེན་པོས་རྒྱ་གར་གྱི་སྨན་པའི་དྲི་བར་ལན་བསྐྱོན་སྐབས་ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་སྦྱོང་བ་བཤལ་གྱི་རྒྱུད་དང་། གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུག་གསུམ་གྱི་རྒྱུད། བོད་ཀྱི་ལུགས་ལ་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད་ཅེས་པ་སོགས་ཡོད་ཚུལ་གསུངས་པའི་སྐོར་འཁོད་ཡོད། གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི《མན་ངག་པོ་ཏི་དམར་པོའི་ནང་བྱིས་པའི་རྣ་རྩ་བརྟགས་ཐབས》སྐོར་གྱི་དཔེ་ཆའི་དབུ་ལ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ལ་ཕྱག་འཚལ་ལོ། ཞེས་བཀོད་དོ། །《ཟུར་མཁར་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱིའི་ཁོག་འབུགས》ལས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་ཡང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད། ཅེས་དང་།《རིན་ཆེན་དབང་བོ་རིལ་བུ་གསུམ་གྱི་ལག་ལེན་གསལ་བའི་བསྟན་བཅོས་ཟབ་གསལ་སྙིང་ཐིག》ལས། རྩོམ་པ་པོ། དེའུ་དམར་བསྟན་འཚིན་ཕུན་ཚོགས། ཅེས་དང་ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ་ལས། སྔོན་དུས་སྟོན་མཆོག་དབང་པོ་གཤེན་རབ་ཀྱིས། སྐྱབས་གནས་སྲུང་མར་བཅས་ལ་རིན་ཆེན་དང་། འབྲུ་སོགས་མཆོད་པ་ཕུལ་ནས་དམོད་འདི་བོར། སྙིགས་དུས་མ་རུང་བདུད་ཀྱི་སྤྲུལ་པ་འགས། ཟས་ངན་དུག་སྦྱོར་ཉེས་པ་ཡོད་མིན་གྱི། མི་ཆེན་སྲོག་ལ་ཧུར་ཐུམ་བྱེད་དུས་སུ། དེ་ཉིད་འཇོམས་བྱེད་སྨན་མཆོག་རིན་པོ་ཆེ། མཐུ་ལྡན་རང་བྱུང་དངོས་གྲུབ་སྩལ་དུ་གསོལ། གསུངས་པས་ལྷུང་བཟེད་ནང་དུ་དངོས་གྲུབ་ཀྱི། རིལ་བུ་རིགས་ལྔ་བྱུང་བ་ཕྱོགས་བཅུར་བོར། ཕྱོགས་ཀུན་ཁྱབ་ནས་འགྲོ་ལ་ཕན་པར་ཤོག ཅེས་གསུངས་དབང་གིས་གནས་ལ་མ་ངེས་པར། ཞེས་དང་། 《བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད》ལས། རྩོམ་པ་པོ། མཁན་ཆེན་ཉི་མ་བསྟན་འཛིན། གཞན་སྡེས་བཅོས་པ་ཡི་ཐུགས་འབུམ་ལ་རྩ་རྒྱུད་དང་། སྨན་འབུམ་ལ་ཕྱི་མ་རྒྱུད་དང་། དཔྱད་འབུམ་ལ་བཤད་རྒྱུད་དང་། ནད་འབུམ་ལ་མན་ངག་རྒྱུད་བྱ་བ་མིང་བཏགས་ནས། ཟབ་བཅོས་སྔགས་རྣམས་ཞང་སྐད་རང་སར་བཞག་སྟེ། གོ་རིམ་བརྗེས་ཤིང་བཻ་རོས་བོན་ལས་བསྒྱུར་བའི་རྟགས་སུ། བཅོམ་ལྡན་འདས་ཀྱི་འཁོར་ལ་དྲངས་སྲོང་བྱ་བ་ཆོས་མདོ་གཞན་ལས་མེད་པ་འདིར་བཞག་པ་ནི་བཀའ་རྟགས་སོ། ཞེས་གསུངས་པ། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས། རྩོམ་པ་པོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན། གཞན་ཡང་རྒྱུའི་བོན་བཞིའི་ནང་ཚན་དུ་གྱུར་པ་སྨན་གྱི་རྒྱུད་བཞི་སོགས་ཀྱང་བདག་ཅག་གི་སྟོན་པས་གསུངས་པ་ཡིན་ཏེ། བདུད་རྒྱལ་རམ་པ་དུག་འགྱེད་ཀྱིས་སེམས་ཅན་རྣམས་ལ་ནད་ཀྱི་བསྐལ་པ་དར་བར་བྱས་པ་ལ། སྟོན་པས་དཔྱད་བུ་ཁྲི་ཤེས་ལ་བདུད་རྩི་དཔྱད་ཀྱི་མདོ་དགུ་སོགས་བསྟན་ནས་སེམས་ཅན་བདེ་ལ་བཀོད། ཅེས་དང་། 《གསོ་རིག་རྒྱུད་འབུམ་བྱེ་བའི་ཡང་སྙིང་སྨན་སྦྱོར་སྟོང་རྩའི་གླེང་གཞི》ལས། ཅེས་སོགས་གསུངས་པའི་སྨན་གྱི་འབུམ་གསུམ་དང་། བར་དུ་ཆོས་སུ་བསྒྱུར་བའི་རྒྱུད་བཞི་དང་། ཞེས་དང་།《རྒྱལ་བའི་བཀའ་དང་བཀའ་རྟེན་རྨད་འབྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལ་དཀར་ཆར་བློའི་ཐ་རམ་བཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག་གོ་》ལས། རྩོམ་པ་པོ། གཡུང་དྲུང་ཚུལ་ཁྲིམས། གཞན་སྡེའི་བཅོས་མའི། ཐུགས་འབུམ་ལ་རྩ་བ་ཐུགས་རྒྱུད་དང་། སྨན་འབུམ་ལ་ཕྱི་མ་རྒྱུད་དང་། དཔྱད་འབུམ་ལ་བཤད་རྒྱུད་དང་། ནད་འབུམ་ལ་མན་ངག་རྒྱུད་བྱ་བར་མིང་བཏགས་ནས། བཟའ་བཅོས་སྔགས་རྣམས་ཞང་སྐད་རང་སོར་བཞག་སྟེ། གོ་རིམ་བརྗེས་ཤིང་བཻ་རོས་བོན་ལས་བསྒྱུར་བའི་རྟགས་སུ། བཅོམ་ལྡན་འདས་ཀྱི་འཁོར་ལ་དྲང་སྲང་བྱ་བ་ཆོས་མདོ་གཞན་ལ་མེད་པར་འདིར་བཞག་པ་ནི་བཀའ་རྟགས་སོ། བཻ་རོས་གཏེར་བཏབ་ཐོག་མའི་སྒོ་འབྱེད་གྲྭ་མངོན་དབང་ཕྱུག་འབར་གྱི་ཐོན་པ། ཞེས་དང་། 《ཁྲོ་རུ་ཚེ་རྣམས་ཀྱི་གསུང་》ལས། རང་རེའི་ལོ་རྒྱུས་ཡིག་ཚང་དང་ད་ཡོད་བསྟན་བཅོས་ཀྱི་དཀར་ཆག་ལྟར་ན་། གཡུང་དྲུང་བོན་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ནས་སྨན་པ་དུང་གི་ཐོར་ཅོག་བར་དང་། རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནས་གཏེར་སྟོན་གྲ་བ་མངོན་ཤེས་ཀྱི་བར། བཻ་རོ་ཙ་ན་ནས་ལོ་ཆེན་རིན་ཆེན་བཟང་པོའི་སྐབས། ཞེས་དང་།《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་བདམ་བསྒྲིགས》ལས། མཁས་དབང་བྱམས་པ་ཕྲིན་ལས། མེ་བཙའི་བཅོས་ཐབས་སྐོར་གྱི་ཡིག་ཆའི་ནང་དུ། དཔྱད་ཡིག་འདི་ནི་ཕྱག་སྦལ་ན་ཡང་མེད་དེ། དཔྱད་ཡིག་ཐམས་ཅད་ལས་ཀྱང་འདུས་པའི་སྟེང་དུ་ཞང་ཞུང་གི་དཔྱད་ཕུགས་པ་དང་སྦྱར་ཏེ་བགྱིས་པ་ལགས་སོ། ཞེས་གསལ་བ་ལྟར་ཞང་ཞུང་གི་ཡུལ་ནི་སྔ་རབས་བོད་ཀྱི་རིག་གཞུང་འབྱུང་ཁུངས་ལྟེ་བ་ཡིན་པ་དང། སྲོང་བཙན་གྱི་གོང་ནས་པུར་རྒྱལ་བོད་ཀྱི་རྒྱལ་རབས་མང་པོའི་བར་བོན་གྱི་བསྟན་པ་དར་ཡུལ་གཙོ་བོ་ཞིག་ཡིན་པས་སྨན་དཔྱད་སྐོར་ནས་བཤད་ན་ཡང་ལོ་རྒྱུས་ཀྱི་སྔ་ཤོས་དེ་ཞང་ཞུང་རང་ལ་ཐུག་ཡོད་པ་དོན་དངོས་ཐོག་ནས་གསལ་བཤད་བྱས་འདུག ཅེས་དང་།《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ》ལས། རྩོམ་པ་པོ། མཁས་དབང་བྱམས་པ་ཕྲིན་ལས་དང་ཐུབ་བསྟན་ཚེ་རིང་། སྐབས་དེར་གཤེན་རབ་མི་བོ་ཆེའི་གདུང་སྲས་བརྒྱད་ཀྱི་ཆེ་ཤོས་དཔྱད་བུ་ཁྲི་ཤེས་ཞེས་པ་སྨན་དཔྱད་བསྟན་པའི་རྐང་འཛིན་ཡིན་པ་དེས་《གསོ་བྱའི་ནད་འབུམ་ནག་པོ》དང་། 《གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ།》《གསོ་བྱེད་ཀྱི་སྨན་འབུམ་དཀར་པོ།》《གསོ་དཔྱད་ཀྱི་མདོ་དགུ།》《གསོ་རིག་དཔྱད་རྒྱུད་ཟླ་ཟེར》ཟེར་བ་སོགས་གསོ་དཔྱད་ཀྱི་གཞུང་ལུགས་མང་པོ་འཆད་ཉན་དང་། འགྲོ་བ་ནད་པའི་དོན་མཛད་ཚུལ་གྱི་ལོ་རྒྱུས་ཟིན་ཐོ་ཡོད། ཅེས་དང་། 《དྲིས་ལན་ལྷག་བསམ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཆགས་སྡན་ཟུག་རྔུ་སེལ་བའི་བདུད་རྩིའི》ལས། རྩོམ་པ་པོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། སྨན་གྱི་རྒྱུད་བཞི་ནི་བོན་ལས་བསྒྱུར་བ་ཁོ་ནར་སྣང་སྟེ། བོན་གྱི་བཀའ་འགྱུར་མདོ་སྡེའི་སྐོར་ན་བདུད་རྩིའི་བང་མཛོད་འབུམ་བཞི་ཞེས་པ། ཐུགས་འབུམ་མཁའ་སྔོན་ལེའུ་བདུན། འཚོ་བྱེད་སྨན་འབུམ་དཀར་པོ་ལེའུ་སུམ་ཅུ་སོ་གཅིག འཚོ་ཐབས་དཔྱད་འབུམ་ཁྲ་བོ་ལེའུ་སུམ་ཅུ་སོ་གཅིག གསོ་བྱའི་ནད་འབུམ་ནག་པོ་ལེའུ་དགུ་བཅུ་གོ་གཅིག་ཅན་ཡོད་པ་ལས། རིམ་བཞིན་རྩ་བ་ཐུགས་རྒྱུད་སོགས་བསྒྱུར་ལ་སྨན་གྱི་མིང་སོགས་ཐ་སྙད་སོར་བཞག་མང་དུ་སྣང་བ་མངོན་གསལ་ལོ། །ཞེས་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན《ཐུག་བསྟན་ཕུན་ཚོགས་གསུང་》ལས། ཐོག་མར་གསོ་རིག་འབུམ་བཞི་བྱུང་ཞིང་དེ་ནས་རིམ་བཞིན་ཚིག་སྦྱོར་དང་། ལེའུའི་གོ་རིམ་རྣམས་དག་བཅོས་དང་ལེགས་སྒྲིག་བྱས་པ་ནི་གསོ་རིག་རྒྱུད་བཞི་ཡིན་པ་བློ་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་འབུམ་རྒྱུད་གཉིས་པོ་ཕན་ཚུན་གོ་བསྡུར་ནས་བལྟས་པ་ཙམ་གྱིས་ཤེས་སླ། ཞེས་དང་། 《བོད་གསོ་རིག་སློབ་སྤྱི་ཉི་མ་ཚེ་རིང་གིས་གསུངས》ལས། སྤྱི་ལོའི་སྔོན་གྱི་ལོ་(༩༦༡)(༥༦༦)སྟོན་པ་ཐུབ་པའི་འཁྲུངས་རབས་དང་མཉམ་ཞེས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་སྐུ་འཁྲུངས་ཤིང་ལག་ལེན་རྣམས་ཚོད་ལྟ་དང་། ཞིབ་འཇུག བེད་སྤྱོད་བཅས་བྱེད་པ་དང་ཆབས་ཅིག་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་སོགས་སྨན་དཔྱད་མཁན་མང་དུ་གསོ་སྐྱོང་སྐྱེད་སྲིང་དང་གསོ་བ་རིག་པའི་ལག་ལེན་སྙིང་བསྡུས་ཀྱིས་དཔྱད་ཀྱི་རྒྱུད་སྡེ་ཆེན་མོའི་གཞུང་ལྔ་དང་། མན་ངག་ཡན་ལག་བརྒྱད་ལྡན། དུག་བཅོས་གཡུང་དྲུང་འཁྱིལ་བ་སོགས་གསོ་དཔྱད་རིག་པའི་གཞུང་ལུགས་ཀྱི་མ་ལག་ཐོག་མར་(བོན་)ཡིག་ཐོག་གི་རིག་གཞུང་ཞིག་གྲུབ་ཡོད། ཅེས་གསུངས་སོ། །
ས་བཅད་གཉིས་པ། དཔལ་ལྡན་རྒྱུད་བཞིའི་བྱུང་ཚུལ་བརྗོད་པ།
          གསོ་རིག་འབུམ་བཞི་ལ་རྒྱུད་བཞི་ཞེས་པར་བསྒྱུར་ཚུལ་དང་། གསོ་རིག་འབུམ་བཞི་དང་དཔལ་ལྡན་རྒྱུད་བཞི་གཉིས་ཀྱི་ཁྱད་པར། འབུམ་རྒྱུད་གཉིས་ལ་ཚད་ལྡན་མཁས་པའི་བཞེད་ཚུལ་དང་ཚད་ལྡན་ཡིག་ཆ་ལ་བརྟེན་ནས་ཁུངས་ལྡན་གཏམ་སྨྲ་བ་བཅས་གསུམ་དུ་ཕྱེ་ནས་འཆད་པར་སྤྲོའོ། །
གཅིག གསོ་རིག་འབུམ་བཞི་ལ་རྒྱུད་བཞི་ཞེས་པར་བསྒྱུར་ཚུལ་ནི།
          གསོ་རིག་འབུམ་བཞི་ཡང་རྒྱུད་བཞི་ཞེས་པར་བསྒྱུར་དགོས་དོན་དང་། རྒྱུད་བཞིའི་ལོ་རྒྱུས་དང་རྒྱུད་རིམ་གཉིས་ལ། 
          ༡ དཔལ་ལྡན་རྒྱུད་བཞིའི་བྱུང་ཚུལ་ནི། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱིབགནའ་བོའི་རིག་གནས་དང་བོན་གྱི་ཆོས་ལུགས་བསྣུབས་ནས་བོན་ཚབ་ཆོས་ཀྱིས་བྱེད་པའི་དབུ་ཚུགས། དེ་ནས་རྒྱལ་བློན་དང་བན་བོན་དེའི་ཕྱོགས་ཀྱི་འབངས་མི་རྣམས་ཀྱང་ཕྱོགས་ཞེན་དང་ཆགས་སྡང་དབང་གིས་ནང་འགལ་དང་རྩོད་གླེང་ཇེ་ཆེར་གྱུར། མཐར་ཞང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བོན་ཆོས་ལ་ཕམ་ཉེས་ཆེན་པོ་བྱུང་བས། དེ་ནས་བཟུང་བོད་མི་གང་ཞིག་གི་བསམ་བློར་རང་ཉིད་ཀྱི་ཕ་མེས་ཡང་མེས་ཚོ་ནི། གླེན་ལྐུགས་བ་ཕྱུགས་ལྟ་བུ་དང་། བོད་རང་གི་ལོ་རྒྱུས་དང་ཤེས་རིག་སྣ་ཚོགས་ཐ་ཆད་དང་རིན་ཐང་གང་ཡང་མེད་པའི་ཤོག་ཧྲུལ་དུ་བརྫིས་ནས་སྦྱང་བརྩོན་དང་མཐོང་ཆེན་མི་བྱེད་ལ། རྒྱ་གར་ནག་གི་བསྟན་བཅོས་ཤིག་ཡིན་ན་སྐྱོན་གང་ཡང་མ་མཆིས་པའི་ཚད་ཐུབ་ཞིག་ཏུ་རློམ་པའི་སྲོལ་རྒྱུན་གྱི་འདུ་ཤེས་མཁྲེགས་པོ་ཞིག་རང་རིགས་ཕལ་ཆེའི་རང་གཤིས་སུ་གྲུབ་པ་རེད། དེ་ལྟར་བོད་དུ་དུས་ཀྱི་འགྱུར་ལྡོག་ཆེན་པོ་དྲག་ཆར་རླུང་འཚུབ་ལྟ་བུ་བྱུང་སྐབས། བོན་གཤེན་རིག་འཛིན་རྣམས་ཀྱིས་བོན་རྣམས་གཏེར་དུ་སྦས། ཡང་དེ་དུས་དྲན་པ་ནམ་མཁའ་དང་སློབ་དཔོན་པད་མའི་བོན་འགའ་རེ་ཆོས་སུ་བསྒྱུར་ཞེས་རང་གཞན་གྱི་ལོ་རྒྱུས་ལས་བཀོད་ཡོད། ཁྱད་པར་དུ་གསོ་དཔྱད་ཀུན་གྱི་རྒྱལ་པོ་བདུད་རྩིའི་འབུམ་བཞི་འདི་ཡང་དེ་གར་རང་སོར་བཞག་ན་སྣུབ་ཉེན་ཆེ་བ་དང་། གལ་ཏེ་ནུབ་ན་ཤིན་ཏུ་ཕངས་ཆེ་བའི་མི་ནུབ་པར་དར་བར་བྱེད་པ་ལ། སྐབས་དེའི་ཆོས་སྲིད་ལམ་ལུགས་དང་། བོད་ཀྱི་མཁས་བླུན་དབང་རྟུལ་དད་པའི་རྗེས་འབྲངས་རྣམས་དང་། སྤྱི་ཚོགས་དང་བསམ་བློའི་འདུ་ཤེས་ལ་གཞིགས་ཏེ་གཞན་དུ་ཁ་འཕངས་ཏེ་རྩོམ་དགོས་བྱུང་བ་སྟེ། 《སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་རིག་ཁོག་དབུབ》ལས། རྒྱལ་པོའི་བཀའ་བཞིན་བཻ་རོའི་མཁྱེན་དཔྱོད་ཀྱིས་གཞུང་ལུགས་མན་ངག་ཐམས་ཅད་ཀྱི་མཆོག་རབ་དང་ཕུལ་དུ་བྱུང་བའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཞི་ལེགས་པར་བསྒྱུར། ཞེས་གསུངས་པ་ལྟར་ལོ་ཆེན་བཻ་རོ་ཙ་ནའི་ཐབས་ལ་མཁས་པས་ཐུན་མིན་བོན་གྱི་ཐ་སྙད་ཡོད་པ་རྣམས་བན་ཆོས་ཀྱི་ཐ་སྙད་དུ་བསྒྱུར་ནས་གསོ་རིག་འབུམ་བཞི་ལ་དཔལ་ལྡན་རྒྱུད་བཞི་ཞེས་སུ་མཚན་གསོལ་ནས། གཞུང་འདིར་དང་བ་སྐྱེད་པའི་ཕྱིར་དུ་གླེང་གཞི་དང་གླེང་སློང་། ཞུ་བ་དང་ཞུས་ལན་བཅས་པའི་དོན་རྣམས་བཀོད་དེ་ཤྰཀྱ་ཐུབ་པའི་དངོས་ཀྱི་གསུང་ལྟར་བཅོས་ཤིང་གཏན་ལ་ཕབ་ནས་ཕྱི་རབས་རྣམས་ཀྱི་སྙིང་ནོར་དུ་སྤེལ་བ་ཡིན།《བཀའ་ཐང་ཤེལ་བྲག་མའི་ལེའུ་གྱ་བཞི་པ》ལས། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། ཞེས་དང་།《ཐེག་རིམ》་ལས། བདག་འདྲ་བཻ་རོ་ཙ་ན་ཡིས། དཀའ་བ་སྲོག་དང་བསྡོས་ནས་གཡུང་དྲུང་བོན་ཆེན་བསྒྱུར། ཞེས་གསུངས། ཤྰཀྱ་ཐུབ་པའི་བཀའ་དངོས་ཡིན་པ་ལྟར་མ་བྱས་ན་སྐབས་དེར་རྒྱ་བོད་ཀྱི་མཁས་བླུན་བར་མ་དང་བཅས་པ་རྣམས་ཡིད་ཆེས་པར་དཀའ་བ་ཡིན་ཞིང་། དོན་ལ་མི་དཔྱོད་ཚིག་ལ་རྟོག་པ་རྣམས་ཀྱི་ངོར་ཡང་བཀའ་ལྟར་མ་བྱས་ན་མ་འཐུས་པ་ཡིན་པས། སྐྱེ་བོ་མགུ་དཀའ་བ་རྣམས་ཀྱི་བློ་ཁ་དྲང་བར་བྱ་བའི་ཆེད་དུ་བཀོད་དོ། དེའི་རྐྱེན་གྱིས་རིམ་བཞིན་བོད་ཀྱི་ཤེས་རིག་རྣལ་མའི་ལོ་རྒྱུས་ཀྱི་ཁུངས་འདི་རིགས་སྟོར་ལ་ཉེ་བའི་ཚབས་ཆེན་གྱི་ཉེན་ཁ་ཆེན་པོ་འདི་བྱུང་བ་ཡིན། 
          ༢ རྒྱུད་བཞིའི་ལོ་རྒྱུས་དང་རྒྱུད་རིམ། དང་པོ། བཻ་རོ་ཙ་ནའི་ལོ་རྒྱུས་ནི་བོད་ཀྱིས་སད་མི་བདུན་ནམ་བླ་སྨན་བདུན་གྱི་གྲས་ཤིག་ཡིན་ཤིང་། བཻ་རོ་ཙ་ན་ལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གངས་ཅན་ལོ་པཎ་ཡོངས་ཀྱི་གཙུག་རྒྱན་པཎྡི་ཏ་ཆེན་པོ་བཻ་རོ་ཙ་ན་མཆོག་ཞེས་རྙེན་བཀུར་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་ཞུས་ཏེ། ཕྱི་རབས་ནད་པའི་དོན་དུ་གསོ་དཔྱད་ཁྱད་འཕགས་རིན་ཆེན་འཁྲུངས་དཔེ་གསུངས་པར་བསྐུལ་མའང་མཛད། བོན་ཆོས་མཁས་པ་བཻ་རོ་ཙ་ན་མཆོག་གིས་《འཇམ་དབྱངས་སྔོ་འབུམ་མམ་གསོ་དཔྱད་སྔོའི་མན་ངག་སྔོ་འབུམ》ཞེས་པ་སྨན་སྣ་བརྒྱ་དང་བདུན་ཅུ་དོན་བཞི་ཙམ་ཡོད་པ་གསར་དུ་བརྩམས་ནས་རྒྱལ་ཕུལ་བའོ། 《བཻ་རོའི་གསུངས》ལས། ཡབ་ནི་བ་གོར་དོད་དེ་རྒྱལ་བ་དང་། ཡུམ་ནི་སྲན་ཀ་བཟའ་སྒྲོན་མ་ཉིད་གཉིས། སྲས་ནི་བ་གོར་རིན་ཆེན་བློ་གསལ་བཏགས། དང་པོ་ཞང་ཞུང་གཡུང་དྲུང་བོན་ལ་སྤྱད། བར་དུ་རྒྱ་གར་དམ་པའི་ཆོས་སྒོར་ཞུགས། ཐ་མ་བོད་ཀྱི་རྒྱལ་པོའི་མཆོད་གནས་བཀུར། བཻ་རོ་ཙ་ན་བོན་ཆོས་ཕུང་པོར་གྲགས། ཞེས་གསུངས། སྨན་རྫས་ཁག་གཅིག་བོད་ལྗོངས་ཁོ་ནར་མ་གཏོགས་ཡུལ་ལུང་གཞན་པ་གང་ལའང་མེད་པའི་ཁྱད་ཆོས་སྐོར་གསུངས་ཡོད་པའི་འཁྲུངས་དཔེ་དེ་ཉིད་ཐོན་པ་དེས་བོད་ཀྱི་སྨན་རྫས་རིག་པ་སླར་ཡང་འཕེལ་རྒྱས་གསར་པ་ཞིག་ལ་སླེབས་པ་མཚོན་ནོ། དེའི་ཚེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་བཻ་རོས་བསྒྱུར་མཛད་པའི་གསོ་རིག་འབུམ་བཞི་རྩ་བར་བཟུང་ནས། དེའི་ཁར་གཡུ་ཐོག་པ་རང་གི་ཉམས་མྱོང་མན་ངག་གི་སྐོར་བསྣན་ཁ་ཅི་རིགས་ཤིག་གནང་སྟེ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་པ་འདི་ཉིད་སྒྲིག་གནང་མཛད། དེ་ནས་གཡུ་ཐོག་ཆེན་པོ་དགུང་ལོ་ལྔ་བཅུ་ཙམ་བཞེས་པའི་དུས་ཀོང་པོ་སྨན་ལུང་དུ་སྨན་གྱི་སློབ་གྲྭ་བཙུགས། སློབ་མ་སུམ་བརྒྱ་བསྡུས་ཤིང་སློབ་ཡུན་ལོ་བཅུ་གཏན་ལ་འབེབས་གནང་བ་དང་། དེ་རྣམས་ལ་གསོ་རིག་འབུམ་བཞིའི་སྨན་གཞུང་རྩ་བ་དང་། གཡུ་ཐོག་རང་གིས་བརྩམས་པ་གསོ་དཔྱད་མུ་ཏིག་ཕྲེང་བ། མཁས་ཁྱད་ངོ་མཚར་བཞི་སྤྲུགས། ཁྱད་པར་ཟབ་པ་རྣམ་གསུམ། ཡང་སྦས་གབ་པ་བཅོ་བརྒྱད། ཁ་ཐོར་རིན་ཆེན་སྤུངས་པ་སོགས་འཆད་ཁྲིད་རྒྱ་ཆེར་སྤེལ་བའོ། སློབ་མ་སོ་སོའི་སྦྱོང་འབྲས་ཡོན་ཚད་མཐོ་ཤོས་ལ་སྨན་པ་འབུམ་རམས་པ་དང་། འབུམ་རམས་ཞེས་གསོ་རིག་འབུམ་བཞིའི་ཡོན་ཚད་དང་འབྲེལ་བ་ཡོད་པ་སྙམ། སྨན་པ་རབ་འབྱམས་པ། སྨན་པ་དཀའ་བཅུ་པ། སྨན་པ་བསྡུས་ར་བཅས་ལག་རྩལ་ཤེས་ཡོན་གྱི་རིམ་པ་བཞི་ཕྱེས་ནས་ཐུན་མོང་སྤྱིའི་རྩ་འཛུགས་ཅན་གྱི་སློབ་གྲྭ་ཞིག་ཏུ་ཆགས་པ་རེད། འགྲོ་ཕན་ཤིན་ཏུ་ཆེ་བའི་གཡུ་ཐོག་ཡོན་ཏན་མགོན་པོ་མཆོག་ལ་བོད་རྒྱ་ཆེའི་མང་ཚོགས་ཚོས་དད་གུས་ཚད་མེད་ཞུ་བ་དང་། ཕྱོགས་མཚུངས་རྒྱ་བལ་ཧོར་ཡུལ་སོགས་ལ་ཡང་མཚན་སྙན་ཧ་ཅང་ཆེ་བ་ཞིག་བྱུང་ངོ་། 
          གཉིས་པ། རྒྱུད་བཞི་འདི་ཉིད་གཏེར་ལ་སྦས་ཚུལ་ནི། གསོ་རིག་ཁོག་དབུབ་ལས། སློབ་དཔོན་ཆེན་པོས། འཚོ་བའི་སྲོག་སྐྱོབ་བླ་ན་མེད། ཚིག་ཉུང་དོན་གྱི་ཡིན་བཞིན་ནོར་བུ་འདི། ད་ལྟ་སྤེལ་བའི་དུས་ལ་མ་བབ། འདོད་ལྷའི་ཞག་གསུམ་རིང་སྦས་པས། ལེགས་པར་སྲུང་ཤིག ཅེས་ཆོས་སྐྱོངས་ཞང་བློན་རྡོ་རྗེ་བདུད་འདུལ་གཉེར་དུ་གཏད་དེ་བསམ་ཡས་དབུ་རྩེའི་ཀ་བའི་ནང་དུ་སྦས། ཞེས་སྐབས་དེར་བསྒྱུར་ཟིན་པའི་རྒྱུད་བཞི་འདི་ཉིད། གཏེར་དུ་སྦས་དགོས་པའི་རྒྱུ་མཚན་མི་སྣང་ཡང་། འདོད་ལྷའི་ཞག་གསུམ་ཞེས་པ་ནི་ཉུང་མཐར་ཡང་མི་ལོ་བརྒྱ་དང་བཅུ་ལྔ་དགོས་པར་མཛོད་ལས་གསལ་བས་དེའི་ཐད་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་སྙམ། དེ་ཉིད་ལས་ཕྱིས་དུས་ལ་བབ་ཙམ་ན། བཻ་རོའི་ཡང་སྲིད་གྲྭ་མངོན་ཤེས་ཅན་ནམ་མཚན་དངོས་དབང་ཕྱུག་འབར་གྱིས་ཞང་བློན་རྡོ་རྗེ་བདུད་འདུལ་གྱིས་ལུང་བཞིན་རབ་བྱུང་དང་པོའི་ས་སྟ་ལོར་རྒྱུད་བཞི་པོར་གཏེར་ནས་བཏོན། ཞེས་དང་། གསོ་རིག་འབུམ་བཞི་མཇུག་ཏུ་རྟེན་འབྲེལ་འགྲིག་པའི་དུས་སུ་བསམ་ཡས་དབུ་རྩེ་ནས་བན་དྷེ་མི་གསུམ་གྱི་བཏོན། ཞེས་པའི་སྨན་རྒྱུད་དེ་ནི་ལོ་ཆེན་བཻ་རོས་བསྒྱུར་ཟིན་པའི་རྒྱུད་བཞིའི་མ་ཕྱི་འབུམ་བཞི་དང་། རྒྱུད་བཞི་གཉིས་ཀ་ཡོད་མེད་ལ་ད་དུང་དཔྱད་པར་སེམས། གྲྭ་མངོན་ཤེས་ཅན་དབང་ཕྱུག་འབར་བས་བཻ་རོ་ཙ་ན་དང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་གཉིས་ཀྱིས་གཏེར་དུ་སྦས་པ《རྒྱུད་བཞི》དེ་ཉིད་གཏེར་ནས་བཞེས། གནས་བརྟན་དར་མ་གྲགས་དང་། སྟོད་སྟོན་དཀོན་མཆོག་སྐྱབས། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་བར་དུ་ཆིག་བརྒྱུད་ཀྱིས་སྤེལ། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་དགུང་ལོ་བཅུ་གཉིས་སྐབས་སུ་རོག་སྟོན་དཀོན་མཆོག་སྐྱབས་ལས་གསོ་རིག་རྒྱུད་བཞི་ཆ་ཚང་ཞུས། རྒྱུད་བཞི་ལ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས་མཆན་འགྲེལ་གཉིས་མཛད་པ་ལ་གསེར་མཆན་དང་ཟངས་མཆན་གཉིས་བཏབ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་པའམ། དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་ཀུན་གྱི་ཡང་རྩེར་གཟིགས་ནས་གངས་ཅན་གྱི་ལྗོངས་སུ་ལུས་ཅན་ཀུན་གྱི་སྤྱི་ནོར་དུ་སྤེལ་བའོ། །
གཉིས་པ། གསོ་རིག་འབུམ་བཞི་དང་དཔལ་ལྡན་རྒྱུད་བཞི་གཉིས་ཀྱི་ཁྱད་པར།
          གསོ་རིག་འབུམ་བཞི་འདི་གཉིས་ཀྱི་མཐུན་ཕྱོགས་དང་། མི་མཐུན་ཕྱོགས་ལ་ཅུང་ཟད་མཚན་གཞི་ཙམ་ཞིག་ནི། བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གཉིས་པོར་དཔྱད་ན། འབུམ་བཞིའི་ཐོག་མ་རྩ་བ་ཐུགས་འབུམ་ནམ་མཁའ་སྔོན་པོ་དང་རྒྱུད་བཞིའི་ཐོག་མ་མན་ངག་རྩ་བའི་རྒྱུད་གཉིས་ལས། ༡ རྩ་བ་ཐུགས་འབུམ་མཁའ་སྔོན་གྱི་དབུར་ཞང་ཞུང་གི་སྐད་རྣམས་རྩ་རྒྱུད་ལས་རྒྱ་གར་སྐད་དུ་བསྒྱུར་འདུག་ལ། ལེའུ་དང་པོའི་མཆོད་བརྗོད་སྐབས། ཐུགས་རྗེ་འགྲོ་བའི་དོན་མཛད་གཤེན་རབ་མཆོག ཅེས་པ་དང་། ཐུགས་རྗེ་འགྲོ་བའི་དོན་མཛད་བཅོམ་ལྡན་འདས་ཞེས་བསྒྱུར་བ་ཙམ་ལས་གཞན་ཚིག་རྐང་གསུམ་པོ་གཅིག་མཚུངས་སུ་སྣང་ལ། གནས་ཕུན་སུམ་ཚོགས་པ་སྟག་གཟིག་འོལ་མོ་ལུང་རིང་ཞེས་པའི་འོལ་གླིང་གི་ཞིང་བཀོད་རྣམས་མི་འདུག་ཀྱང་། ཕྱོགས་ཀྱི་སྨན་གྱི་ནགས་ཚལ་རྣམས་ཕན་ཚུན་གཅིག་མཚུངས་སུ་འདུག མཚན་ལ་སྟོན་པ་གཤེན་རབ་དང་། བཅོམ་ལྡན་འདས་ཞེས་པ་ཙམ་ལས་ཁྱད་པར་འགའ་མི་སྣང་ཞིང་གཞུང་གི་བསྟན་དོན་རྣམས་ཕན་ཚུན་འདྲ་བ་འདུག ཐུགས་འབུམ་གྱི་ལེའུ་བདུན་པ་འབུམ་བཞིའི་ཆེ་བ་དང་ཡོན་ཏན་བརྗོད་པའི་སྐབས་འདི་རྩ་རྒྱུད་ལ་མི་འདུག་པས་རྩ་རྒྱུད་ལེའུ་དྲུག་དང་། འབུམ་བཞི་ལ་ལེའུ་བདུན་ཡོད་པས་ལེའུ་གཅིག་གི་ཁྱད་ཞུགས་པ་ཙམ་སྣང་། 
          ༢ གསོ་བྱེད་སྨན་འབུམ་དཀར་པོའི་ལེའུ་སོ་གཉིས་པ་དང་། ཕྱི་མ་འཕྲིན་ལས་ཀྱི་རྒྱུད་ལེའུ་ཉེར་བདུན་པར་འདི་གཉིས། ལེའུ་དང་པོའི་སྐབས་ཀྱི་ཞུ་བ་པོའི་མཚན་དང་། ཞུ་ཡུལ་རྣམས་འབུམ་ལས་སྟོན་པ་གཤེན་རབ་དང་དྲང་སྲོང་དཔྱད་བུ་ཁྲི་ཤེས་དང་། སྟག་གཟིག་ཡུལ་སྨན་གྱི་ནགས་ཚལ་ཞེས་པ་དང་། ཕྱི་རྒྱུད་ལས་བཅོམ་ལྡན་འདས་དང་དྲང་སྲོང་རིག་པའི་ཡེ་ཤེས་ཙམ་མ་གཏོགས་འདྲ་ལ། ལེའུ་གཉིས་པའི་སྐབས་གསོ་བྱེད་ཀྱི་གཉེན་པོའི་ཐབས་ལམ་ཟས་སྤྱོད་གཉིས་ཞེས་པ་དེ་མི་མཚུངས་ལ། གསོ་ཚུལ་དགུའི་རྣམས་གྲངས་མཚུངས་ཀྱང་མིང་རྣམས་ཅུང་མི་འདྲ། གསོ་བྱེད་གཉེན་པོ་རྒྱས་པར་བཤད་པའི་སྤྱི་དོན་རྣམས་ཕྱི་མ་རྒྱུད་དུ་བཀོད་མི་འདུག ལེའུ་གཉིས་པར་རེག་པ་རྩ་ལ་བལྟ་བའི་སྐབས་ཀྱི་དུས་བཞི་ཁམས་ལྔའི་ཟླ་བའི་ཉ་སྐར་རྣམས་མི་འདྲ་བར། འདི་ནི་མདོ་དྲི་མེད་ཀྱི་དགོངས་དོན་ལྟར། དཔྱིད་ཟླ་ར་བ་ནི་ཧོར་ཟླ་གཅུ་གཉིས་པར་ངོས་བཟུང་བ་གཞིར་བཞག་རེད་འདུག གཞན་བླ་རྩ་དང་། གདོན་ཆུ་བརྟགས་ཐབས་རྣམས་ཐུན་མིན་གྱི་ཁྱད་པར་འབུམ་ལ་སྣང་། ལེའུ་ཉེར་གཅིག་པ་གཏར་ཁའི་སྐབས། བླ་གནས་བརྩི་བའི་ཚུལ་འདི་ནི་ཕྱི་མ་རྒྱུད་ལས་མི་གསལ། ལེའུ་ཉེར་བརྒྱད་སྐབས་མན་རྒྱུད་ལས་འགོ་ནད་སྲུང་བའི་སྔགས་དང་། གདོན་ནད་སྲུང་བའི་སྔགས་རྣམས་འདུག་ལ། སྨན་འབུམ་ལས་མི་གསལ་བ་ལས་གཞན་རྣམས་ཁ་གསལ་མི་གསལ་གྱི་ཁྱད་པར་ཙམ་ལས་གཞན་འདྲ། ལེའུ་གྲངས་ལ་འབུམ་བཞིའི་ལེའུ་ཉེར་བདུན་གཉེན་པོ་གཅིག་རྒྱུག་དང་། ལེའུ་དང་པོ་གླེང་སློང་བའི་ལེའུ། ལེའུ་ཉེར་བརྒྱད་འགོགས་སྲུང་། ལེའུ་སུམ་ཅུ་རྒྱུད་ཀྱི་ཆེ་བ་བརྗོད་པ། ལེའུ་སོ་གཉིས་པར་འཁོར་གྱི་གཙོ་བོ་བསྟོད་པའི་ལེའུ་བཅས་གྲངས་ལྔ་པོ་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་དུ་མི་སྣང་བས། སྨན་འབུམ་དཀར་པོར་ལེའུ་སོ་གཉིས་དང་རྒྱུད་བཞིའི་ནང་ཕྱི་མ་འཕྲིན་ལས་རྒྱུད་ལ་ལེའུ་ཉེར་བདུན་ཡོད་པས་ལེའུ་ལྔ་ཡི་ཁྱད་ཞུགས་པའོ། །
          ༣ གསོ་ཐབས་དཔྱད་འབུམ་ཁྲ་བོ་ལེའུ་སོ་གཅིག་པ་དང་། བཤད་པ་སྐུ་ཡིས་རྒྱུད་ལེའུ་སོ་གཅིག་པ་གཉིས་ནི། གཞུང་འདི་གཉིས་ཁྱད་པར་དེ་ཙམ་མི་སྣང་བ་བོན་ཞེས་པའི་ཚབ་དུ་ཆོས་བཀོད་པ་ལྟ་བུ་སྣང་། སྨན་རྫས་ཀྱི་རོ་དྲུག་པོའི་ལྕི་སྣུམ་ལ་སོགས་འབྱུང་བའི་རྫས་ཀྱི་ནུས་པ་ཆེ་ཆུང་གི་གོ་རིམ་རྣམས་གཏན་འབེབས་བྱེད་ཐབས་སྐོར་ལ་གཞུང་གཉིས་པོའི་ལྟ་བ་མི་འདྲ་བ་རེ་བྱུང་འདུག་སྟེ། དཔྱད་འབུམ་ཁྲ་བོ་ལས། བསྐ་མངར་ལན་ཚྭ་རྣམས་གསུམ་རིམ་བཞིན་ལྕི། དེ་བཞིན་མངར་སྐྱུར་ལན་ཚྭ་སྣུམ་པ་ཡིན། བསྐ་མངར་ཁ་བསིལ་ཁ་བསྐ་མངར་བ་རྟུལ། སྐྱུར་ཚྭ་ཁ་བ་རྣམས་གསུམ་ཡང་ལ་རྩུབ། སྐྱུར་དང་ལན་ཚྭ་ཚ་གསུམ་ལ་རྣོ། ཅེས་རོ་དྲུག་པོ་སོ་སོའི་ནུས་པ་ལྕི་སྣུམ་གང་ཆེ་གོ་རིམ་འདི་བཞིན་དུ་དཔྱད་བརྗོད་བྱས་ཡོད་པ་དང་། བཤད་རྒྱུད་ལས། ལན་ཚྭ་བསྐ་མངར་རྣམས་གསུམ་རིམ་བཞིན་ལྕི། དེ་བཞིན་ལན་ཚྭ་སྐྱུར་མངར་སྣུམ་པ་ཡིན། བསྐ་ཁ་མངར་བའི་ཁ་བསྐ་མངར་བ་རྟུལ། སྐྱུར་ཚྭ་ཁ་བ་རྣམས་གསུམ་ཡང་ལ་རྩུབ། ཚ་སྐྱུར་ལན་ཚྭ་རྣམས་གསུམ་ཚ་ལ་རྣོ། ཞེས་གསུངས་པས། རིག་པ་འདི་ནི་བོད་ཀྱི་སྨན་རྫས་རིག་པའི་ནུས་པ་བརྟགས་ཐབས་འབྱུང་བཞིའི་ནུས་པའི་སྙིང་པོ་བསྡུས་པ་ཞིག་ཡིན་ནོ། །
          ༤ གསོ་བྱའི་ནད་འབུམ་ནག་པོ་ལེའུ་དགུ་བཅུ་རྩ་བཞི་དང་། མན་ངག་ཡོན་ཏན་གྱི་རྒྱུད་ཀྱི་ལེའུ་དགུ་བཅུ་རྩ་གཉིས་པ་འདི་གཉིས་ལ། གོང་གི་རྒྱུད་གཞན་དང་གཅིག་མཚུངས་ཀྱི་དབུའི་མཚན་དོན་དང་ཞུ་བ་པོ་དང་ཞུ་བའི་ཡུལ་གནས་བཅས་ཀྱི་མཚན་མི་འདྲ་བ་མ་ཟད། གསོ་བྱའི་ནད་འབུམ་ལེའུ་དང་པོའི་སྐབས་སུ་མདོ་གནས་སྐབས་གསུམ་གྱི་མན་ངག་གསུངས་ཞེས་པས། རྩ་བ་ཟབ་རྒྱས་པའི་མདོ། སྡོང་བོ་གཉེན་པ་སྐྱེས་པའི་མདོ། ཡན་ལག་རྒྱས་པར་བྱེད་པའི་མདོ་དང་གསུམ་གྱི་འབྲེལ་བ་རྣམས་མན་ངག་རྒྱུད་ལས་བསྡུས་ཚོམ་ཙམ་ལས་མི་གསལ། ཚིག་སྦྱོར་ལ་ལེའུ་གཉིས་པ་རླུང་ནད་སྐོར་ཕལ་ཆེར་ཚིག་ལྷུག་ཡིན་པ་དང་། གཞན་རྣམས་ཚིག་རྐང་རིང་ཐུང་མ་སྙོམས་ཅི་རིགས་སུ་སྣང་། ནད་འབུམ་ལེའུ་ལྔ་པ་འདུས་བ་ཁྲག་ནད་ཀྱི་ཞེས་པ་དེ། མན་ངག་རྒྱུད་ལས་བད་ཀན་སྨུག་པོ་ཞེས་མིང་མི་འདྲ་བར་བྱུང་བའོ། །ལེའུ་སོ་དྲུག་སྐབས། གག་ལྷོག་འཇོམ་པའི་སྔགས་རྣམས་གཉིས་ཀར་་ཞང་སྐད་དུ་གནས་ཀྱང་སྒོམ་རིམ་ཅུང་གསོ་བྱའི་འབུམ་ལས་རྒྱས་པར་འདུག ལེའུ་ཉེར་དགུའི་སྐབས་སུ་མིག་དབྱེ་བའི་ལག་ལེན་ཁྱད་པར་ཅན་འགའ་གསོ་བྱའི་ནད་འབུམ་ལས་གསལ་བ་ལས་མིག་ནད་ཀྱི་སྔགས་དང་སྦ་བའི་སྔགས་རྣམས་ཞང་ཞུང་སྐད་དུ་གཉིས་ཀར་མཚུངས། གསོ་བྱའི་ནད་འབུམ་ལེའུ་ཞེ་དྲུག་པ་མོ་ནད་གསོ་བ་བསྟན་ཞིང་། མན་རྒྱུད་ལས་ཡི་ག་འཆུས་པའི་ནད་གསོ་བའི་སྐོར་ཡིན་པ་མ་ཟད། འདི་ནས་བཟུང་། ཕན་ཚུན་ལེའུ་གོ་རིམ་མི་མཚུངས་པར་སྣང་། ཡི་ག་འཆུས་པའི་ནད་གསོ་བའི་སྐབས་ཀྱི་སྔགས་རྣམས་ཅུང་མི་འདྲ། གཞན་གསོ་བྱའི་འབུམ་ལེའུ་ང་དགུ་དང་། ང་བདུན་སྐབས་གྱི་སྲིན་བཅོས་དང་ཆུ་འགགས་ནད་གསོ་བའི་སྐོར་གྱི་སྔགས་རྣམས་མཚུངས་པར་གནས། གསོ་བྱའི་ལེའུ་རེ་ལྔ་པ་བྱིས་པའི་ནད་གསོ་བའི་སྐོར་ལ་ཐུན་མིན་གྱི་བྱིས་པའི་སྐྱེས་ཚེས་ཟླ་དུས་ལ། ལྷ་གསོལ་གྱི་གཏང་རག་དང་། གླུད་གཏོང་གི་ཐབས་ཁྱད་པར་ཅན་འགའ་ནི། མན་རྒྱུད་ལས་གསལ་མི་འདུག གསོ་བྱའི་འབུམ་ལེའུ་བརྒྱད་ཅུ་རྩ་དྲུག་གི་གཟའ་བཅོས་ཀྱི་སྔགས་ཡོད་པ་རྣམས་ཞང་སྐད་སྣང་ལ། སྔགས་གསོ་བྱའི་འབུམ་ལས་ཡོད་པ་ཆ་ཚང་མན་རྒྱུད་ལ་མི་འདུག་པ་མ་ཟད། སྐབས་དེར་གཟའ་བཅོས་གཟའ་ནད་སྲུང་བའི་ཡིག་རྒོད་ཞང་ཞུང་སྨར་ཡིག་ཏུ་ཡོད་པ་རྣམས་མན་རྒྱུད་ལ་མི་འདུག གསོ་བྱའི་འབུམ་ལེའུ་གྱ་བདུན་སྐབས། ཞང་ཞུང་སྐད་དུ་ཙཾ་ཙཾ་ཛ་ལའམ། བོད་སྐད་དུ། གདུག་པ་ཀླུ་གདོན་གྱི་ནད་གསོ་བའི་སྐབས་ཀྱི་ཡི་གེ་འབྲུ་ལྔའི་སྔགས་ཞེས་པ་དེ་ཉིད། མན་རྒྱུད་དུ་མེད་པ་མ་ཟད། གསོ་བྱའི་འབུམ་གྱི་ལེའུ་གོ་གཅིག་སྐབས། བཅུད་ལེན་དང་རྒས་པ་གསོ་བའི་སྐོར་གྱི་ཚེ་བཀྲག་བསྐྱེད་བྱེད་ཀྱི་སྔགས་རྣམས། ཞང་སྐད་དང་རྒྱ་གར་གཉིས་ཀྱི་ཁྱད་པར་སྣང་སྟེ། དཔེ་མཚོན་ཙམ་ཞིག་བཀོད་ན། ནད་འབུམ་ལས། ཨ་ཨྭོྃ་ཧྰུྃ། གཡུང་དྲུང་གི་ཚེ་ཡི་ཨ་སྨྲི་ཏ། བ་བྰ་དེ་ན་གུ་རེ་སི་ཏི་ཛ་ཛ། ཞེས་དང་། མན་རྒྱུད་ལས། ཨྭོཾ་བེ་རོ་ཙ་ན་ཨྭོཾ། རདྣ་སམྦྷ་བ། ཨ་མི་ཏ་བྷ་སྲི་ཀརྨ་བཛྲ་ཡ། ཞེས་པ་ལྟ་བུའོ། །ལེའུ་གྲངས་ཅུང་མི་མཐུན་པ་འབུམ་བཞི་གསོ་བྱའི་འབུམ་ལས། ལེའུ་དང་པོ་ཀླད་ཀྱི་དོན་དང་། ལེའི་དགུ་བཅུ་རྩ་བཞི་གཉེར་གཏད་དང་། བསྟོད་པའི་ལེའུ་གཉིས་མན་རྒྱུད་ལ་མི་འདུག་པས། འབུམ་ལས་དགུ་བཅུ་རྩ་བཞི་དང་མན་རྒྱུད་ལ་ལེའུ་དགུ་བཅུ་རྩ་གཉིས་ཀྱི་ཁྱད་པར་བྱུང་བ་བཅས་སོ། །
          གསུམ་པ། འབུམ་རྒྱུད་གཉིས་ལ་ཚད་ལྡན་མཁས་པའི་བཞེད་ཚུལ་དང་ཚད་ལྡན་ཡིག་ཆ་ལ་བརྟེན་ནས་ཁུངས་ལྡན་གཏམ་སྨྲ་བ། རྒྱུད་བཞི་ཤྰཀྱ་ཐུག་པའི་བཀའ་མ་ཡིན་བསྒྲུབ་བྱེད《གསོ་བ་རིག་པའི་རྩོད་སྤང་》ཞེས་པའི་ནང་དུ་རྒྱུད་བཞི་ནི་བོད་རང་གི་ཡུལ་ནས་དར་བར་འདོད་ལ། བཀའ་བསྒྲུབ་ཅེས་རྒྱུད་བཞི་དེ་བཀའ་འགྱུར་གྱི་ཁོངས་སུ་འཇོག་པར་མཛད་མཁན་ལ་སུན་འབྱིན་བྱས་ཡོད། འདིར་བཀའ་བསྒྲུབ་ཅེས་པའི་ལྟ་བ་ཉིད་འགོག་པར་བྱེད་པའི་སྒྲུབ་བྱེད་བཅུ་དྲུག་དཔེ་ཆ་གསོ་བ་རིག་པའི་རྩོད་སྤོང་ནང་དུ་ཡོད་པ་དེ་དག་འདིར་དྲང་།
          ༡ འདི་སྐད་བདག་གིས་བཤད་པ་ཞེས་འབྱུང་བས། ཐོས་པ་འབྱུང་བ་དང་འགལ་ཕྱིར་ཞེས་དང་། 
          ༢ མུ་སྟེགས་འཁོར་དང་བཅས་པ་འབྱུང་ཀྱང་། ཚད་ལྡན་གཞུང་བཟང་མིན། 
          ༣ ལུས་དང་བྱིས་པ་གདོན་ལུས་སྟོད། མཚོན་དང་མཆེ་བ་རྒས་རོ་ཙ་གསོ་དཔྱད་གང་ནའང་། རྒས་པ་ཡན་ལག་བརྒྱད་དུ་དེ་རབ་གྲགས། ཞེས་བཤད་དེ《རྒྱུད་བཞི》ནས་བཤད་པ་ཡི། ལུས་དང་བྱིས་པ་མོ་ནད་གདོན། མཚོན་དུག་རྒས་པ་རོ་ཙ་དང་། ཡན་ལག་བརྒྱད་དུ་བཤད་པར་བྱའོ། ཞེས་བཤད་པ་གཉིས་ཅུང་མི་མཐུན་པས། རྒྱུད་བཞི་བོད་དུ་སྦྱར་བ་ཡིན། 
          ༤ སྲོག་འཛིན་སྤྱི་བོར་གནས། ཁྱབ་བྱེད་སྙིང་ལ་གནས་འདིར་བཤད་དུས་འཁོར་ལ་སོགས་རྒྱུད་སྡེ་དང་འགལ་བས། མི་མཁས་པའི་བོད་དུ་སྦྱར། 
          ༥ རྩ་བའི་རྒྱུད་ལས་ཨ་རུ་ར། རོ་དྲུག་ལྡན་བཤད། གཞན་དུ་ལན་ཚྭའི་རོ་མེད་པར་བཤད་པས་ནང་འགལ་སྐྱོན། 
          ༦ འབྱུང་བ་ཤིང་མེ་ས་ལྕགས་ཆུ། ཞེས་པ་བཤད་པས་ནག་རྩིས་དང་མཐུན། བོད་དུ་བྱས་པའི་བསྟན་བཅོས་ཡིན། 
          ༧ ལོ་མགོ་རྒྱལ་ལ་བྱེད་པའི་ཕྱིར། བོད་ཀྱི་སོ་ནམ་པ་ཡི་ལུགས་དང་མཐུན། བཀའ་དང་བསྟན་བཅོས་ཀུན་དང་མི་མཐུན་པར། བོད་པ་དག་གིས་སྦྱར། 
          ༨ དུས་ལྔའི་ཁ་འཛིན་ལ། བདུན་ཅུ་རྩ་གཉིས་ཤིང་ཁམས་འཆིན་རྩ་རྒྱུ། ཞེས་སོགས་བདུན་ཅུ་ལྔ་ཕྲག་ལྔ་ལ་སུམ་བརྒྱ་དྲུག་ཅུ་ངེས་ཕར་བཤད་པས་ནི། ཚེས་གྲངས་ལྷག་ཆད་ཟླ་ཤོལ་སོགས། མི་འབྱུང་བས་ན་དཀར་རྩིས་ལུགས་དང་འགལ། 
          ༩ ངོས་འཛིན་བོན་དང་མདོས་དང་བསྐྲད་པ་དང་། ཞེས་འབྱུང་མོད་བོན་ཞེས་བྱ་བ་ནི། གསུང་རབ་རྣམས་སུ་སྟོན་པས་མ་གསུངས་ཞིང་། དམ་པའི་ཆོས་དང་ལྟ་སྤྱོད་མི་མཐུན་པས། གཞུང་འདིར་ཁུངས་སུ་འབྱུང་བས་སངས་རྒྱས་ཀྱིས། གསུངས་པའི་བཀའ་ལས་གཞན་དུ་སྨྲ་བ་ཐོས། 
          ༡༠ རྒྱུད་འདིར་ཇ་དང་ཞེས་བཤད་པས། རྒྱ་གར་བ་ལ་ཇ་ཡི་བཤད་པ་མེད། དེའི་ཕྱིར་ན་རྒྱ་གར་ནས་མ་བྱུང་། བཀའ་དང་བསྟན་བཅོས་རྣམས་སུ་ཇ་མ་གྲགས། འདི་ནི་བོད་དུ་སྦྱར། 
          ༡༡ དཀར་ཡོལ་འདིར་བཤད་ཅིང་། རྒྱ་གར་བ་ལ་དཀར་ཡོལ་མེད་པའི་ཕྱིར། རྒྱ་གཞུང་མ་ཡིན་བོད་དུ་བྱས།
          ༡༢ ཆུ་དེ་རུས་སྦལ་གན་སྐྱལ་ཉལ་ཞེས་པ་ནས་བཟུང་ལྷ་འདྲེ་སོ་སོ་ཡི། མིང་དང་གནོད་པའི་ཕྱོགས་སོགས་གསལ་བར་བསྟན། བཀའ་བསྟན་རྣམས་སུ་འདི་ལྟར་མ་བཤད་པས། བོན་དང་ཉེ་བས་བོད་དུ་སྦྱར་བ་འདྲ། 
          ༡༣ ཟས་ཀྱི་མཆོག་ཏུ་ནས་རྙིང་རྩམ་པ་མཆོག ཅེས་བཤད་དེ་ཕྱིར། བོད་དུ་སྦྱར། 
          ༡༤ ང་ནི་བཀའ་བཙན་བྱིན་ཆེ་དར་བ་དང་ཇི་ལྟར་སྨོས་པའི་སྨོན་ལམ་འགྲུབ་འགྱུར་ཅིག ཅེས་པ་ལ་སོགས་པ་སངས་རྒྱས་ཀྱིས་རང་ཉིད་ཀྱི་གསུང་རབ་དར་རྒྱས་སྨོན་ལམ་མི་འདེབས་སོ། 
          ༡༥ འདིའི་ཚིག་དོན་རྟོགས་སླ་བས། རྒྱ་གཞུང་མིན། 
          ༡༦ བཀའ་འགྱུར་བསྟན་འགྱུར་སྔ་ཕྱི་ཡི། ནང་དུ་མ་སྡུས་ཕྱིར་ན་རྒྱ་གཞུང་མིན་ཞེས་པ་བཅས་སོ། །རྒྱུད་བཞི་འདི་་ཉིད་བོད་རང་གིས་ཡུལ་ནས་དར་བར་ངོས་འཛིན་མཛད་མཁན་མཁས་པ་དང་སྒྲུབ་བྱེད་མང་རུང་། མཁས་པ་ཁག་གཅིག་གི་གཡུ་ཐོག་རྙིང་མའི་རྒྱུད་བཞི་རྩོམ་པ་བཞེད་ནའང་། དེ་ལ་ལུང་རིག་གིས་སྒྲུབ་བྱེད་ལས་རྒྱུད་བཞི་གཡུ་ཐོག་རྙིང་མའི་བརྩམས་གནང་མཛད་པ་ཞིག་མ་ཡིན་པ་གསལ་པོར་མཐོང་ཐུབ། དཔེར་ན།《གཡུ་ཐོག་རྙིང་མའི་རྣམ་ཐར》ལས། གཡུ་ཐོག་པ་དགུང་ལོ་སོ་ལྔའི་ཐོག་རྒྱ་གར་ནས་ཕྱིར་འཁོར་དུས་རྒྱལ་པོས་རྒྱུད་བཞི་གཏེར་ནས་འདོན་དགོས་པར་གསུངས་ཀྱང་། གཡུ་ཐོག་པས་བདག་རྒྱ་གར་ལ་ད་དུང་སྐྱར་གཅིག་འགྲོ་བ་དེ་བར་མི་འདོན་ཞུས། ཞེས་དང་། ཡང་དེ་ཉིད་ལས། དགུང་ལོ་ཞེ་ལྔ་བཞེས་དུས་གཏེར་ནས་སྤྱན་དྲངས། དགུང་ལོ་ང་ལྔ་པར་ཀོང་པོ་སྨན་ལུང་དུ་བྱོན་ནས་གསོ་རིག་སློབ་གྲྭ་བཙུགས་ཏེ་སློབ་མ་སུམ་བརྒྱ་ཙམ་ལ་རྒྱུད་བཞི་འཆད་ཉན་བྱས་ཚུལ་བཀོད་གནང་འདུག་པས། གཡུ་ཐོག་རྙིང་མ་ཡང་རྒྱུད་བཞིའི་རྩོམ་པ་པོ་མིན་པ་མ་ཟད། དེའི་གོང་དུ་རྒྱུད་བཞི་གཏེར་དུ་སྦས་ཡོད་པ་གསལ་པོར་བསྟན་འདུག
          ཡང་རྒྱུད་བཞི་ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་བརྩམས་པར་བཤད་ཡང་ལུང་རིགས་ཀྱི་རྒྱུ་མཚན་ཆེར་མ་མཐོང་སྟེ།《གཡུ་ཐོག་གསར་མའི་རྣམ་ཐར》ལས། གཡུ་ཐོག་པ་དགུང་ལོ་བཅུ་གཉིས་ཀྱི་སྐབས་སུ་མང་མཁར་ཚ་ལུང་པ་རོག་སྟོན་དཀོན་མཆོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་དུས། རྟ་སྒ་སྲབ་དང་བཅས་པའི་འབུལ་བ་ཕུལ་ནས་གསོ་རིག་རྒྱུད་བཞི་ཆ་ཚང་ཞུས། ཞེས་དང་། ཡང་དེ་ཉིད་ལས། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་རིག་ཀུན་གྱི་ཡང་རྩེར་གཟིགས་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གསེར་མཆན་དང་ཟངས་མཆན་གཉིས་བཏབ། ཞེས་སོགས་འཁོད་ཡོད་པར་གཞིགས་ན་གཡུ་ཐོག་གསར་མ་རྒྱུད་བཞིའི་རྩོམ་པ་མིན་པ་ཤིན་ཏུ་གསལ། 
          དེང་དུས་མཁས་རློམ་ཁ་ཤས་ཀྱི་འབུམ་བཞི་དང་རྒྱུད་བཞི་གཉིས་ཀའི་ནང་དུ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་ནང་དོན་ཇི་སྙེ་ཅིག་ཡོད་པ་དེས་གཞུང་དེ་གཉིས་ཀ་དུས་རབས་བཅུ་གཅིག་པའི་རྗེས་སུ་བྱུང་བར་ར་སྤྲོད་བྱེད་ནུས་ཞེས་ཁ་མཚོན་མཐོ་པོས་བཤད་ནའང། འབུམ་རྒྱུད་གྱིས་དགོངས་དོན་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལ་ཁྱབ་ཡོད་དང་སྙིང་པོ་བསྡུས་པའི་ནང་དོན་འབུམ་རྒྱུད་གཉིས་ལ་ཁྱབ་ཡོད་དབྱེ་བ་གསལ་པོ་ཕྱེད་ཐུབ་མེད། སྙིང་པོ་བསྡུས་པ་རྩོམ་པོ་དཔལ་ལྡན་ཕ་ཁོལ་ཞེས་པ་དེ་ཡིན་ནའང་། དཔལ་ལྡན་ཕ་ཁོལ་དང་སློབ་དཔོན་དཔའ་བོ་གཅིག་པ་ཡིན་མིན་ཐད། ལ་ལས། དཔལ་ལྡན་ཕ་ཁོལ་དང་། སློབ་དཔོན་དཔའ་བོ་གཅིག་པ་མ་ཡིན་ཏེ། དཔལ་ལྡན་ཕ་ཁོལ་ནི་དུས་ཕྱིས་བྱུང་བའི་སྨན་པ་མཁས་པ་ཞིག་ཡིན་ལ། སློབ་དཔོན་དཔའ་བོ་ནི་སྔར་བྱོན་པའི་པཎྡི་ཏ་ཞིག་ཡིན་པའི་ཕྱིར། ཞེས་གསུངས་པས་དཔྱད་པར་བྱའོ། དེ་ཡང་ ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རང་འགྲེལ་ཞེས་པ་དུས་རབས་བཅུ་གཅིག་པའི་སྔོན་དུ་ཡོད་ཚུལ། གསོ་རིག་གཏམ་གླེང་ཞིག་གི་སྐབས་གསུངས་པས་འགྲེལ་བ་ཡོད་ན་རྩ་བ་ཡོད་པ་ཟུར་ལྟས་ལེབ་མཐོང་རེད་དོ་སྙམ། འགྲེལ་བ་ནི་རྩ་དོན་གོ་སླ་བའམ་གསལ་དུ་གཏོང་བའི་ཚིག་གོ། ཕ་ཁོལ་བ་དུས་རབས་བདུན་པའི་ནང་རྒྱུད་བཞིའི་རྒྱུད་རིམ་བླ་མ་གཅིག་ཡིན་ཚུལ་ཡང་བསྟན། ད་ལྟ་མཐོང་རྒྱུ་ཡོད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་པའི་ནང་ལ། བརྗོད་བྱའི་ནང་དོན་ནི་ཕལ་ཆེར་འབུམ་རྒྱུད་དང་གཅིག་མཚུངས་རེད་འདུག འོན་ཀྱང་ཡ་མཚན་ཞིག་ལ་སྙིང་པོ་བསྡུས་པ་རྒྱ་དཔེ་ཡིན་ན་ཞང་བོད་ཁོ་ནར་མ་གཏོགས་མེད་པའི་རི་དྭགས་དང་སྨན་རྩ་ཞང་སྐད་སོགས་ཡོངས་སུ་འདུག་པས། དེ་ནི་མི་རྣམས་ཀྱིས་གོ་བ་ལོན་ཐབས་བྲལ་བ་ཞིག་རེད་འདུག་སྙམ། ད་དུང་དཔེར་ན་ནས་ནི་རྩུབ་བསིལ་ལྕི་ལ་མངར། ནས་ཚིག་འཁུས་པའི་ལན་ཚྭ་ནི། ནས་དང་བག་ཕྱེའི་གཡོས་བྱས་ཟོས། གྲོ་དང་ནས་ནི་མངར་བ་དང་། ནས་རྙིང་། ནས་ཐུག ནས་ཆང་། ནས་ཀྱི་ཚད་ཙམ་ཞེས་སྙིང་པོ་བསྡུས་པ་ལས་འཁོད་པར་ལྟར་ན་རྒྱ་གར་བ་རྣམས་ནས་ཀྱི་ལུང་པ་ཡིན་པ་སེམས། རྣམ་ཀུན་ཉི་མ་ལ་མི་བལྟ། ཉི་མའི་འོད་ལ་རན་འདེ། ས་ཁང་ཁང་པ་ཉིས་རིམ་བྱས། མདག་མེའི་དྲོད་ཀྱིས་བསྲོས། བལ་གོས་པགས་པ་དྲོ། རྟིང་པར་མེ་བཙའ་གདབ་པ་བསྔགས། དེ་ཚེ་ལྷག་པར་གྲང་བ་དང་སོགས་འབུམ་རྒྱུད་གཉིས་ནང་ཞང་བོད་ས་མཐོའི་ཁྱད་ཆོས་ཡོད་པ་དེ་དག་ཆ་ཚང་བར་སྙིང་པོ་བསྡུས་པ་ཞེས་པའི་གཞུང་དེའི་ནང་རང་ཆས་སུ་འཁོད་འདུག འབུམ་རྒྱུད་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་བར་བསྡུར་བ་བྱེད་སྐབས། ཞང་བོད་ཐ་སྙད་བླ་མཐུ་ཉམས། རླུང་ལྔ་། ཀླད་པ་ན་བ། གསོད་ས་འབྲོག་སྟོང་ཁང་སྟོང་། ཤ་བ་དགོ་བ་ཀུ་རང་རྐྱང་། སླེ་ཏྲེ། གུ་གུལ། སྤང་སྤོས། བོང་ང་དཀར། གུར་གུམ་གླ་རྩི་བཅས་འབུམ་རྒྱུད་ཁྱོན་ཡོངས་ཀྱི་རྒྱ་ཆ་ཉི་ཤུ་ཡན་འབུམ་བཞི་དང་གཅིག་མཚུངས་རེད་འདུག་པས། འབུམ་རྒྱུད་གཉིས་པོ་དུས་རབས་བཅུ་གཅིག་པའི་སྔོན་ལ་མེད་ཟེར་ནས་སྨྲ་བའི་སྤོབས་པ་མེད་དོ། ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་འདི་ནི། དཔལ་ལྡན་ཕ་ཁོལ་བའི་སྙིང་པོ་བསྡུས་པ་དང་རྒྱུད་བཞི་གཉིས་ཟུང་འབྲེལ་བྱས་ནས་ལོ་ཆེན་རིན་བཟང་པོས་བསྒྲིགས་པ་ཡིན་པར་ཁོ་བོས་སེམས། མདོར་ན་གོང་གསལ་གྱི་ཁྱད་ཆོས་དང་། སྨན་མིང་དེ་དང་དེ་དག་ལ་སོགས་པའི་རྒྱུ་མཚན་མང་དག་ཅིག་མཐོང་བར་བརྟེན། ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པའི་སྙིང་པོ་བསྡུས་པ་ཞེས་པ་དེ། དཔལ་ལྡན་ཕ་ཁོལ་བའི་བརྩམས་པའི་སྙིང་པོ་བསྡུས་པ་དངོས་དེ་མིན་པར་ཐེ་ཚོམ་མེད་དོ་སྙམ། དེའི་སྐོར་ལ་གསོ་དཔྱད་སྨྲ་བ་རྣམས་ཀྱིས་དཔྱད་བརྩམ་དང་ཞིབ་འཇུག་ཡོད་པར་མཁྱཻན། །
                                                                                           འཛམ་གླིང་གསོ་དཔྱད་བདག་པོ་གཤེན་རབ་ཀྱི། ། 
                                                                                           ཐེག་དགུ་དང་པོ་གསོ་རིག་འབུམ་བཞི་ཡི། ། 
                                                                                           ལོ་རྒྱུས་ཚུལ་བཞིན་རྟོགས་པའི་བློ་ཕྲ་ཡང་། ། 
                                                                                           བཀའ་ལུང་ལ་བརྟེན་དངོས་གསལ་ལམ་སྒྲོན་སྤེལ། ། 
                                                                                           དགེ་དེས་བདེ་ལེགས་འབྱུང་གནས་གསོ་རིག་བསྟན། ། 
                                                                                           ཕྱོགས་དུས་ཀུན་ཏུ་དར་ཞིང་སྲིད་མཐའི་བར། ། 
                                                                                           མི་ནུབ་རྒྱལ་མཚན་ལྟར་དུ་རབ་བརྟན་ནས། །
                                                                                           ནད་ཀྱི་གཡུལ་ངོའི་དགྲ་ལས་རྒྱལ་གྱུར་ཅིག །