སྤྱི་ཚེས6ཉིན་གྱི་ཕྱི་དྲོ། བོད་ལྗོངས་ཀྱི་སྨན་སྤྱོད་ཁ་ཐུམ་བཟོ་གྲྭ་ཐོག་མ་དེས་དངོས་སུ་ཁ་རས་ཐོན་སྐྱེད་བྱེད་འགོ་བཙུགས་ཏེ། བོད་ལྗོངས་སྨན་སྤྱོད་དངོས་ཟོག་ཐོན་སྐྱེད་ཐད་ཀྱི་སྟོང་ཆ་བསྐངས་པ་རེད།
རིམས་འགོག་དངོས་ཟོག་གལ་ཆེན་ཞིག་གི་ངོས་ནས་མང་ཚོགས་ཚོའི་ཁ་རས་དགོས་མཁོ་ཤིན་ཏུ་ཆེ་བས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། བོད་ལྗོངས་བོད་སྨན་བདུད་རྩི་རྟགས་ཅན་ཐོན་ལས་མཉམ་སྡེབ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་མཁན་པ་དཀར་པོ་འཕྲོད་བསྟེན་མཁོ་ཆས་ཚད་ཡོད་ཀུང་སི། བོད་ལྗོངས་ནམ་གནས་ཚེ་སྲོག་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཁེ་ལས་གསུམ་གྱིས་མཉམ་འབྲེལ་ཐོག བོད་ལྗོངས་སུ་སྨན་བཅོས་ཡོ་བྱད་ཐོན་སྐྱེད་ཁེ་ལས་དེ་བཙུགས་པ་རེད།
སྤྱི་ཟླ2པའི་ཚེས7ཉིན། ཁ་ཐུམ་བཟོ་གྲྭ་གྲབས་འཛུགས་ཀྱི་ལས་འགན་དཀྲིས་རྗེས་ཁེ་ལས་གསུམ་པོས་འཕྲལ་མར་བཟོ་གྲྭ་འཛུགས་སྐྲུན་གྱི་ལས་ཀ་ཚ་ཚ་འུར་འུར་སྤེལ་ཞིང་། སྒྲིག་བཀོད་གྲབས་སྡུད་ནུས་ལྡན་དང་མགྱོགས་པོ་བྱས་ཏེ་ཐོན་སྐྱེད་ཐུབ་པ་བྱ་ཆེད། འབྲེལ་ཡོད་མི་སྣས་ཉིན་མཚན་ལྟོས་མེད་ངང་དངོས་ཟོག་ཉོ་སྒྲུབ་ལས་དོན་སྤེལ་བ་དང་། སྤྱི་ཟླ3པའི་ཚེས31ཉིན། ཁ་ཐུམ་ཐོན་སྐྱེད་སྒྲིག་ཆས་ཐོག་མ་དེ་ལྷ་སར་བདེ་བླག་ངང་འབྱོར་ནས་འཕྲལ་མར་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་ཐོན་སྐྱེད་ཚོད་ལྟ་བྱས་པ་རེད། དེ་དང་དུས་མཚུངས་ལག་རྩལ་ཚན་པས་ཀྱང་དུས་ཐོག་ཏུ་དེའི་ནང་ཞུགས་ཏེ་ཁ་ཐུམ་གྱི་ཚད་གཞི་ལོན་རྒྱུར་ལག་རྩལ་གྱི་འགན་སྲུང་བྱས་པ་རེད། སྤྱི་ཟླ4པའི་ཚེས6ཉིན། ཁ་ཐུམ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ཉིན་རེར་ཁ་ཐུམ་ཁྲི་ཚོ་བརྒྱ་ཐོན་སྐྱེད་བྱེད་རྒྱུ་ཡིན་ཞིང་། སྨན་རྫས་ལྟ་སྡོམ་ཚན་པས་ཞིབ་བཤེར་ཚད་ལེན་བྱས་ནས་ཚད་གཞི་ལོན་རྗེས་དངོས་སུ་ཁྲོམ་རར་མཁོ་འདོན་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།