ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

གཞིས་རྩེ་གྲོང་ཁྱེར་གྱིས་སྨན་རྫས་སྐྱེལ་བའི་བགྲོད་ལམ་ཤར་གཏོང་བྱས་པ།

སྤེལ་དུས 2022-08-16 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  སྨན་རྫས་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཐ་ན་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་མང་ཚོགས་ཀྱི་གཞི་རྩའི་སྨན་སྤྱོད་པའི་དགོས་མཁོ་སྐོང་ཐུབ་མིན་དེ་གལ་འགངས་ཤིན་ཏུ་ཆེ་བའི་གནད་དོན་ཞིག་རེད།
  ཟླ་8ཚེས་10ཉིན། གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་གྲོང་ཁུལ་གྱི་རྒྱུན་སྤྱོད་སྨན་རྫས་ཉོ་སྒྲུབ་ཐབས་ལམ་དང་། འབྲེལ་གཏུག་བྱེད་སྟངས་ཁྱབ་བསྒྲགས་བྱས་པས་རྒྱ་ཆེའི་གྲོང་མིས་ཁ་པར་བརྒྱབ་ནས་སྨན་རྫས་མངགས་ཉོ་བྱེད་ཆོག་གི་ཡོད། དེ་རྗེས་གཞིས་རྩེར“སྲོག་སྐྱོབ་སྨན་རྫས”བདེ་བླག་ངང་ནད་པའི་ལག་ཏུ་བསྐྱལ་བ་སོགས་ཀྱི་གཅེས་སེམས་བརྒྱུད་སྤྲོད་ཀྱི་གཏམ་རྒྱུད་ཡང་ཡང་གྲགས་འོང་།
  “ངས་གྲོང་ཁྱེར་འདིར་རང་ཉིད་ཀྱི་ནུས་པ་འདོན་འདོད་ཡོད”ཅེས་མྱུར་སྐྱེལ་པ་ཀྲང་ཐའོ་ཡིས་རིམས་ནད་སྔོན་འགོག་གི་དང་བླངས་པ་བྱས་ཏེ་དགོས་མཁོ་ཡོད་པའི་མང་ཚོགས་ལ་དུས་ཐོག་ཏུ་སྨན་སྐྱེལ་གྱི་ཡོད་པ་རེད།
  མིག་སྔར། གཞིས་རྩེ་གྲོང་ཁྱེར་དུ་ཀྲང་ཐའོ་ལྟ་བུའི་མྱུར་སྐྱེལ་བའི་དང་བླངས་པ་ཁྱོན་བསྡོམས་27ཡོད་པ་དང་། དེ་དག་ནི་ཧྲུན་ཕུང་དང་། སྦྲག་སྲིད། ཅི་ཐུའུ། ཅིང་ཏུང་། ཡོན་ཐུང་སོགས་མྱུར་སྐྱེལ་ཁེ་ལས་ནས་ཡིན་པ་རེད། ཟླ་8ཚེས་11ཉིན་ནས་བཟུང་། ཁོང་ཚོས་རེས་མོས་བྱས་ནས་བཀའ་སྒུག་པ་དང་གཞིས་རྩེ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱིས་ཆེད་མི་མངགས་གཏོང་བྱས་ཏེ། ས་གནས་ས་ཐོག་ཏུ་བཀོད་འདོམས་བཀོད་གཏོང་བྱས་ནས་ཉིན་མཚན་དབྱེར་མེད་ངང་གྲོང་ཁུལ་གྱི་དགོས་མཁོ་ཡོད་པའི་གྲོང་མིར་སྨན་དང་མ་བུའི་མཁོ་ཆས་སོགས་འཚོ་བའི་དངོས་ཟོག་སྐྱེལ་གྱི་ཡོད།
  གཞིས་རྩེ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱི་འགན་འཁུར་བ་ཧོང་ཤུན་ཀང་གིས། གསར་འགོད་པར་རིམས་ནད་ཐོན་རིང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དངོས་ཟོག་ཉོ་སྒྲུབ་དཀའ་བའི་དངོས་ཡོད་དཀའ་ངལ་ལ་དམིགས་ཏེ། སྦྲག་སྲིད་དོ་དམ་ཅུས་སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱི་གཙོ་གཉེར་སྡེ་ཚན་ཞིག་ཡིན་པའི་ངོས་ནས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་རིགས་ཧྲིལ་པོར་དང་བླངས་ཞབས་ཞུ་རུ་ཁག་འཛུགས་རྒྱུའི་འབོད་སྐུལ་བྱས་ཡོད། མྱུར་སྐྱེལ་ཁེ་ལས་ཀྱིས་དང་ལེན་ཧུར་ཐག་བྱས་ཏེ། མིང་ཐོ་བཀོད་པ་དང་དེའི་ནང་ཞུགས་པ་བཅས་བྱས་ཡོད་ཅེས་བཤད།
  ཧོང་ཤུན་ཀང་གིས་རིམས་ནད་མ་མཆེད་ནན་འགོག་བྱ་ཆེད། དང་བླངས་པ་ཚང་མ་ངེས་པར་དུ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐེངས་གསུམ་པ་བརྒྱབ་ཡོད་པ་དང་། དུས་བཀག་ལྟར་ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང་། གདུབ་ཟུམ་དོ་དམ་དང་ལེན་བྱེད་པ། དངོས་ཟོག་སྐྱེལ་སྐབས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་འགོག་སྲུང་གི་བྱ་ཐབས་ཡག་པོ་སྤྱོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
  བོད་ལྗོངས་ཤུས་ཁང་སྨན་རྫས་ཚད་ཡོད་ཀུང་སི་ནི་གཞིས་རྩེ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་གཏན་འཁེལ་བྱས་པའི་དངོས་ཟོག་མཁོ་འདོན་ཀུང་སིའི་གྲས་ཤིག་རེད། གསར་འགོད་པས་མཐོང་གསལ་ཀུང་སི་དེའི་ནང་ལས་དོན་མི་སྣ་26གི་ལས་བགོས་ཁ་གསལ་པོ་ཡོད་པ་སྟེ། ཐད་སྦྲེལ་ཁ་པར་ཉན་པ་དང་། ཐོ་འགོད་པ། སྨན་ལེན་པ། ཐུམ་རྒྱག་པ། གསལ་ཐོ་འགོད་པ་སོགས་ཀྱི་བརྒྱུད་རིམ་ཚང་མ་གོ་རིམ་དང་ལྡན་པ་ཡོད། སྨན་པ་ཆིའུ་ཀྲེང་ཆིན་ཁ་པར་ལེན་མཁན་ཞིག་ཡིན་པའི་ངོས་ནས་ཁ་པར་གཅིག་རྗེས་གཉིས་མཐུད་ངང་ལེན་བཞིན་ཡོད། ཁ་པར་ལེན་ཐེངས་རེར་ཁོང་གིས་ནད་པའི་ནད་རྟགས་དང་། རེ་འདུན། སྡོད་གནས། འབྲེལ་གཏུག་ཁ་པར་སོགས་ཀྱི་ཆ་འཕྲིན་ཞིབ་ཕྲ་དྲིས་ཏེ་ཐོ་འགོད་བྱེད་བཞིན་ཡོད། “ཟླ་8ཚེས་11ཉིན་སྨན་ཐེངས་200བསྐུར་བར་སྨན་སྣ་ཁག་261ཡོད”ཅེས་ཀུང་སི་དེའི་འགན་འཁུར་བ་ཧྥུའུ་ཞང་གིས“ཁ་པར་ལེན་མཁན་ལ་ཆུ་འཐུང་བའི་ཁོམ་པ་ཡང་མེད”ཅེས་གསར་འགོད་པར་བཤད།
  ཟླ་8ཚེས་11ཉིན་གྱི་ཆུ་ཚོད་10དང་སྐར་མ་50ཡི་ཐོག བོད་ལྗོངས་ཤུས་ཁང་སྨན་རྫས་ཚད་ཡོད་ཀུང་སིའི་ཁ་པར་ལེན་མཁན་ལ་རྒྱ་མཚོ་གཞུང་ཤང་ཚོ་གཞུང་གྲོང་ཚོའི་སྐུ་ཞབས་ཀྲོའུ་ལགས་ཀྱི་ཁྲག་ཤེད་གཅོག་པའི་སྨན་གང་མགྱོགས་སྐྱེལ་རོགས་ཞེས་པའི་ཁ་པར་ཞིག་འབྱོར། ཀུང་སི་དེས་འཕྲལ་དུ་སྨན་གྲ་སྒྲིག་བྱས་ཡོད་མོད། འོན་ཀྱང་རྒྱ་མཚོ་གཞུང་ཤང་ཚུ་གཞུང་གྲོང་ཚོ་དང་བར་ཐག་ཅུང་རིང་བས་སྨན་སྐྱེལ་གློག་སྒུལ་སྦག་སྦག་གིས་སྐྱེལ་ཐབས་བྲལ་བ་ཤེས་རྟོགས་བྱུང་རྗེས། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་མི་སྣས་འཕྲལ་དུ་ཕྱོགས་མང་མཐུན་སྦྱོར་དང་འབྲེལ་གཏུག་ཧུར་ཐག་བརྒྱུད་རླངས་འཁོར་དང་མི་སྣ་བཀོད་སྒྲིག་བྱས་ཏེ་སྒོ་རྩར་སྨན་སྐྱེལ་བར་བཏང་ཡོད། ཁྲག་ཤེད་གཅོག་པའི་སྨན་དུས་ཐོག་ཏུ་འབྱོར་སྟབས་སྐུ་ཞབས་ཀྲོའུ་ལགས་ཀྱིས་དགའ་ཚོར་ཆེན་པོས“ཐུགས་རྗེ་ཆེ། ཁྱེད་ཚོ་སྐུ་ལས་ཁག་སོང”ཞེས་ཡང་ཡང་ཞུས་པ་རེད།
  དེ་ལྟར“རྒྱུག་མཐུད་འགྲན་བསྡུར”རེ་རེ་ལས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྔར་བས་སྐུལ་འདེད་ཐེབས་པ་དང་ཕན་ཚུན་ལྟ་སྐྱོང་ལ་སྔར་བས་དྲོ་སྐྱིད་དང་ལྡན་པར་བྱས་ཡོད། །