ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

རང་རྒྱལ་གྱི་རིམས་འགོག་སྨན་ཁབ་ལྟ་འདོམས་མ་ལག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རེས་སྐོར་གསར་པའི་ཚོད་སྐོར་གྱི་ཚད་གཞི་ལོན་པ།

སྤེལ་དུས 2022-08-26 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  པེ་ཅིང་གི་དུས་ཚོད་ཚེས་23ཉིན་གྱི་དགོང་མོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོའི་རིམས་འགོག་སྨན་ཁབ་རྒྱལ་ཁབ་ལྟ་འདོམས་མ་ལག་གི་ཚོད་སྐོར་གྱི་ཚད་གཞི་ལོན་འདུག་ཅེས་ཁྱབ་བསྒྲགས་བྱས་པ་རེད།
  རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། རང་རྒྱལ་གྱི་རིམས་འགོག་སྨན་ཁབ་ཀྱི་ལྟ་འདོམས་མ་ལག་ལ་2011ལོ་དང་2014ལོར་སྔ་རྗེས་སུ་ཚོད་སྐོར་གྱི་ཚད་གཞི་ཐེངས་གཉིས་ལོན་པ་དང་། 2022ལོའི་ཟླ་7པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་སྐོར་གྱི་ཚད་གཞི་རིམ་སྤོར་བྱས་རྗེས་ཀྱི་རེས་སྐོར་གསར་པའི་ཕྱོགས་ཡོངས་ཀྱི་ཚོད་སྐོར་བྱས་ཡོད།
  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་འགོག་སྨན་ཁབ་ཀྱི་རྒྱལ་ཁབ་ཀྱི་ལྟ་འདོམས་མ་ལག་ལ་ཚོད་སྐོར་བྱས་པ་དེ་ནི་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པ་དང་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་ཀྱི་ལྟ་འདོམས་ཆུ་ཚད་ལ་ཚན་རིག་དང་མཐུན་ལ་ཕྱོགས་ཡོངས་ནས་ཚོད་སྐོར་བྱེད་པའི་རྒྱལ་སྤྱིའི་དཔྱད་ཞིབ་ཅིག་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་འགོག་སྨན་ཁབ་ཀྱི་ལྟ་འདོམས་མ་ལག་ལ་ཚོད་སྐོར་བྱ་རྒྱུ་དེ་རྒྱལ་ཁབ་དེ་གའི་རིམས་འགོག་སྨན་ཁབ་ཀྱི་ཐོན་རྫས་ཉོ་སྒྲུབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ལ་བརྩིས་པ་སྟེ། རྒྱལ་ཁབ་ཀྱི་ལྟ་འདོམས་མ་ལག་གི་ཚོད་སྐོར་གྱི་ཚད་གཞི་ལོན་རྗེས་རྒྱལ་ཁབ་དེ་གའི་ཁེ་ལས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་འགོག་སྨན་ཁབ་ཀྱི་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་རེ་ཞུ་བྱེད་ཆོག་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཉོ་སྒྲུབ་གསལ་ཐོའི་ནང་འཇུག་ཐུབ། གཞན་ཡང་ཚོད་སྐོར་གྱི་ཚད་གཞི་ལོན་པ་དེའང་རྒྱལ་ཁབ་གཞན་དག་གིས་རྒྱལ་ཁབ་གཞན་གྱི་རིམས་འགོག་སྨན་ཁབ་ཀྱི་ཐོན་རྫས་ཐོ་འགོད་དང་ཉོ་སྒྲུབ་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཀྱང་རེད།
  རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོང་ཀོ་ཡིས། ད་རེས་རང་རྒྱལ་གྱི་རིམས་འགོག་སྨན་ཁབ་ཀྱི་ལྟ་འདོམས་མ་ལག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚོད་སྐོར་གྱི་ཚད་གཞི་ལོན་པ་དེས་རང་རྒྱལ་གྱི་རིམས་འགོག་སྨན་ཁབ་ཀྱི་ལྟ་འདོམས་མ་ལག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚད་གཞི་གསར་པ་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་དཔེ་བསྡུར་བྱས་ནས་རྒྱུན་མཐུད་ཤུགས་སྣོན་དང་ལེགས་སུ་གཏོང་བ་གསལ་བཤད་བྱེད་ཐུབ། དེ་ལས་ཀྱང་རང་རྒྱལ་གྱི་རིམས་འགོག་སྨན་ཁབ་རྒྱལ་ཁབ་ཀྱི་སྒོ་མོ་ནས་ཐོན་རྒྱུར་ཆ་རྐྱེན་བཟང་པོ་བཏོད་ཡོད། སླད་ཕྱིན་རང་རྒྱལ་གྱིས་གོ་ལ་ཧྲིལ་པོ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་ཀྱི་ཁྱབ་ནུས་དང་ཐེག་ནུས་ལ་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།