ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

སྨན་བཅོས་འགོག་ཟོན་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།

ལོ་བཅུའི་རིང་རང་རྒྱལ་གྱི་ཡུལ་ནད་འགོག་བཅོས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

སྤེལ་དུས 2022-09-19 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ཡུལ་ནད་རིགས་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཐོབ་པའི་དགེ་མཚན་ལྡན་པའི་ཕན་འབྲས་ངོ་སྤྲོད་བྱས་པ་རེད།
  ཡུལ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ།
  《བདེ་ཐང་ཀྲུང་གོའི་བྱ་སྤྱོད(2019ལོ་ནས་2030ལོ་བར)》ནང་འགོས་ནད་དང་ཡུལ་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་བྱ་སྤྱོད་ཁག་15ཡི་གྲས་སུ་བཅུག་པ་དང་འབྲེལ། “ཡུལ་ནད་སོགས་ཀྱི་གནད་དོན་ལ་སྣང་ཆུང་བྱེད་མི་རུང”ཞེས་ཁ་གསལ་བཏོན་པ་རེད།
  “རང་རྒྱལ་ནི་ཡུལ་ནད་ཀྱི་གནོད་འཚེ་ཕོག་ཚབས་ཅུང་ཆེ་བའི་རྒྱལ་ཁབ་ཅིག་ཡིན” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་ཡུལ་ནད་འགོག་བཅོས་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྔོན་འགོག་གཙོ་བོ་དང་། འགོག་བཅོས་ཟུང་འབྲེལ། རིགས་དབྱེ་མཛུབ་ཁྲིད། ཞིང་ཆེན་དབྱེ་ནས་སྐུལ་འདེད་བཅས་ཡུལ་ནད་འགོག་བཅོས་ལས་དོན་སྤེལ་ཐབས་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཡུལ་ནད་གཙོ་རིགས་ཀྱི་གནོད་འཚེ་ནུས་ལྡན་ངང་ཚོད་འཛིན་དང་མེད་པ་བཟོ་རྒྱུར་ཀྲུང་གོའི་བློ་གྲོས་དང་ཇུས་གཞི་བཏོད་ཡོད་ཅེས་རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་ཕྱོགས་བསྡུས་སིའི་རིམ་པ་དང་པོའི་སྐོར་གཟིགས་པ་ཞུང་ཧོང་གིས་ངོ་སྤྲོད་བྱས་པ་རེད།
  ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ་ནི་ཡུལ་ནད་འགོག་བཅོས་ལས་དོན་གྱི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་གལ་ཆེན་ཞིག་ཡིན། ཞུང་ཧོང་གིས་མིག་སྔར་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་ནད་ཡོད་ཁུལ་གྱི་རྫོང་ཚང་མར་ལྟ་ཞིབ་ཚད་ལེན་དྲ་མིག་བཙུགས་ཡོད། རྒྱལ་ཡོངས་ཀྱི་རྫོང་རིམ་པའི་ཚོད་ལྟ་ཁང་2562ཀྱིས་གཅིན་ཏེན་བརྟག་དཔྱད་ཐུབ་པ་དང་། རྫོང་1523ལ་ཨོལ་གོང་གཤེར་རྨེན་གྱི་Bསྒྲ་རླབས་བརྟག་དཔྱད་ནུས་པ་ལྡན་པ། ཡུལ་ནད་སྣ་ཚོགས་ཚོད་ལྟ་ཁང་གི་བརྟག་དཔྱད་དང་སྨན་བཅོས་བརྟག་དཔྱད་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ་ནས་ནད་རིགས་འགོག་བཅོས་བྱེད་ཐབས་དུས་ཐོག་ཏུ་འདོན་པ་དང་ལེགས་སྒྲིག་བྱ་ཆེད་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།
  ཡུལ་ནད་གཙོ་རིགས་འགོག་བཅོས་མ་དངུལ་དང་སྲིད་ཇུས་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།
  ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཡུལ་ནད་འགོག་བཅོས་ལས་དོན་ལ་གྲུབ་འབྲས་ཐོབ་པ་དེ་འགོག་བཅོས་ཀྱི་གཙོ་གནད་ལ་མུ་མཐུད་དམིགས་པ་དང་ཡུལ་ནད་གཙོ་རིགས་འགོག་བཅོས་མ་དངུལ་དང་སྲིད་ཇུས་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་ཁ་འབྲལ་ཐབས་མེད།
  དེ་སྔ་རང་རྒྱལ་ནུབ་རྒྱུད་ཀྱི་ཞིང་ཆེན་མང་པོར་ཏེན་རྒྱུ་མི་འདང་བའི་ནད་ཀྱིས་མནར་ཡོད། ཉེ་བའི་ལོ་བཅུའི་རིང་རང་རྒྱལ་དུ་ཏེན་རྒྱུ་མི་འདང་བའི་ནད་ཐོན་མེད། རྒྱལ་ཡོངས་ཀྱི་ཡུལ་ནད་འགོག་བཅོས་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་སུན་ཏེན་ཅུན་གྱིས་དབྱེ་ཞིབ་བྱས་པར་གཞིགས་ན། གྲུབ་འབྲས་དེ་ལྟར་ཐོབ་དོན་ནི་རང་རྒྱལ་གྱིས་ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཏེན་རྒྱུ་གསབ་པའི་ལས་ཀའི་བྱེད་ཐབས་ཁྱབ་གདལ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་ལས་བྱུང་བ་ཞིག་རེད། རང་རྒྱལ་གྱིས་སྒོར་ཁྲི་6000ལྷག་བཏང་ནས་ཏེན་རྒྱུ་མི་འདང་བའི་ནད་གཞི་ལྕི་པོ་ཕོག་ཁུལ་གྱི་མང་ཚོགས་ལ་རིན་མེད་དུ་ཏེན་ཚྭ་སྤྲད་པའམ་ཡང་ན་བུ་བཙའི་ལོ་ཚད་ལོན་པའི་བུད་མེད་ལ་ཏེན་སྣུམ་རིལ་བུ་སྤྲད་ཡོད།
  གྲུམ་བུ་ཚིགས་ཆེན་ནད་གཙོ་བོ་བྱིས་པར་ཕོག་གི་ཡོད་པ་དང་དྲག་སྐྱེད་ཁག་པོ་ཡོད། བརྟག་དཔྱད་ལས་མངོན་གསལ། མིག་སྔར་རང་རྒྱལ་དུ་གཞི་རྩའི་ཆ་ནས་གྲུམ་བུ་ཚིགས་ཆེན་གྱི་ནད་གཞི་གསར་པ་ཐོན་མེད་ཅིང་། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་སྨན་པ་དཀའ་བཅུ་པ་ལིན་ཅན་ཧའོ་ཡིས་དེ་ནི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་ཤིག་རེད་ཅེས་བརྗོད། བོད་ལྗོངས་ས་ཁུལ་དུ་གྲུམ་བུ་ཚིགས་ཆེན་ནད་ཕོག་པའི་དམིགས་བཙུགས་སྐྱོབ་བཅོས་སྨན་ཁང་བཅུ་ཕྲག་ཡོད་པས། སྐྱོབ་བཅོས་ལས་དོན་ས་གནས་ཅན་དང་། རྩ་འཛུགས་འགྲོ་ལུགས་ཚད་ལྡན་ཅན། ནད་ཐོག་སྨན་བཅོས་ཚད་ལྡན་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།
  འགོག་བཅོས་བྱ་ཐབས་ཀྱི་གཙོ་གནད་ནི་ཡུན་རིང་སྲ་བརྟན་དང་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད།
  ལོ་བཅུའི་རིང་རང་རྒྱལ་གྱི་ཡུལ་ནད་འགོག་བཅོས་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་མོད། འོན་ཀྱང་སྔར་བཞིན་ཉེན་ཁ་དང་འགྲན་སློང་འཕྲད་ཡོད། ཡུལ་ནད་དེ་སྐྱེ་དངོས་སའི་གོ་ལའི་རྫས་འགྱུར་རང་བཞིན་གྱི་ནད་རིགས་ཤིག་ཡིན་པས། གལ་ཏེ་འགོག་བཅོས་བྱེད་ཐབས་ཇེ་ཞན་དུ་སོང་བའམ་མེད་པར་སོང་ན། ནད་རིགས་དེ་ཚོ་བསྐྱར་དུ་ཐོན་སྲིད། དེར་བརྟེན་ངེས་པར་དུ་ཡུན་རིང་སྲ་བརྟན་དུ་གཏོང་བ་དང་འགོག་བཅོས་བྱེད་ཐབས་རྒྱུན་འཁྱོངས་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་ནད་འགོག་གི་ནུས་པ་ངོ་མ་ཐོན་ཐུབ།
  2021ལོར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རང་རྒྱལ་དུ་འདར་ནད་རྩ་བཅོས་བྱས་པའི་ཁྱབ་བསྒྲགས་བྱས་ཤིང་། དེའི་སྐོར་ལ་ཀྲོའུ་ཞའོ་ནུང་གིས་རང་རྒྱལ་ལ་འདར་ནད་ཕྱི་ནས་འགོས་ཏེ་བསྐྱར་དུ་མཆེད་པའི་ཉེན་ཁ་སྔར་བཞིན་འཕྲད་ཡོད། དེའི་ཐད་ཉེ་དུས་རྒྱལ་ཁབ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཅུས་ཀྱིས《འདར་ནད་ཕྱི་ནས་འགོས་ཏེ་བསྐྱར་དུ་མི་མཆེད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་འདར་ནད་སོགས་གཞན་བརྟེན་སྲིན་འབུའི་ནད་ལ་སྔོན་དཔག་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འདར་ནད་རྩ་བཅོས་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ཡོད་ཅེས་བརྗོད་པ་རེད།