ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

ཏོག་གསར་དྲག་སྐྱེད་བྱུང་མཁན་ནས་ཁྲག་ཁུ་ཞལ་འདེབས་སུ་ཕུལ།

སྤེལ་དུས 2023-01-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བླང་བྱ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་ཟུངས་ཁྲག་ལྟེ་གནས་ཀྱིས་ཏོག་གསར་ནད་དུག་འགོས་ནས་དྲག་སྐྱེད་བྱུང་མཁན་གྱི་ལུས་ཁམས་སླར་གསོའི་དུས་མཚམས་ཀྱི་ཁྲག་ཁུ་འཚོལ་བསྡུའི་ལས་དོན་སྤེལ་འགོ་ཚུགས་པ་དང་། མིག་སྔར་ཏོག་གསར་ནད་འགོས་ནས་དྲག་སྐྱེད་བྱུང་མཁན་100ཙམ་གྱི་ཁྲག་ཁུ་འཚོལ་བསྡུའི་ལས་དོན་ལེགས་གྲུབ་ཟིན་ཡོད། མིག་སྔའི་བར་ཁྱོན་ཁྲག་ཁུ་ཧའོ་ཧྲེང་35250འཚོལ་བསྡུ་བྱས་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏོག་གསར་ནད་དུག་འགོས་པའི་ནད་གཞི་ལྕི་རིགས་སྨན་བཅོས་བྱེད་པའི་ཐད་སྤྱོད་པ་རེད། ཁྲག་ཁུ་ཧའོ་ཧྲེང་800ཞིང་ཆེན་དང་གྲོང་ཁྱེར་གཞན་ལ་རོགས་སྐྱོར་བྱ་རྒྱུར་སྤྱད་ཅིང་། རིམས་ནད་འགོག་སྲུང་དམག་འཐབ་ལས་རྒྱལ་ཁ་ལེན་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

     མཚོ་སྔོན་ཞིང་ཆེན་ཟུངས་ཁྲག་ལྟེ་གནས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཏོག་གསར་ནད་དུག་འགོས་ནས་དྲག་སྐྱེད་བྱུང་མཁན་གྱི་ཁྲག་ཁུ་བླུགས་རྒྱུ་ནི་ཏོག་གསར་ནད་དུག་འགོས་པའི་ནད་པར་སྨན་བཅོས་བྱེད་པའི་ནུས་ལྡན་བྱ་ཐབས་ཤིག་ཡིན་པ་དང་། ལྷག་པར་དུ་ནད་གཞི་ལྕི་པོ་དང་ཉེན་ཚབས་ཆེ་བའི་ནད་པར་སྨན་བཅོས་ཀྱི་ཕན་འབྲས་བཟང་པོ་ལྡན་ཡོད་པ་རེད། གསོ་རིག་ཞིབ་འཇུག་བྱས་པ་ལྟར་ན།  དྲག་སྐྱེད་བྱུང་བའི་ཏོག་གསར་ནད་དུག་འགོས་པའི་ནད་པའི་ལུས་པོའི་ནང་ཏོག་གསར་ནད་དུག་འགོག་པའི་དམིགས་ཁྱད་རང་བཞིན་གྱི་འགོག་གཟུགས་གྲུབ་ཡོད་པས་ནད་དུག་གསོད་པ་དང་གཙང་སེལ་བྱེད་ཐུབ། ཏོག་གསར་ནད་དུག་འགོས་ནས་དྲག་སྐྱེད་བྱུང་མཁན་གྱི་ཁྲག་ཁུ་ལ་ཞིབ་བཤེར་ཚད་ལེན་བྱས་ནས་ཚད་གཞི་ལོན་རྗེས། ནད་གཞི་ལྕི་པོ་དང་ཉེན་ཚབས་ཆེ་བའི་ནད་པའི་གཟུགས་པོའི་ནང་བླུགས་ན་ཁོང་ཚོ་དྲག་སྐྱེད་ཡོང་རྒྱུར་རོགས་རམ་ནུས་ལྡན་ཐུབ་ཀྱི་ཡོད་པ་རེད། ཏོག་གསར་ནད་དུག་འགོས་མཁན(ལྕི་རིགས་དང་ཉེན་ཚབས་ཆེ་བའི་རིགས་ཕུད)གྱིས་ཆེས་མཇུག་མཐའི་ཏོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་འབྲས་སམ་ཡང་ན་གདོད་འགོག་བརྟག་འབྲས་གདགས་གཤིས་མངོན་པའི་ཉིན་7གྱི་རྗེས་སུ་ཁྲག་འབུལ་ཆོག ནད་གཞི་ལྕི་རིགས་དང་ཉེན་ཚབས་ཆེ་བའི་ནད་པ་དྲག་སྐྱེད་བྱུང་ནས་ཟླ་6འགོར་རྗེས་ཁྲག་འབུལ་ཆོག ལོ་18ནས་55བར་དང་ཁྲག་བརྒྱུད་དེ་ནད་གཞི་འགོ་བ་མེད་པ། རྨང་གཞིའི་རང་བཞིན་གྱི་ནད་རིགས་གཞན་མེད་ཚེ། འདོད་མོས་ཡོད་ན་ལུས་ཁམས་སླར་གསོའི་དུས་མཚམས་ཀྱི་ཁྲག་ཁུ་ཞལ་འདེབས་སུ་འབུལ་ཆོག་གི་ཡོད་པ་རེད།

     དྲག་སྐྱེད་བྱུང་མཁན་གྱིས་ཁྲག་ཁུ་ཞལ་འདེབས་སུ་མ་འབུལ་གོང་། ལུས་ཕུང་མི་བདེ་བའི་ཚོར་བ་མེད་པ་དང་། ཉིན་གཅིག་གི་སྔོན་ལ་འཇུ་བདེ་བའི་ཟས་རིགས་བསྟེན་པ། ཁོག་པ་སྟོང་པར་ཁྲག་ཁུ་ཞལ་འདེབས་སུ་འབུལ་མི་རུང་ལ། བུད་མེད་ཀྱིས་ཟླ་མཚན་འབབ་དུས་སུ་ཁྲག་ཁུ་ཞལ་འདེབས་སུ་འབུལ་མི་རུང་། ཞལ་འདེབས་འབུལ་མཁན་གྱིས་ཁྲག་འབུལ་ཐེངས་གཅིག་གི་ཚད་གཞི་ཧའོ་ཧྲེང་200ནས་400བར་ཡིན། དྲག་སྐྱེད་བྱུང་མཁན་གྱིས་ཁྲག་འབུལ་ན་གཟུགས་པོར་ཤུགས་རྐྱེན་ཐེབས་མི་སྲིད་ཅིང་། རྒྱལ་ཁབ་ཀྱིས་བར་ཐག་ཉིན་14བཞག་ནས་སླར་ཡང་ཞལ་འདེབས་སུ་འབུལ་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།