ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

ཁྲག་ཤེད་མཐོ་བའི་ནད་པས་ཁྲག་ཤེད་གཅོག་སྨན་རྒྱུན་པར་བརྗེ་དགོས་སམ།

སྤེལ་དུས 2024-10-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཁྲག་ཤེད་མཐོ་བའི་ནད་པས་ཁྲག་ཤེད་གཅོག་སྨན་ནི་རྒྱུན་པར་བརྗེ་མི་དགོས་ཏེ། ཁྲག་ཤེད་མཐོ་བ་ནི་དལ་བའི་རང་བཞིན་ཅན་གྱི་གཅོང་ནད་ཅིག་ཡིན་པས། ཚེ་གང་བོར་སྨན་བཅོས་བྱེད་དགོས་པ་ཞིག་ཡིན། དེར་རྐྱེན་སྨན་ཡུན་རིང་བཟའ་ཆོག་མིན་ཐད་དུ་རྩ་དོན་འགའ་ཡོད་དེ།
             གཅིག སྨན་གྱིས་ཕན་ནུས་ཐོན་མིན་ལ་རག་ལས། གལ་ཏེ་ཡུན་རིང་འཐུང་བའི་ཁྲག་ཤེད་གཅོག་སྨན་གྱིས་ཁྲག་ཤེད་བརྟན་དུ་གཏོང་ཐུབ་ཚེ་སྨན་བརྗེ་མི་དགོས།
             གཉིས། སྨན་འཐུང་རྗེས་སྨན་ལོག་ཡོད་མེད་ལ་རག་ལས། སྨན་གང་ཞིག་ཡིན་རུང་ལུས་པོ་ལ་ཤུགས་རྐྱེན་ཐེབས་སྲིད། འོན་ཀྱང་སྲོག་ཉེན་ཐོན་པའི་སྨན་ལོག་འབྱུང་ཚད་ནི་ཧ་ཅང་དམའ་སྟེ། ལ་ལས་སྨན་འཐུང་རྗེས་གདོང་དམར་པོར་འགྱུར་བ་དང་། སྙིང་འཕར་ཚད་མགྱོགས་པ། རྐང་པ་སྐྲངས་པ་སོགས་ཀྱི་སྣང་ཚུལ་ཐོན་སྲིད། འོན་ཀྱང་སྣང་ཚུལ་དེ་དག་ནི་སྨན་འཐུང་རྗེས་ཀྱི་གཟའ་འཁོར་འགའི་ནང་དུ་ཐོན་པ་དང་། དུས་ཡུན་རིང་ཙམ་སོང་རྗེས་ཁྲག་ཤེད་བརྟན་པོར་འགྱུར་ནས་སྨན་ལོག་ཐེབས་པའི་སྣང་ཚུལ་དེ་དག་ཀྱང་ཡོང་མི་སྲིད།
             གསུམ། སྨན་གྱི་གདམ་གསེས་ལ་རག་ལས། ང་ཚོས་ཕུགས་ཕན་སྨན་གྱིས་ཁྲག་ཤེད་དེ་བས་བརྟན་པོར་སྙོམས་སྒྲིག་ཐུབ་མིན་ཐད་བསམ་བློ་གཏོང་དགོས། ཁྲག་ཤེད་གཅོག་ཚད་མགྱོགས་དྲགས་པོར་བྱེད་མི་ཉན་ཏེ། གལ་ཏེ་ཁྲག་ཤེད་ལ་འགྱུར་ལྡོག་མགྱོགས་དྲག་ཚེ། ལུས་པོར་ཡང་གནོད་པ་ཐེབས་སྲིད།
             དེར་བརྟེན། ཁྲག་ཤེད་གཅོག་སྨན་འདེམ་དུས་ང་ཚོས་ངེས་པར་དུ་ཁྲག་ཤེད་བརྟན་པོར་གཏོང་ཐུབ་པའི་སྨན་འདེམ་དགོས་ལ། རང་ཉིད་ཀྱི་སེམས་ཁམས་ཀྱང་བརྟན་པོར་འཇགས་དགོས། ཁྲག་ཤེད་མཐོ་མཁན་ཚོ་ལ་མཚོན་ན། སྨན་བཅོས་ཡུན་རིང་བྱ་རྒྱུའི་འདུ་ཤེས་རྒྱུད་ལ་འཇགས་རྒྱུ་ནི་སྨན་བཏུང་བ་ལས་ཀྱང་གལ་ཆེ་བ་ཞིག་ཡིན།
             རྒྱལ་ཁབ་བདེ་ཐང་ཚན་རིག་ཁྱབ་གདལ་གྱི་ཆེད་མཁས་ཚོགས་པའི་ཁོངས་མི་དང་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་གི་སྨན་རམས་པ་ལིའུ་ཅན་གྱིས་ཞིབ་དཔྱད་བྱས་པ།