འདི་ནི་འཕྲང་དམར་བོད་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་ནད་པ་རེད།
སྨན་པ་ཚེ་བརྟན་རྒྱལ་གྱིས་འདུལ་སྦྱོང་ཡག་པོ་བྱས་པའི་སྨན་རྩྭ་མཆོད་རྟེན་གྱི་དབྱིབས་སུ་བཟོས་ནས་ནད་པ་གཡང་ལོ་རྒྱལ་གྱི་སྐེ་རུ་བཞག་ནས་རྒྱུན་ཆད་མེད་པར་བསྡུ་ལེན་བྱས་པ་དང་བསྟུན་ནས། གཡང་ལོ་རྒྱལ་གྱི་དལ་བའི་རང་བཞིན་གྱི་གྲེ་བའི་གཉན་ཚད་ཀྱི་ནད་རྟགས་ཞི་ལྷོད་དུ་སོང་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་གི་བོད་སྨན་ཁང་དུ་བསྐྱོད་སྐབས། བོད་སྨན་གྱི་དྲི་ཞིམ་ཡོངས་སུ་འཐུལ་ཡོད། ལོ43ལ་སླེབས་པའི་གཡང་ལོ་རྒྱལ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཤང་ལོ་བ་གྲོང་ཚོ་ནས་ཡོང་ཞིང་། “ང་ཚོ་གྲོང་ཚོའི་མི་མང་པོ་ཞིག་འདི་གར་སྨན་པ་བསྟེན་པར་ཡོང་བ་དང་། བོད་སྨན་གྱི་རིན་གོང་དམའ་ཞིང་ཕན་འབྲས་ཀྱང་ཡག་པོ་ཐོན་བཞིན་འདུག”ཅེས་བཤད།
བོད་ལུགས་གསོ་རིག་གི་དངོས་ལུགས་གསོ་བཅོས་ཁང་དུ་ནད་པ་ཚོས་བོད་ལུགས་གསོ་རིག་གི་དངོས་ལུགས་གསོ་བཅོས་ཞབས་ཞུ་མི་འདྲ་བ་དང་ལེན་བྱེད་བཞིན་ཡོད་ལ། ནད་པ་ཁ་ཤས་ནད་ཁྲིའི་ཐོག་ཉལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ནད་པ་ཁ་ཤས་ཀྱིས་ལུས་ཕུང་རིལ་བུ་ལྟ་བུའི་ཚྭའི་ནང་སྦས་ནས་ཚྭ་ལུམས་རྒྱག་པ། ད་དུང་ནད་པ་ཁ་ཤས་ཀྱིས་རྐང་པ་གཉིས་བོད་སྨན་ནང་བཞག་ནས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བྱེད་པ་སོགས་ནི་རི་ཁུལ་དུ་གནས་པའི་གཞི་རིམ་བོད་སྨན་ཁང་ཞིག་ནས་མཐོང་བའི་གནས་ཚུལ་ཡིན་པ་ཡིད་ཆེས་དཀའ་བ་ཞིག་རེད།
འཕྲང་དམར་གྲོང་རྡལ་དུ་མི་འབོར་ཁ་ཐོར་ཡིན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། ཆེས་ཐག་རིང་བའི་གྲོང་ཚོ་རྫོང་དང་བར་ཐག་སྤྱི་ལེ90ལྷག་ཡོད་པས། དེ་ནི་རྫོང་ཡོངས་ཀྱི་འབྲོག་ལས་རྐྱང་རྐྱང་གཉེར་བའི་ཤང་གྲོང་འབའ་ཞིག་ཡིན་པ་དང་། ཆ་སྙོམས་ས་བབ་སྨི3000ཟིན་པ་དང་ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ5ཙམ་ཟིན་པ་རེད།
“གནམ་གཤིས་དང་ས་བབ། བཟའ་བཏུང་སོགས་རྒྱུ་རྐྱེན་མང་པོའི་དབང་གིས། གནས་འདིའི་རོང་འབྲོག་མང་ཚོགས་མང་པོ་ཞིག་ལ་གྲུམ་ནད་དང་ཁྲག་ཤེད་མཐོ་བ། ཕོ་རྒྱུའི་གཉན་ཚད་སོགས་ཀྱི་ནད་གཞི་ཕོག་ཡོད”ཅེས་འཕྲང་དམར་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཚེ་བརྟན་རྡོ་རྗེ་ཡིས་དེ་ལྟར་བཤད། བོད་ལུགས་གསོ་རིག་གིས་རྒྱུན་མཐོང་ནད་དང་ཕོག་སླའི་ནད། གཅོང་ནད་བཅས་སྨན་བཅོས་བྱེད་པར་ཕན་འབྲས་བཟང་པོ་ཐོན་པ་དང་སྨན་བཅོས་ཞབས་ཞུའི་རིན་གོང་དམའ་བས། རོང་འབྲོག་མང་ཚོགས་མང་པོ་ཞིག་གིས་བོད་ལུགས་གསོ་རིག་བསྟེན་བཞིན་ཡོད་ཟེར།
ཚེ་བརྟན་རྡོ་རྗེ་ཡིས། འཕྲོད་བསྟེན་ཁང་གི་བོད་སྨན་ཁང་མ་བཙུགས་སྔོན་དུ། ནད་པ་མང་པོ་ཞིག་ཁྲི་ཀ་རྫོང་གྲོང་ངམ་ཟི་ལིང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་བས། ལམ་ཐག་རིང་ཞིང་འགྲོ་སོང་མང་པོ་བཏང་བས་མང་ཚོགས་རྣམས་ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནས་ཚུལ་དང་འཕྲད་ཡོད།
ནད་པ་མང་པོས་སྒོ་ཁ་ནས་ནད་ལྟ་རུ་འཇུག་ཐུབ་ཆེད། 2017ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི18བཏང་ནས་འཕྲང་དམར་གྲོང་རྡལ་དུ་བོད་སྨན་ཁང་བཙུགས་པ་དང་། 2021ལོར་རྒྱལ་ཁབ་ཀྱིས་སླར་ཡང་མ་དངུལ་སྒོར་ཁྲི50བཏང་ནས་བོད་སྨན་ཁང་བསྒྱུར་བཀོད་དང་རྒྱས་སྐྲུན་བྱས་ཡོད། མིག་སྔར། བོད་སྨན་ཁང་དུ་ནད་ཁང25ཡོད་པ་དང་། བོད་ཀྱི་གསོ་བ་རིག་པའི་ཆེད་ལས་མི་སྣ19ཡོད་པས་ཉིན་ལྟར་ནད་ལྟ་རུ་ཡོང་མཁན་རྒྱུན་ཆད་མེད་པ་རེད།
འདི་ནི་འཕྲང་དམར་བོད་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་ནད་པ་རེད།
བོད་སྨན་ཁང་དུ་སྐྱོད་སྐབས། ཆ་སྒམ་ཐོག་མུ་ཏིག་བདུན་བཅུའི་རིལ་བུ་དང་། རིལ་དཀར། བྱུ་རུའི་རིལ་བུ་ཉིར་ལྔ་སོགས་རྒྱུན་སྤྱོད་བོད་སྨན་རིགས240ལྷག་བཤམས་ཡོད་པ་རེད།
ཚེ་བརྟན་རྡོ་རྗེ་ཡིས། བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བ་དང་། བོད་ལུགས་གསོ་རིག་གི་གསོ་ཐབས་ཞབས་ཞུ་སྣ་ཚོགས་བྱ་ཆེད། འཕྲོད་བསྟེན་ཁང་གིས་སྨན་པ་མང་པོ་རྩ་འཛུགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་བྲག་དཀར་རྫོང་བོད་སྨན་ཁང་སོགས་སུ་བསྐྱོད་ནས་བོད་ལུགས་གསོ་རིག་གི་ཕྱི་བཅོས་རྩལ་ནུས་སློབ་སྦྱོང་བྱེད་བཞིན་ཡོད་ཅེས་བསྟན། མིག་སྔར། བོད་སྨན་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་དང་མེ་བཙགས། ཁྲག་གཏོང་སོགས་བོད་ཀྱི་གསོ་བ་རིག་པའི་ཁྱད་ལྡན་གསོ་ཐབས་རིགས28ཡོད་པ་རེད།
བོད་ལུགས་གསོ་རིག་གི་ཕྱི་བཅོས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པར་བརྟེན། འཕྲོད་བསྟེན་ཁང་དུ་སྨན་པ་བསྟེན་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། འཕྲང་དམར་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་གི་སྒོ་བསྟེན་སྨན་བཅོས་ཀྱི་མི་གྲངས་བསྡོམས་འབོར2017ལོའི་མི་ཐེངས9876ནས2021ལོའི་མི་ཐེངས་12898བར་ཇེ་མང་དུ་ཕྱིན་པ་དང་། སྨན་ཁང་དུ་སྡོད་པའི་མི་གྲངས2017ལོའི་མི་ཐེངས876ནས2021ལོའི་མི་ཐེངས1487བར་ཇེ་མང་དུ་ཕྱིན་པ་རེད།
མིག་སྔར། མཚོ་སྔོན་གྱི་བོད་སྨན་ཁང་ཆུང་ངུས་ནུས་པ་ཆེན་པོ་འདོན་བཞིན་ཡོད། འཕྲང་དམར་གྲོང་རྡལ་གྱི་ལྟེ་བའི་འཕྲོད་བསྟེན་ཁང་གི་བོད་སྨན་ཁང་དང་འདྲ་བར་མཚོ་སྔོན་ཞིང་ཆེན་དུ་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང439དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་བཙུགས་ཡོད།
“གཞི་རིམ་བོད་སྨན་ཁང་ལ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ནད་པའི་གདེང་འཇོག་ཡག་པོ་ཐོབ་ནས། གཞི་རིམ་མང་ཚོགས་ཀྱི་ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱས་ཡོད་ལ། ནད་པ་གཞི་རིམ་དུ་སྨན་བཅོས་ཐོག་མར་བྱེད་པའི་དམིགས་ཚད་ཀྱང་མངོན་འགྱུར་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུའུ་ཡི་རིམ་པ་བཞི་པའི་བརྟག་དཔྱད་པ་དཔལ་ལྡན་གྱིས་དེ་ལྟར་བསྟན། །
རྩོམ་སྒྲིག་པ། བདེ་སྒྲོན།