ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འཐུས་མིར་འཕྲིན་ལན་སྤྲིངས་གནང་བ།
སྤེལ་དུས 2020-07-17
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
སྤྱི་ཟླ་7པའི་ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འཐུས་མིར་འཕྲིན་ལན་བསྐུར་གནང་ནས་ཁོང་ཚོས་ཀྲུང་གོའི་ཞི་བའི་གོང་འཕེལ་དང་། སྒོ་དབྱེའི་གོང་འཕེལ་ལ་སེམས་ཤུགས་བརྟན་པོ་བཅངས་པ་དང་ཀྲུང་གོར་མུ་མཐུད་གཞི་ཚུགས་རྒྱུའི་ཁས་ལེན་བྱས་པ། དེ་བཞིན་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ཐད་དགེ་མཚན་ལྡན་པའི་གྲོས་འགོ་བཏོན་པར་བསྔགས་བརྗོད་གནང་ཡོད།
ཞི་ཅིན་ཕིང་གི་འཕྲིན་ལན་ནང་། མིག་སྔར། ཀྲུང་གོ་འདི་ཉིད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་བཅས་བྱེད་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་བ་འབྱུང་མེད་ལ་འགྱུར་བ་ཡང་གཏོང་མི་སྲིད། ང་ཚོས་མུ་མཐུད་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། སྒོ་དབྱེ་རྒྱ་ཆེར་གཏོང་བ། བརྟན་པོ་དྲུག་དང་འགན་ལེན་དྲུག་གི་སྲིད་ཇུས་བྱ་ཐབས་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་ཀྱི་མ་འཇོག་གོང་འཕེལ་ལ་སྔར་བས་འཐུས་སྒོ་ཚང་བའི་ཚོང་གཉེར་ཁོར་ཡུག་མཁོ་འདོན་དང་གོ་སྐབས་གསར་པ་དང་མདུན་ལྗོངས་གསར་པ་གཏོད་བཞིན་ཡོད། ཁྱེད་ཚོ་ཀྲུང་གོར་གཞི་ཚུགས་ཏེ་གོང་འཕེལ་བཏང་བ་ནི་ཡང་དག་པའི་གདམ་ག་ཞིག་ཡིན་ཞེས་འཁོད་ཡོད།
ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་ཐོག་རྒྱལ་ཁབ་ཁག་གི་ཁེ་ཕན་མཉམ་འདྲེས་གཏིང་ཟབ་པ་དང་མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་མ་ལག་ཡིན་ཞིང་། མཉམ་ལས་མཉམ་རྒྱལ་ནི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུ་དེ་སྒོ་དབྱེ་དང་། ཁོང་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། ཁོང་ནས། ཁྱེད་ཚོས་མཉམ་ལས་མཉམ་རྒྱལ་དང་། ཐུན་མོང་གོང་འཕེལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁེ་ལས་བར་གྱི་སྤེལ་རེས་མཉམ་ལས་ཤུགས་ཆེར་བཏང་སྟེ། འཛམ་གླིང་གྱི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།
གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཨུ་ཡོན་ལྷན་ཁང་ནི་ལས་རིགས་ཀྱི་སྣེ་ཁྲིད་རང་བཞིན་དང་འཐུབ་ཚབ་རང་བཞིན་ལྡན་པའི་རྒྱལ་ཁོངས་ལས་སྒྲོལ་བའི་ཀུང་སི་39ལས་གྲུབ་པ་ཞིག་རེད། ཉེ་ཆར། ཨུ་ཡོན་ལྷན་ཁང་གི་དབུ་བཞུགས་ལག་བསྟར་དཔོན་18ཀྱིས་མིང་མཉམ་འགོད་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ཆེའི་འགོ་ཁྲིད་འོག་ཀྲུང་གོས་རིམས་ནད་མཆེད་རྒྱུ་མགྱོགས་མྱུར་ཚོད་འཛིན་བྱས་པ་མ་ཟད། སྔོན་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཏེ། གོ་ལ་ཧྲིལ་པོས་རིམས་ནད་འགོག་བཅོས་བྱ་རྒྱུར་རྒྱབ་སྐྱོར་དང་འཛམ་གླིང་གི་དཔལ་འབྱོར་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བསྔགས་བརྗོད་གནང་བ་དང་། ཁོང་རྣམ་པས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉམས་ཉེན་ཁྲོད་གོ་སྐབས་འཚོལ་བ་དང་། འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་བཏོད་རྒྱུའི་སྐོར་གྱི་ཆོད་གཏམ་གལ་ཆེན་དང་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུ་དེ་སྒོ་དབྱེ་དང་། ཁོང་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་ཆོད་སེམས་བརྟན་དུ་ཕྱིན་པ། ཁོང་ཚོས་ཀྲུང་གོར་བཅངས་པའི་སེམས་ཤུགས་དང་མུ་མཐུད་ཀྲུང་གོར་གཞི་ཚུགས་པ། ཀྲུང་གོར་ཞབས་ཞུ་སྒྲུབ་པའི་ཁས་ལེན་སྔར་བས་བརྟན་དུ་བཅས་ཕྱིན་ཡོད། ཁོང་རྣམ་པས་ད་དུང་རིམས་ནད་ཀྱི་དུས་རབས་རྗེས་མའི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་། དེ་བཞིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་ཐད་ཐབས་དང་ཇུས་བཏོན་ཡོད་པ་རེད།