ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ནས་དཔུང་སྡེའི་རྟེན་གཞི་འདིར་བླང་བྱ་ནན་པོ་བཏོན་པ།

སྤེལ་དུས 2021-09-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་15ཉིན་ཧྲའན་ཞི་རུ་བཅའ་སྡོད་དཔུང་སྡེའི་རྟེན་གཞི་ཞིག་ཏུ་གཟིགས་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་རྟེན་གཞིའི་དཔོན་དམག་ཡོངས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཡོད། ཁོང་གིས། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར། དམག་གྲབས་དམག་རྒྱག་ལ་དམིགས་པ། གསར་གཏོད་གོང་འཕེལ་མགྱོགས་སུ་གཏོང་བ། ལས་འགན་སྒྲུབ་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་འཛུགས་སྐྱོང་དང་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
          འབྲས་ལྡན་སྟོན་གྱི་དུས་སུ། གནའ་གྲོང་ཞི་ཨན་དུ་གནམ་གཤིས་སྐྱིད་ཅིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་རྟེན་གཞིའི་དམག་སྒར་ཁུལ་དུ་ཕེབས་ཡོད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་ཞི་ཨན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་དང་མཛའ་བརྩེ་ཐུགས་སྣང་གཤིན་པོའི་ངང་མཇལ་འཕྲད་གནང་བ་དང་། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་གནང་ཡོད།
          དེ་རྗེས། ཞི་ཅིན་ཕིང་གིས་རྟེན་གཞིའི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཞི་ཅིན་ཕིང་གིས་རྟེན་གཞིས་དུས་ཡུན་རིང་པོའི་ནང་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་ཁྲོད་བཏོན་པའི་ནུས་པ་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས། འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་བྱེད་ཚད་མང་དུ་འགྲོ་བ་དང་བླང་བྱ་མཐོ་རུ་འགྲོ་བའི་དོན་དངོས་དང་འཚམ་པ་བྱས་ནས། སྒྲིག་འཛུགས་མ་དཔེ་ལེགས་སུ་གཏོང་བ་དང་ཚད་ལེན་ཚོད་འཛིན་ལག་རྩལ་དང་བྱེད་ཐབས་གསར་གཏོད་བྱས་ཏེ། ཚད་ལེན་ཚོད་འཛིན་གནད་སྨིན་བློས་འགེལ་ཆོག་པ་དང་ཐུགས་གྲ་ལེགས་སྒྲིག་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་བར་སྣང་མ་ལག་འཁོར་སྐྱོད་དོ་དམ་ལ་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱས་ཏེ། དོ་དམ་དང་བཀོལ་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས། བར་སྣང་གི་རྒྱུ་ནོར་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་རྒྱུ་ནོར་ཡིན་པས་དེ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་གཏོང་དགོས་ལ་དེ་བས་ཀྱང་སྲུང་སྐྱོང་ཡག་པོ་བྱེད་དགོས། འགོག་སྲུང་སྟོབས་ཤུགས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། གེགས་སེལ་གྲབས་ཉར་དང་། གཏོར་བཤིག་འགོག་པའི་འཚོ་གནས། ཆ་འཕྲིན་འགོག་སྲུང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བར་སྣང་གི་འགྲིམ་འགྲུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བར་སྣང་གི་མ་ལག་བརྟན་པོ་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། བར་སྣང་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་བྱས་ནས་བར་སྣང་ཉམས་ཉེན་དོ་དམ་ཚོད་འཛིན་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། རྟེན་གཞིས་ཁུར་བའི་ལས་འགན་ཁག་ལེགས་བསྒྲུབ་བྱེད་པར། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ། ཏང་གི་ཕྱོགས་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོད་ཤུགས་ཆེ་རུ་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དང་འཇིག་རྟེན་འཕུར་སྐྱོད་ཚད་ལེན་ཚོད་འཛིན་གྱི་སྙིང་སྟོབས་དར་སྤེལ་ཡག་པོ་གཏོང་བ། དཔོན་དམག་གིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་འགན་འཁྲི་སྒྲུབ་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས། དཔུང་སྡེའི་དྭངས་གཙང་སྲ་བརྟན་དང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། དམིགས་ས་ཡོད་པའི་སྒོ་ནས་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབས་ནས་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་དུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བ་དང་། སེམས་རྩ་འཁོལ་པོས་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་སེལ་བ། ལས་སྒྲུབ་ལས་སྐྲུན་གྱི་ཧུར་སེམས་སྐུལ་སློང་གང་ལེགས་བཅས་བྱས་ཏེ། རྟེན་གཞི་འཛུགས་སྐྲུན་གྱི་གནས་བབ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།