ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ནས་བརྙན་མཐོང་མཇལ་འཕྲད་གནང་བ།

སྤེལ་དུས 2021-12-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཟླ་12པའི་ཚེས་15ཉིན་གྱི་ཕྱི་དྲོ་པེ་ཅིང་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ནས་བརྙན་མཐོང་མཇལ་འཕྲད་གནང་བ་རེད།
          ཞི་ཅིན་ཕིང་གིས། ལོ་མཇུག་དེར་སླར་ཡང་ཁྱེད་རང་དང་བརྙན་མཐོང་མཇལ་འཕྲད་ཐེངས་གཉིས་པ་དེ་བྱ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། འདི་ནི་སྤྱི་ལོ་2013ལོའི་ཚུན་དུ་ང་ཚོའི་དབར་གྱི་མཇལ་འཕྲད་ཐེངས་སོ་བདུན་པ་དེ་རེད། ཁྱེད་རང་ནས་ཚོགས་ར་མང་པོར་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ནི་དུས་རབས་ཉེར་གཅིག་པར་རྒྱལ་ཁབ་དབར་རོགས་ལས་བྱེད་པའི་དཔེ་མཚོན་རེད་ཅེས་བསྔགས་བརྗོད་གནང་ནས་ཀྲུང་གོས་རང་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཐད་འགྱུར་མེད་རྒྱབ་སྐྱོར་གནང་བ་དང་། ཀྲུང་གོ་དང་ཨུ་རུ་སུའི་བར་དཀྲུག་ཤིང་རྒྱག་པའི་ངན་ཇུས་ལ་ངོ་རྒོལ་གནང་ཡོད། ང་རང་ནས་དེར་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་དང་། ཁྱེད་རང་དང་ལྷན་དུ་ད་ལོའི་ཕྱོགས་གཉིས་འབྲེལ་བའི་གོང་འཕེལ་གྱི་གྲུབ་འབྲས་གསར་པ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཆར་འགོད་གསར་པ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་འདུག
          ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་དུས་ཟིང་ཆེ་བའི་འཕོ་འགྱུར་དུས་སུ་སླེབས་ཡོད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བས་ཉེན་ཁ་དང་ཚོད་བགམ་མང་པོ་ཐེག་ནས་སྐྱེས་སྟོབས་ཀྱི་གསོན་ཤུགས་གསར་པ་མངོན་ཡོད། ང་རང་དང་ཙུང་ཐུང་སྐུ་ཞབས་ཀྱིས་བྱ་ཐབས་འདྲ་མིན་སྣ་ཚོགས་ཐོག་ནས་གྲོས་གཞི་ཆེ་གྲས་ཐད་སྤེལ་རེས་དང་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་མཉམ་དུ་སྣེ་ཁྲིད་བྱས་ཡོད། ཕྱོགས་གཉིས་པོས་<<ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག་>>དུས་འགྱང་བྱ་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་པ་མ་ཟད་དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཏེ་ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་གནད་དོན་ཐད་འགྱུར་མེད་ཀྱི་རྒྱབ་སྐྱོར་ཞུས་ནས་རང་སོའི་རྒྱལ་ཁབ་ཀྱི་ལ་རྒྱ་དང་རྒྱལ་ཁབ་གཉིས་པོའི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཡོད་ཅེས་ནན་སྟོན་གནང་ཡོད།
          ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུའི་ཆ་ཕྱོགས་ཧྲིལ་པོའི་དངོས་སྒྲུབ་མཉམ་ལས་ལས་ཆབ་སྲིད་ཀྱི་བཟང་ཆ་དང་གོ་སྐབས་ཀྱི་བཟང་ཆ་ཆེན་པོ་མངོན་ཡོད། ཕྱོགས་གཉིས་ཉོ་ཚོང་དངུལ་འབོར་ཡང་ནམ་དུས་དང་པོ་ནས་གསུམ་པོའི་བར་ཨ་སྒོར་དུང་ཕྱུར་སྟོང་ལས་ཐོག་མར་བརྒལ་བ་དང་། ལོ་འཁོར་མོར་འཕར་སྣོན་དེ་བས་ཆེ་བ་ཡོང་རེ་ཆེན་པོ་ཡོད། ཀྲུང་གོ་དང་ཨུ་རུ་སུའི་ཚན་རྩལ་གསར་གཏོད་ལོ་རྒྱལ་ཁའི་ངང་མཇུག་འགྲིལ་བ་དང་། འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་ཆེན་པོ་རབ་དང་རིམ་པ་ལག་ལེན་བསྟར་ཞིང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་དང་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་སྦྲེལ་མཐུད་བྱ་རྒྱུར་བདེ་བླག་ངང་སྐུལ་འདེད་ཐུབ་ཡོད། རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མཐུན་སྒྲིལ་བྱས་ནས་རིམས་ནད་ལ་ཁ་གཏད་བཅག་ཐོག་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཡང་དག་པའི་ནང་དོན་ལ་འགྲེལ་བརྗོད་བྱས་པས་དོན་དམ་པའི་ཕྱོགས་མང་རིང་ལུགས་ལག་བསྟར་དང་རྒྱལ་སྤྱིའི་གཞུང་དྲང་ལུགས་མཐུན་ལ་སྲུང་སྐྱོབ་བྱེད་པའི་ཀ་རྟེན་ལྟ་བུར་གྱུར་ཡོད་ཅེས་བསྟན་འདུག
          ཞི་ཅིན་ཕིང་གིས། དུས་སང་། ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པ་དང་། ཨུ་རུ་སུ་ཡང་<<སྤྱི་ལོ་2030ལོའི་གོང་གི་རྒྱལ་ཁབ་གོང་འཕེལ་དམིགས་འབེན་>>དོན་འཁྱོལ་བྱེད་པའི་འགག་རྩའི་དུས་ཚིགས་སུ་སླེབས་ཡོད། ཕྱོགས་གཉིས་པོས་སྒོ་དབྱེའི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་དང་། གོ་ལའི་གོང་འཕེལ་གྲོས་རིམ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཐོག རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པ་དང་འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་ཆེད་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
          ཞི་ཅིན་ཕིང་གིས། ཟླ་བ་གཅིག་ལྷག་སོང་རྗེས། ཁྱེད་རང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་རེད། དེ་ཡང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོར་རྒྱབ་སྐྱོར་གནང་བ་ཞིག་རེད། པེ་ཅིང་ཡང་འཛམ་གླིང་ཐོག་དབྱར་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་མཁན་གྱི་གྲོང་ཁྱེར་ཐོག་མ་དེར་འགྱུར་རྒྱུ་རེད། མིག་སྔར། ང་ཚོས་སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་བཞིན་པ་དང་། ལས་དོན་ཁག་སྤྱིའི་ཆ་ནས་གྲ་སྒྲིག་བྱས་ཟིན། ང་ཚོས་ཨོ་རྩལ་ཐད་ཕན་ཚན་འཚམས་འདྲི་ཞུ་རྒྱུ་དང་། མ་འོངས་པའི་ལོ་གཉིས་རིང་ཀྲུང་གོ་དང་ཨུ་རུ་སུས་ད་དུང་ཀྲུང་ཨུའི་ལུས་རྩལ་སྤེལ་རེས་ལོ་གཉེར་རྒྱུ་རེད། དེ་གོ་སྐབས་སུ་བཟུང་ནས་ལུས་རྩལ་སྤེལ་རེས་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་བྱེད་པ་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་འབྲེལ་ཟམ་ལྟ་བུར་འགྱུར་བ་བྱེད་དགོས། ཁྱེད་རང་ནས་ད་ཐེངས་ཀྲུང་གོར་འཚམས་འདྲི་གནང་རྒྱུ་ཡིན་པ་དེ་ཡང་ལོ་གཉིས་རིང་གི་ཡུལ་དངོས་ཀྱི་མཇལ་འཕྲད་ཐོག་མ་དེ་རེད། ང་རང་ནས་སྐབས་དེ་དུས་ཁྱེད་རང་དང་ལྷན་དུ་ཕྱོགས་གཉིས་འབྲེལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཆེ་གྲས་ཐད་སྤེལ་རེས་གཏིང་ཟབ་བྱ་རྒྱུའི་རེ་སྒུག་ཞུ་བཞིན་ཡོད། ང་ཚོའི་བར་ཐུན་མོང་ངོས་འཛིན་མང་པོ་ཡོང་ཐུབ་པའི་ཡིད་ཆེས་ཡོད། ང་རང་ནས་ང་ཚོའི་དགུན་དུས་ཨོ་རྩལ་གྱི་ལྷན་འཛོམས་ལ་རེ་སྒུག་ཆེན་པོ་ཞུ་བཞིན་ཡོད། ཁྱེད་རང་དང་ལག་གདང་སྦྲེལ་ནས་མ་འོངས་པའི་ཕྱོགས་སུ་སྐྱོད་དེ་རིམས་ནད་རྗེས་ཀྱི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་བསྟན་འདུག
          ཞི་ཅིན་ཕིང་གིས། མི་རིང་བའི་གོང་། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པ་དང་། གྲོས་ཚོགས་ཐོག་ལོ་རྒྱུས་ཀྱི་གྲོས་ཆོད་གསར་པ་ཞིག་ལ་གྲོས་འཆམ་བྱུང་བ་མ་ཟད་ཡོངས་བསྒྲགས་བྱས་པ་དང་། སྒོ་ཀུན་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་ཆེན་པོ་དང་ལོ་རྒྱུས་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་ཡོད། ང་རང་ནས་དུས་རྒྱུན་དུ་ང་ཚོའི་དམིགས་འབེན་ནི་བརྗིད་ཆེ་ཞིང་བབ་ཆགས་པ་ཞིག་རེད། མདོར་བསྡུས་ན། ཀྲུང་གོའི་མི་དམངས་ཡོངས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་ཆེད་རེད་ཅེས་ཤོད་ཀྱི་ཡོད། མི་དམངས་ལྟེ་བར་འཛིན་པ་དེ་ནི་ང་ཚོའི་སྲིད་འཛིན་གྱི་རྩ་བའི་འདུ་ཤེས་རེད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པ་དང་། རྒྱལ་ཁབ་གཉིས་པོས་ཀྱང་རང་སོའི་རྒྱལ་ཚུལ་དང་འཚམས་པའི་གོང་འཕེལ་གྱི་ལམ་བུ་འཚོལ་ཞིབ་ཐུབ་ཡོད། ཀྲུང་གོས་ཨུ་རུ་སུས་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་པར་སྔ་བར་ཕྱི་གསུམ་དུ་འགྱུར་མེད་ཀྱི་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ང་རང་ནས་ཁྱེད་རང་དང་ལྷན་དུ་ལྷག་བསམ་རྣམ་དག་ངང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཞུས་ཏེ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཆུ་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུར་མཉམ་དུ་སྣེ་ཁྲིད་དང་། རྒྱལ་ཁབ་གཉིས་པོའི་མི་རིགས་བསྐྱར་དར་ཡོང་རྒྱུར་སྣེ་ཁྲིད་བྱ་འདོད་ཡོད་ཅེས་བསྟན་འདུག
          ཞི་ཅིན་ཕིང་གིས། མིག་སྔར། རྒྱལ་སྤྱིའི་ཐོག་སྟོབས་ཤུགས་ཁག་ཅིག་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་ནང་སྲིད་ལ་ཐེ་ཇུས་དྲག་པོ་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞིར་འཛེམ་མེད་ངང་རྡོག་རོལ་དུ་གཏོང་བཞིན་ཡོད། ཀྲུང་གོ་དང་ཨུ་རུ་སུ་གཉིས་པོས་མཉམ་འབྲེལ་བྱ་སྤྱོད་མང་ཙམ་སྤེལ་དགོས་པ་དང་། ཕྱོགས་གཉིས་པོའི་བདེ་འཇགས་ཁེ་ཕན་ལ་སྲུང་སྐྱོབ་ནུས་ལྡན་བྱེད་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱིའི་བྱ་དོན་ཁྲོད་དུ་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གོ་ལའི་བཅོས་སྒྲིག་ཐད་བྱ་ཐབས་དེ་བས་ལེགས་པ་བཏོན་ནས་རིམས་འགོག་དང་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་ལ་སོགས་པའི་གོ་ལའི་རང་བཞིན་གྱི་གནད་དོན་ཐད་སྤྱོད་གོ་ཆོད་པའི་ཇུས་གཞི་འདོན་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་གཙོ་གླེང་གནད་དོན་ཐག་གཅོད་བྱེད་པའི་ཐད་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་བརྟན་སྲུང་བྱེད་དགོས་པ་དང་། ཕྱོགས་མང་རིང་ལུགས་དང་སྒྲིག་སྲོལ་ལ་ཁ་གཡར་ནས་བཙན་དབང་གི་བྱ་སྤྱོད་དང་འཇམ་འཐབ་ཀྱི་བསམ་བློ་འཁྱེར་རྒྱུར་ངོ་རྒོལ་མཐའ་ཅིག་ཏུ་བྱེད་དགོས་ཞེས་གསུངས་གནང་བ་རེད།
          ཞི་ཅིན་ཕིང་གིས། ན་ནིང་ནས་བཟུང་། ཀྲུང་གོ་དང་ཨུ་རུ་སུས་རིམས་འགོག་མཉམ་ལས་ཧུར་ཐག་སྤེལ་ཏེ་སོ་སྲུང་རོགས་རེས་ཀྱི་ཕྱོགས་གཉིས་འབྲེལ་བའི་ནང་དོན་ལ་གསོན་ཉམས་དོད་པའི་འགྲེལ་བརྗོད་གནང་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་མཐུན་སྒྲིལ་རིམས་འགོག་བྱེད་པ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་མ་ལག་གཏོད་རྒྱུར་སྲུང་སྐྱོབ་བྱེད་པའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཕྱོགས་གཉིས་པོས་བྱ་ཐབས་མང་ཙམ་བཟུང་ནས་ཁ་ཕྱོགས་གཅིག་པའི་ཕྱོགས་སུ་སྐྱོད་དེ་རིམས་ནད་མངའ་ཁོངས་བརྒལ་ནས་མཆེད་རྒྱུར་ནན་འགོག་བྱེད་པའི་སྔོན་འགྲོའི་འོག ས་གནས་དེ་རང་དུ་བཀག་འགོག་ཐུབ་པའི་དོན་དངོས་བྱ་ཐབས་མང་ཙམ་བཟུང་དགོས། ང་ཚོས་ཀྱང་ཨུ་རུ་སུ་དང་ནད་དུག་བརྟག་དཔྱད་དང་། རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་བཟོའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་འདུག
          ཞི་ཅིན་ཕིང་གིས། དུས་བབ་གསར་པའི་འོག ཕྱོགས་གཉིས་པོས་གོང་འཕེལ་གྱི་གོ་སྐབས་མཉམ་སྤྱོད་བྱེད་དགོས་པ་དང་། མཉམ་དུ་བྱ་གཞག་ཆེན་པོ་བསྒྲུབ་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་བྱེད་པ་དང་། སྔོན་ཐོན་ཚན་རྩལ་ཐོན་ལས་ཀྱི་མཉམ་ལས་བྱེད་མགྱོགས་སུ་གཏོང་དགོས། ཀྲུང་ཨུའི་ནུས་རྒྱུའི་སྐོར་གྱི་མཉམ་ལས་ཀྱི་རྨང་གཞི་བརྟན་པ་དང་། མཐུན་པའི་ཆ་མང་པོ་ལྡན་ཡོད། ཕྱོགས་གཉིས་པོས་སྲོལ་རྒྱུན་གྱི་ནུས་རྒྱུའི་མཉམ་ལས་ཀྱི་གསོག་ཚད་སྲ་བརྟན་དུ་གཏོང་དགོས་ལ། ད་དུང་ནུས་རྒྱུ་གསར་པའི་མཉམ་ལས་ཀྱི་གྲངས་འབོར་མང་དུ་གཏོང་དགོས། རྡུལ་ཉིང་ནུས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་མང་དག་གཅིག་ལ་སྐུལ་འདེད་གཏོང་བ་དང་། སླར་སྐྱེའི་ནུས་རྒྱུ་ལ་སོགས་པའི་མཉམ་ལས་ཁ་ཕྱོགས་གསར་པ་རྒྱ་སྐྱེད་གཏོང་རྒྱུར་འཚོལ་ཞིབ་བྱ་དགོས་ཞེས་བསྟན་འདུག
          ཞི་ཅིན་ཕིང་གིས། ད་ལོའི་སྤྱི་ཟླ་དགུ་པའི་ནང་། ང་རང་ནས་སྐབས་བདུན་ཅུ་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་བཏོན་པ་ཡིན། དེ་ནི་ཀྲུང་གོས་ཕྱོགས་ཁག་གི་ཁྱད་ཆོས་དང་ཡང་སྒོས་སུ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕྲད་པའི་ཁྲོམ་རའི་འགྲན་རྩོད་ལ་བསམ་བློ་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དག་དོན་འཁྱོལ་བྱེད་པར་གཞོལ་བར་མཁོ་འདོན་བྱས་པའི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་གཞན་ཞིག་ཡིན། ཀྲུང་གོས་ཨུ་རུ་སུའི་དབར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། གོ་ལ་ཧྲིལ་པོའི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ནུས་པ་འདོན་སྤེལ་བྱ་འདོད་ཡོད་ཅེས་བསྟན་གནང་འདུག
          ས་ཁུལ་གྱི་མཉམ་ལས་ཐད། ཞི་ཅིན་ཕིང་གིས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་20ཡི་ནང་། ཀྲུང་ཨུ་ཕྱོགས་གཉིས་པོས་ཆུ་ཚད་མཐོ་བའི་འཐབ་ཇུས་མཐུན་སྦྱོར་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱས་པ་དང་། ཁོངས་གཏོགས་རྒྱལ་ཁབ་གཞན་དག་དང་ལྷན་དུ་ཧྲང་ཧའེ་ཡི་སྙིང་སྟོབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་པ། མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་ཟམ་མི་ཆད་པར་བཏང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་སྤེལ་ཡོད། སྒྲིག་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་གལ་ཆེན་ལ་ཞི་མཐུན་སྒོ་ནས་སྐུལ་འདེད་གཏོང་རྒྱུར་ཕྱོགས་གཉིས་པོས་རྒྱབ་སྐྱོར་བྱེད་པ་ལས། ཕྱི་ཕྱོགས་སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ས་ཁུལ་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་བྱེད་དུ་རྩ་བ་ནས་འཇུག་མི་སྲིད། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་གོང་འཕེལ་གཏོང་བའི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་དང་། བདེ་སྡུག་མཉམ་མྱོང་། སྒོ་དབྱེ་རྒྱུན་འཁོར། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། དྲང་གཞག་དྲང་བདེན་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། ཀྲུང་གོས་ཨུ་རུ་སུ་དང་མཉམ་སྡེབ་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་དབར་སྟབས་བསྟུན་སྣ་མང་གི་མཉམ་ལས་མུ་མཐུད་ནས་སྤེལ་ནས། ས་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོང་བྱ་འདོད་ཡོད་ཅེས་བསྟན་འདུག
          འབོ་གསེར་མཉམ་ལས་ཐད། ཞི་ཅིན་ཕིང་གིས། ཀྲུང་གོས་སང་ལོ་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་དང་། འགོ་ཁྲིད་པའི་འདུ་འཛོམས་ཐེངས་བཅུ་བཞི་པ་གཙོ་གཉེར་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། ང་ཚོས་ཨུ་རུ་སུའི་དབར་མུ་མཐུད་དེ་ཆུ་ཚད་མཐོ་བའི་འཐབ་ཇུས་མཐུན་སྦྱོར་རྒྱུན་འཁྱོངས་བྱ་འདོད་ཡོད་ཅིང་། འབོ་གསེར་རྒྱལ་ཁབ་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། དོན་ངོ་མའི་ཕྱོགས་མང་རིང་ལུགས་སྐུལ་སྤེལ་དང་ལག་ལེན་དུ་འཁྱོལ་བ་བྱེད་པ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་རྒྱབ་སྐྱོར་བྱེད་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱ་འདོད་ཡོད། འབོ་གསེར་དངོས་སྒྲུབ་མཉམ་ལས་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱི་པའི་འཕྲོད་བསྟེན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འབོ་གསེར་ཐོག་སྣོན་པའི་མ་དཔེ་རྒྱ་སྐྱེད་དུ་གཏོང་བ། འབོ་གསེར་མཉམ་ལས་ཀྱི་ཕན་འབྲས་ཁྱབ་ཁོངས་ཆེ་རུ་གཏོང་འདོད་ཡོད། ཀྲུང་ཨུའི་ཐུན་མོང་འབད་བརྩོན་འོག སང་ལོའི་འབོ་གསེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་ང་རང་ལ་ཡིད་ཆེས་ཡོད་ཅེས་གསུངས་གནང་བ་རེད།
          མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཉམ་ལས་ཐད། ཞི་ཅིན་ཕིང་གིས། མིག་སྔའི་དུས་བབ་འོག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔ་ཡིས་རིམས་ནད་འགོག་པའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པ། དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་རེ་སྒུག་ལ་ལན་ཧུར་ཐག་བྱེད་དགོས། ཀྲུང་གོས་ཨུ་རུ་སུའི་ཕྱོགས་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས་གནང་བ་རེད།
          ཕྱོགས་གཉིས་པོས་དེང་སྐབས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དང་དམངས་གཙོའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས། དམངས་གཙོ་ནི་མིའི་རིགས་ཡོངས་ཀྱི་མཛེས་སྡུག་ལྡན་པའི་རེ་སྙེག་དང་ཐུན་མོང་གི་རིན་ཐང་དོན་གཉེར་བྱེད་པ་ཞིག་ཡིན་ལ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་དབང་ཡང་ཡིན། རྒྱལ་ཁབ་གཅིག་ལ་དམངས་གཙོ་ཡོད་མེད་དང་། ཇི་ལྟར་བྱས་ནས་དམངས་གཙོ་སྔར་ལས་ལྷག་པར་མངོན་འགྱུར་བྱེད་པ་ནི། རྒྱལ་ཁབ་དེ་གའི་མི་དམངས་ཁོ་ནས་དཔྱད་གཅོད་བྱ་དགོས་པ་ཞིག་རེད། རྒྱལ་སྤྱིའི་ཐོག་གི་ལས་དོན་རྣམས་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་བསྒྲུབ་དགོས་པ་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བ་དང་དོན་ངོ་མའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་རྒྱུ་ནི་མི་སེམས་གཏད་ས་དང་དུས་ཀྱི་འཕེལ་ཕྱོགས་རེད། ཀྲུང་གོས་ཨུ་རུ་སུའི་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་དག་པའི་དམངས་གཙོའི་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་ཁག་གི་ལུགས་མཐུན་དམངས་གཙོའི་ཁེ་དབང་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་གནང་བ་རེད།
          ཕུའུ་ཅིང་གིས། མིག་སྔར་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་དུས་སྐབས་བཟང་ཤོས་སུ་གནས་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མཐོ་པོ་ཡོད་པ། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་དང་ཕན་ཚུན་བར་གྱི་ཁེ་ཕན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་གཉིས་ཕན་མཉམ་རྒྱལ་གྱི་མིག་དཔེ་ཞིག་བཏོད་ཡོད་པས། དུས་རབས་ཉེར་གཅིག་པའི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག འདི་ལོ་ནི་<<ཨུ་ཀྲུང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག་>>ལ་མིང་རྟགས་བཀོད་ནས་ལོ་ངོ་20འཁོར་བའི་ལོ་ཞིག་ཡིན་པ་དང་། ཨུ་ཀྲུང་གིས་ཆིངས་ཡིག་དུས་འགྱངས་བྱ་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། ཕྱོགས་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་དང་། འགྲོ་འོང་དམ་ཟབ་རྒྱུན་འཁྱོངས། དཔལ་འབྱོར་ཉོ་ཚོང་དང་། ནུས་རྒྱུ། ཚན་རྩལ་སོགས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་མཐུན་སྦྱོར་བྱེད་བཞིན་ཡོད། ཨུ་ཀྲུང་འཐབ་ཇུས་མཉམ་ལས་དེ་རྒྱལ་སྤྱིའི་ཀུན་གླེང་གནད་དོན་སྣ་ཚོགས་ནུས་ལྡན་ངང་ཐག་གཅོད་བྱེད་པ་དང་། རྒྱལ་སྤྱིའི་ཞི་བདེར་སྲུང་སྐྱོང་བྱེད་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ནས། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲ་བརྟན་དུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ང་རང་ནས་གང་མགྱོགས་ཀྲུང་གོར་འཚམས་འདྲིར་ཞུ་བར་ཡོང་རྒྱུ་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུའི་རེ་བ་བྱེད་པ་དང་། ལུས་རྩལ་ཆབ་སྲིད་ཅན་དུ་འགྱུར་བའི་ལྐོག་གཡོ་ལ་ཨུ་རུ་སུ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད། སྐབས་དེ་དུས་ཁྱེད་རང་དང་མཉམ་དུ་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེ་རིགས་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུ་དང་། ཨུ་ཀྲུང་འབྲེལ་བ་མུ་མཐུད་ནས་ཆུ་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཞུ་བཞིན་ཡོད། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་དཔལ་འབྱོར་ཉོ་ཚོང་དང་། སྣུམ་རླངས། དངུལ་རྩ། འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་དང་དེ་བཞིན་འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་ཆེན་མོའི་མཉམ་ལས་བཅས་ལ་མུ་མཐུད་ཤུགས་སྣོན་རྒྱབ་སྟེ། ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་རིམ་བཞིན་འབྲེལ་མཐུད་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། རིམས་ནད་འགོག་བཅོས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱབ་སྟེ་རིམས་ནད་ཆབ་སྲིད་ཅན་དུ་འགྱུར་རྒྱུར་ངོ་རྒོལ་བྱེད་དགོས། མི་ཆོས་རིག་གནས་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་རྒྱབ་ཐོག ཕྱིས་འབྱུང་ལོ་གཉིས་ཀྱི་ལུས་རྩས་སྤེལ་རེས་ལོ་ཡག་པོ་གཉེར་དགོས། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོའི་སྲིད་གཞུང་གིས་ཐའེ་ཝན་དང་འབྲེལ་བའི་གནད་དོན་ཐད་ཀྱི་ལུགས་མཐུན་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། སྟོབས་ཤུགས་གང་རུང་གིས་ཐའེ་ཝན་དང་འབྲེལ་བའི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་རྣམ་པ་གང་རུང་གི་ཚོགས་པ་ཆུང་ཆུང་སྒྲིག་འཛུགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ། ཨུ་ཀྲུང་འབྲེལ་བར་དཀྲུག་ཤིང་རྒྱག་པའི་ཇུས་ངན་མཐའ་དག་ནམ་ཡང་ལམ་ལྷོངས་ཡོང་མི་སྲིད། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་ཕྱོགས་མང་ཚོགས་རའི་མཉམ་ལས་ཟབ་མོ་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ། ཀྲུང་གོའི་ཕྱོགས་ཀྱིས་སྤྱི་ལོ་2022ལོར་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་ཞུ་རྒྱུ། ཨུ་ཀྲུང་ཕྱོགས་གཉིས་པོའི་ནང་སྲིད་དང་རྒྱལ་ཁབ་གཉིས་པོའི་ལུགས་དང་མཐུན་པའི་གོང་འཕེལ་ཁེ་ཕན་ལ་བཀག་འགོག་བྱེད་པའི་ངན་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ། རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་བྱ་རྒྱུ། རྒྱལ་སྤྱིའི་འཐབ་ཇུས་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་རྒྱལ་ཁབ་ཁག་གི་དོན་ངོ་མའི་དམངས་གཙོའི་དབང་ཆའི་གནད་དོན་ཐད་འབྲེལ་གཏུག་ཟབ་མོ་བྱ་འདོད་ཡོད་ཅེས་བསྟན་གནང་འདུག
          གཞན་ཡང་ཕྱོགས་གཉིས་པོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད།
          རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྱང་སྤྱི་ལོ་2022ལོར་པེ་ཅིང་དུ་མཇལ་རྒྱུའི་ཞལ་ཆད་གནང་ཡོད།
          ཏིང་ཞུའེ་ཞང་དང་། ཝང་དབྱི། ཧོ་ལི་ཧྥེང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།