ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཐད་འདི་ལྟར་བསྟན།

སྤེལ་དུས 2023-02-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ1ཚེས31ཉིན་གྱི་ཕྱི་དྲོ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་གཉིས་པ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་རྒྱུ་ནི་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུར་གཞི་ཚུགས་ཤིང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་ཐད་བཏོན་པའི་འཐབ་ཇུས་བཀོད་ཇུས་ཤིག་ཡིན་པ་དང་། འབྱུང་འགྱུར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་ཚེ། གཞི་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་དུ་གཏོང་ཐུབ་པ་དང་འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་དང་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་ཐུབ་ཅིང་། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་དྲག་ཆར་རླུང་འཚུབ་དང་རྦ་རླབས་འཇིགས་སུ་རུང་བ་སྣ་ཚོགས་ཀྱི་ཁྲོད་དུ་རང་རྒྱལ་གྱི་འཚོ་གནས་ནུས་པ་དང་། འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་པ། རྒྱུན་མཐུད་ནུས་པ་བཅས་ཇེ་ཆེར་གཏོང་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་འགོར་དུ་མི་འགྲོ་བ་དང་ཐ་ན་རྒྱུན་ཆད་པའི་གནས་ཚུལ་མི་ཐོན་པར་འགན་ལེན་ཏན་ཏིག་ཐུབ་ཁར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཡང་རྒྱལ་ཁའི་ངང་མངོན་འགྱུར་ཡོང་ཐུབ་ཅེས་ནན་སྟོན་གནང་ཡོད།
             ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ནས་རང་སྦྱོང་གནང་བ་དང་འབྲེལ་ལས་ཀའི་མྱོང་ཚོར་སྤེལ་རེས་གནང་བ་ཞིག་ཡིན་ཞིང་། བློ་མཐུན་དབྱིན་ལི་དང་། ལིའུ་གོ་ཀྲུང་། ཧོ་ལི་ཧྥུང་། ཀྲང་གོ་ཆིང་། ཁྲེན་ཅི་ཉིང་། ཧོང་ཁུན་མིང་བཅས་ཀྱིས་ཁག་བགོས་དོ་དམ་ཁྱབ་ཁོངས་དང་ས་གནས་ཀྱི་ལས་དོན་དང་ཟུང་འབྲེལ་གནང་ནས་གཏམ་བཤད་སྤེལ་བ་དང་། ཚང་མས་སྤེལ་རེས་གནང་ཡོད།
             ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཉེ་བའི་ལོ་ཤས་རིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བར་ཕན་འབྲས་ཁག་གཅིག་ཐོན་ནས་བསམ་བློའི་ཐུན་མོང་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་ཏུ་འགྲིལ་བ་དང་། ལས་ཀའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ། སྲིད་ཇུས་དང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ཡོད་མོད། འོན་ཀྱང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་གྲུབ་པ་བྱ་རྒྱུ་དེ་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད་པས། གནད་དོན་གྱི་སྟོན་ཕྱོགས་དང་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་རྒྱུར་ཚོད་འཛིན་ཐེབས་པའི་འགལ་ཟླ་དང་གནད་དོན་གཙོ་བོ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་ཤིང་། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ལག་ལེན་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ། བཟང་ཆ་དར་སྤེལ་དང་ཞན་ཆ་ཁ་གསབ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།
             ཞི་ཅིན་ཕིང་གིས། ནང་མཁོ་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཉིས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་དང་མཁོ་སྤྲོད་ཀྱིས་དགོས་མཁོ་གཏོད་པའི་ཆུ་ཚད་དེ་བས་མཐོ་བའི་འགུལ་རྣམ་དོ་སྙོམས་ཆགས་ཐབས་བྱས་པ་བརྒྱུད། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཐུབ་པ་བྱ་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་འཆར་འགོད་རྩ་གནད་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ནང་མཁོའི་མ་ལག་ཆ་ཚང་བ་ཞིག་གང་མགྱོགས་གྲུབ་པར་བྱེད་པ། ཡོང་འབབ་ཀྱི་འདེགས་སྐྱོར་ཡོད་པའི་འཛད་སྤྱོད་དགོས་མཁོ་དང་ལུགས་མཐུན་གྱི་ལན་ཆ་ཡོད་པའི་མ་འཇོག་དགོས་མཁོ། མ་རྩ་དང་བུ་ལོན་གྱི་ཚད་བཀག་ཡོད་པའི་དངུལ་རྩའི་དགོས་མཁོ་བཅས་རྒྱ་ཆེར་གཏོང་དགོས། གྲོང་མིའི་འཛད་སྤྱོད་རྒྱ་ཆེར་གཏོང་བའི་ཡུན་ཕན་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་བཏང་བ་བརྒྱུད། གྲོང་མིར་འཛད་སྤྱོད་བྱེད་ཐུབ་པའི་ཡོང་འབབ་བརྟན་པོ་ཡོད་པ་དང་། སེམས་ཁྲལ་མེད་པའི་སྒོ་ནས་འཛད་སྤྱོད་བྱེད་ཕོད་པ། འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བའི་ཐོག་ནས་ཐོབ་ཚོར་ཡོད་པ་དང་འཛད་སྤྱོད་བྱ་འདོད་ཡོད་པ་བཅས་བྱ་དགོས། མ་འཇོག་རྒྱ་ཆེར་གཏོང་བའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། ནུས་ལྡན་མ་འཇོག་གི་བར་ཁམས་རྒྱ་སྐྱེད་གཏོང་བ། རྣམ་པ་གསར་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འོས་འཚམ་ངང་སྔ་ནུར་དུ་བཀོད་སྒྲིག་བྱེད་པ། ལག་རྩལ་མཐོ་བའི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་འཇོག་བྱ་ཤུགས་ཆེ་རུ་གཏོང་བ། དམངས་ཁྲོད་ཀྱི་མ་འཇོག་གསོན་ཤུགས་རྒྱུན་མཐུད་སྐུལ་སྤེལ་བཅས་བྱ་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་གསར་སྐྲུན་དང་ལམ་ལུགས་གསར་གཏོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། མཁོ་སྤྲོད་ལ་ཚད་བཀག་ཐེབས་པའི་དཀའ་གནད་དང་། སྐྱོན་ཆ། ཞན་ཆ་བཅས་འགག་སྒྲོལ་བྱེད་པ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་འགྲན་རྩོད་ནུས་པ་དང་བདེ་འཇགས་རང་བཞིན་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། རང་བརྟེན་ཚོད་འཛིན་ཐུབ་པ་དང་སྤུས་ཀ་ལེགས་པའི་མཁོ་སྤྲོད་ཀྱིས་ད་ཡོད་ཀྱི་དགོས་མཁོ་སྐོང་བ་དང་། གསར་སྐྲུན་གྱིས་དགོས་མཁོ་གསར་པར་སྣེ་ཁྲིད་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
             ཞི་ཅིན་ཕིང་གིས། ཚན་རྩལ་རང་ཚུགས་རང་སྤེལ་གྱི་གོམ་སྟབས་མགྱོགས་སུ་བཏང་ནས། ཕྱི་རྒྱལ་གྱིས་གནད་འགག་བཟུང་བའི་གནད་དོན་ཐག་གཅོད་བྱེད་དགོས། རྒྱལ་ཡོངས་ཀྱི་སྒྲིག་གཞི་གསར་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ། སྒྲིག་བཀོད་གསར་སྐྲུན་ཐོན་ཁུངས་ལེགས་སུ་གཏོང་བ་བཅས་བྱས་པ་བརྒྱུད། རང་རྒྱལ་འདི་ཉིད་ཚན་རྩལ་ཁྱབ་ཁོངས་གལ་ཆེན་ཐད་གོ་ལ་ཧྲིལ་པོའི་སྣེ་ཁྲིད་པར་འགྱུར་བ་དང་མདུན་གྲལ་སྣོལ་འདྲེས་ཁྱབ་ཁོངས་ཀྱི་གསར་གཏོད་པར་འགྱུར་བ་བྱས་ཏེ། འཛམ་གླིང་གི་ཚན་རིག་ལྟེ་གནས་དང་གསར་སྐྲུན་མཐོ་ས་གཙོ་བོར་སྔ་ཙམ་འགྱུར་བ་བྱེད་དགོས། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་། སློབ་གསོ་གོང་འཕེལ་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཁོར་རྒྱུག་ཡག་པོ་ཡོང་བ་བྱེད་པ། དང་ཐོག་མའི་གསར་སྐྲུན་དང་། འདུས་གྲུབ་གསར་སྐྲུན། སྒོ་དབྱེའི་གསར་སྐྲུན་བཅས་གཞི་གཅིག་ཏུ་ཇུས་བཀོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འབྲེལ་མཐུད་ནུས་ལྡན་ཐུབ་པ་བྱེད་པ། གསར་སྐྲུན་སྦྲེལ་ཐག་དང་། ཐོན་ལས་སྦྲེལ་ཐག ཤེས་ལྡན་པའི་སྦྲེལ་ཐག་བཅས་གཞི་གཅིག་ཏུ་བཀོད་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
             ཞི་ཅིན་ཕིང་གིས། འཕེལ་རྒྱས་ཀྱི་རྣམ་པ་གསར་པས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་རྨང་གཞི་བྱེད་པ་དང་། དཔལ་འབྱོར་འཁོར་རྒྱུག་བདེ་བླགས་ཡོང་བར་ཐོན་ལས་ཁག་གོ་རིམ་ལྡན་པའི་སྒོ་ནས་འབྲེལ་མཐུད་དང་ལས་ཆོད་མཐོ་པོས་ཤར་གཏོང་ཐུབ་པ་བྱ་དགོས། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཟུགས་དཔལ་འབྱོར་ཐོག་འཇོག་པ་དང་། རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། བཟོ་སྐྲུན་སྟོབས་ཆེན་རྒྱལ་ཁབ་དང་སྤུས་ཚད་ལེགས་པའི་རྒྱལ་ཁབ། དྲ་སྦྲེལ་སྟོབས་ཆེའི་རྒྱལ་ཁབ། གྲངས་འཛིན་ཀྲུང་གོ་བཅས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་འཛིན་ཐོན་ལས་ཁྱུ་ཚོགས་གཏོད་དགོས། ཐོན་ལས་གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་ཞན་ཆའི་ཐོན་ལས་ཀྱི་འབྲེལ་ཐག་ཁ་གསབ་བྱེད་པ་དང་བཟང་ཆའི་ཐོན་ལས་ཀྱི་འབྲེལ་ཐག་རྒྱུན་མཐུད་བྱེད་པ། སྲོལ་རྒྱུན་ཐོན་ལས་ཀྱི་འབྲེལ་ཐག་རིམ་སྤོར་དང་གསར་དར་ཐོན་ལས་ཀྱི་འབྲེལ་ཐག་འཛུགས་པ་བཅས་བྱས་ཏེ། ཐོན་ལས་གོང་འཕེལ་གྱི་རྒྱུན་མཐུད་རང་བཞིན་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་ལེགས་སྒྱུར་བྱས་ནས་གཙོ་གནད་ཐོན་ལས་རྒྱལ་ཁབ་ཕྱི་ནང་དུ་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་ཀྱི་ལས་བགོས་དང་མཉམ་ལས་ནང་ཁེ་ལས་ཟབ་ཞུགས་བྱ་རྒྱུར་རྒྱབ་སྐྱོར་གྱིས་ཕྱི་ནང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ཐོག རང་བརྟེན་ཚོད་འཛིན་ཐུབ་པ་དང་བདེ་འཇགས་བློས་འགེལ་རུང་བ། འགྲན་ཤུགས་ཆེ་བ་བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
             ཞི་ཅིན་ཕིང་གིས། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ཁྱབ་ཁྱོན་ཆེ་རུ་གཏོང་དགོས། ཤང་གྲོང་ཉིད་འཛད་སྤྱོད་ཁྲོམ་ར་དང་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཡིན་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཐོག གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་རྡལ་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཐུབ་པ་བྱ་དགོས། ས་གནས་ཁག་གིས་རང་ངོས་གཅིག་པུ་འཁོར་རྒྱུག་བྱེད་རིགས་བཀག་འགོག་དང་ས་ཁོངས་ཀྱི་བཀག་རྒྱ་མེད་པར་བཟོས་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་དངོས་སུ་ཆགས་པ་བྱ་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། བྱེད་ནུས་གཙོ་བོ་ཐོན་ཁུལ་གྱི་འཐབ་ཇུས་སོགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་གནས་སྟངས་གལ་ཆེན་ལེགས་སུ་གཏོང་བ། རིགས་ཁག་གི་རྒྱུ་རྐྱེན་གཙོ་བོ་ལུགས་མཐུན་ངང་འཁོར་རྒྱུག་དང་ལས་ཕྱོད་ཆེན་པོས་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱིས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤར་བགྲོད་ཐུབ་པ་བྱ་དགོས་ཞེས་བསྟན་གནང་ཡོད།
             ཞི་ཅིན་ཕིང་གིས། བསྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་ཆེན་མོའི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་འགྱུར་བའི་བསྒྱུར་བཅོས་ཟབ་སྤེལ་དང་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་བཙུགས་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་གང་མགྱོགས་འཛུགས་དགོས། ཐོན་དབང་སྲུང་སྐྱོབ་དང་། ཁྲོམ་རར་ཞུགས་འཐུས། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཀྱི་ཡིད་རྟོན་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ། མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་དེ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་དེར་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ། རིགས་ཁག་གི་གཉེར་སྐྱོང་བྱེད་པོས་མ་དངུལ་གཏོང་བ་དང་ལས་གཏོད་བྱ་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་པ་དང་། རིགས་ཁག་གི་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་སྐུལ་སློང་བྱ་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་དང་སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་དབྱེར་གོམ་སྟབས་བརྟན་པོས་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་འཁོར་རྒྱུག་ཆེན་པོའི་ཁྲོད་ཀྱི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་གྲོས་མོལ་ནང་ཧུར་ཐག་ཞུགས་པ། སྒོ་དབྱེ་དང་། སྣ་མང་། བརྟན་པོ་བཅས་ཀྱི་འཛམ་གླིང་གི་དཔལ་འབྱོར་སྒྲིག་ལམ་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་མཉམ་འགུལ་འཁོར་རྒྱུག་ཐུབ་རྒྱུར་མཐུན་རྐྱེན་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།