ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་7ཚེས་30ཉིན་གྱི་ཕྱི་དྲོར། དེང་རབས་ཀྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ནས། དེང་རབས་ཀྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ནང་གནས་བླང་བྱ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་འགན་ལེན་བྱེད་པའི་དགོས་ངེས་ཀྱི་ནང་དོན་ཞིག་ཡིན་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་དང་དམག་དོན་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་གཞི་རྐང་འཛུགས་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་གནས་ཚུལ་གསར་པ་དང་། ཁྱད་ཆོས་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཆུད་པར་བྱེད་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། བསམ་གཞིགས་བྱ་ཐབས་གསར་གཏོད་བྱེད་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས། སྟོབས་ཆེ་བ་དང་སྲ་ཞིང་བརྟན་པའི་དེང་རབས་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་ཧུར་བརྩོན་ཆེན་པོས་འཛུགས་དགོས་ཞེས་ནན་སྟོན་གནང་བ་རེད།
ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་དེ་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་སྔ་ནུབ་ཏུ་སྐོང་འཚོགས་བྱས་པ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་གྲ་སྒྲིག་དམག་ཞབས་པ་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
ཀྲུང་དབྱང་དམག་ཨུད་མཉམ་འབྲེལ་དྲག་ཇུས་པུའུ་ཡི་བློ་མཐུན་ཧོང་ཅི་ཀྲུང་གིས། དེང་རབས་ཀྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གནད་དོན་སྐོར་ལ་གསལ་འགྲེལ་གནང་བ་དང་། ལས་ཀའི་གྲོས་འགོ་ཡང་བཏོན་གནང་བ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གསལ་འགྲེལ་ལ་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་གནང་བ་རེད།
ཞི་ཅིན་ཕིང་གིས་གསལ་འགྲེལ་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་ནི་རྒྱལ་ཁབ་བདག་དབང་གི་མཚོན་རྟགས་གལ་ཆེན་དང་། རྒྱལ་ཁབ་བདེ་འཇགས་ཀྱི་སྐར་ཁུང་གལ་ཆེན། རྒྱལ་ཁབ་གོང་འཕེལ་གྱི་འགན་ལེན་གལ་ཆེན་བཅས་ཡིན་པས། རང་རེའི་ཏང་གིས་སྔ་མོ་ནས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛུགས་སྐྱོང་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གནས་བབ་གལ་ཆེན་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཏང་དང་། སྲིད། དམག ཉེན་རྟོག དམངས་བཅས་ཀྱིས་མཉམ་དུ་མཐའ་སྲུང་སྟོབས་ཤུགས་ཆེ་རུ་བཏང་བ། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འགོ་ཁྲིད་དོ་དམ་སྒྲིག་སྲོལ་དང་། སྟོབས་ཤུགས་གྲུབ་གཞི། སྲིད་ཇུས་ལམ་ལུགས་སོགས་བསྒྱུར་བཅོས་གལ་ཆེན་རབ་དང་རིམ་པ་ལག་བསྟར་ལ་འགོ་ཁྲིད་བྱས་པ། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་བྱ་སྤྱོད་གལ་ཆེན་རབ་དང་རིམ་པ་སྤེལ་བར་བཀོད་འདོམས་བཅས་བྱས་པས། རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་གོང་འཕེལ་འཐབ་ཇུས་ཀྱི་རང་འགུལ་ལ་སྲུང་སྐྱོང་ཐུབ་ཡོད། རང་རྒྱལ་གྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛུགས་སྐྱོང་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ནས་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མྱུར་པོ་འགྲོ་བཞིན་ཡོད་པས། རང་རྒྱལ་གྱི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་ནང་རྐྱེན་དང་ཕྱི་རྐྱེན་གཉིས་ཀར་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་། ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་སྔར་བས་རྙོག་འཛིང་ཆེ་རུ་ཕྱིན་ཏེ། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛུགས་སྐྱོང་ལ་གོ་སྐབས་དང་འགྲན་སློང་གསར་པ་འཕྲད་ཡོད། མ་ལག་གི་འདུ་ཤེས་མཐའ་འཁྱོངས་དང་ཁྱོན་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྲུང་མཐའ་སྲུང་གི་སྤྱི་ཡོངས་ནུས་པ་ཆེ་རུ་གཏོང་དགོས། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛུགས་སྐྱོང་དང་མཐའ་མཚམས་དང་མཚོ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་མཉམ་མཐུད་དང་མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱེད་ཐུབ་ལ་གོང་འཕེལ་ལ་འདེགས་སྐྱོར་ནུས་ལྡན་ཡང་བྱེད་ཐུབ་པའི་མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛུགས་སྐྱོང་གི་རྣམ་པ་གཏོད་དགོས། ཚན་རྩལ་གྱི་ནུས་པ་སྦྱིན་ཤུགས་ཆེ་རུ་གཏོང་བ་དང་། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་བྱེད་ཐབས་གསར་པ་དང་མཐུན་རྐྱེན་བསྐྲུན་ཤུགས་ཆེ་རུ་གཏོང་བ། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་ལངས་གཟུགས་རིག་ནུས་དོ་དམ་ཚོད་འཛིན་མ་ལག་འཛུགས་པ། འབྲེལ་ཡོད་རྒྱལ་ཁབ་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛུགས་སྐྱོང་ལ་མཐའ་འཁོར་གྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་ཚད་ཆེ་རུ་གཏོང་བ་དང་། སྔར་ཡོད་ཀྱི་བསྒྱུར་བཅོས་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ། གཏན་འཁེལ་བྱས་ཟིན་པའི་བསྒྱུར་བཅོས་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། རྗེས་མཐུད་བསྒྱུར་བཅོས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛུགས་སྐྱོང་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། གཅིག་ནས་འཁོར་སྐྱོད་དང་། གཅིག་ཤོས་ནས་བསྒྱུར་བཅོས། ཕྱོགས་གཞན་ཞིག་ནས་འཐུས་སྒོ་ཚང་དུ་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། འགོ་ཁྲིད་དོ་དམ་སྒྲིག་སྲོལ་ལེགས་སུ་གཏོང་བ། དམག་དཔུང་དང་ས་གནས་ལས་བརྒལ་བའི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འབྲེལ་ཡོད་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་ལས་དོན་ཁག་ཚད་ལྡན་གོ་རིམ་ཡོད་པ་དང་བདེ་བླག་ནུས་ཆེ་ཡོང་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། རྒྱལ་ཁབ་ཀྱི་མཁའ་ཐོག་འགྲིམ་འགྲུལ་དོ་དམ་ལས་དོན་ཡག་པོ་སྒྲུབ་པ་དང་། དམའ་དབྱིངས་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་མཁའ་ཟོན་འཛུགས་སྐྱོང་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ནས། དེང་རབས་ཀྱི་མི་དམངས་མཁའ་ཟོན་མ་ལག་འཛུགས་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་དེ་དམག་དཔུང་དང་ས་གནས་ཀྱི་སྡེ་ཚན་དང་བང་རིམ་མང་པོ་དང་འབྲེལ་བ་ཡོད་པས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་དང་། སྲིད། དམག ཉེན་རྟོག མི་དམངས་བཅས་ཀྱིས་མཉམ་དུ་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལེགས་ཆ་འདོན་སྤེལ་བྱེད་པ། མཐའ་མཚོ་མཁའ་གསུམ་གྱི་འགོག་སྲུང་འཛུགས་སྐྱོང་གི་དམག་དཔུང་དང་ས་གནས་ཀྱི་འཆར་འགོད་སྦྲེལ་མཐུད་དང་། ལས་འགན་སྦྲེལ་མཐུད། ཐོན་ཁུངས་གཅིག་གྱུར་འཆར་འགོད་བཅས་ལ་ཤུགས་སྣོན་རྒྱག་པ། དམག་དཔུང་དང་། ཉེན་རྟོག་པ། མི་དམངས་བཅས་ཀྱི་མཉམ་འབྲེལ་འགོག་སྲུང་བཀོད་འདོམས་དང་བྱ་སྤྱོད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། མིག་མང་འགྲིག་སྐོར་གཅིག་དང་མཉམ་ཤུགས་གཅིག་སྒྲིལ་ཐུབ་པ་བྱེད་དགོས། དམག་དཔུང་གིས་རང་འགུལ་ངང་ས་གནས་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ས་གནས་ཏང་ཨུད། སྲིད་གཞུང་བཅས་ཀྱིས་རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འགན་འཁྲི་ནན་ཏན་ངང་སྒྲུབ་པ། ཆད་ལྷག་འཆུག་པ་མེད་པའི་སྒོ་ནས་རྒྱལ་སྲུང་འཛུགས་སྐྱོང་དང་སྲ་བརྟན་དུ་གཏོང་བའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།