ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚེས་9ཉིན་ཚོགས་འདུ་འཚོགས་ནས། 2025ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་བ་དང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་སྙན་ཞུ་གསན་ཞིང་། 2025ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ཚོགས་འདུའི་ཐོག ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་སྟེ། ཁ་གཏད་ནན་འཇལ་དང་། ཕྱོགས་བསྡུས་ཇུས་འདོན་གནང་བ་དང་། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་། བརྟན་པོའི་ངང་ཡར་རྒྱས་བྱུང་ནས། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། བསྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སེལ་རྒྱུ་གོ་རིམ་ལྡན་ཞིང་ནུས་ལྡན་བྱུང་བ། དམངས་འཚོ་འགན་ལེན་ཏན་ཏིག་དང་ནུས་ལྡན་བྱུང་བ་བཅས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་ཐུབ་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད།
ཚོགས་འདུའི་ཐོག སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་།གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་ལྟེ་བའི་ནང་དོན་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྔར་ལས་ལྷག་པའི་ངང་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་ལེགས་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པ། དེ་བས་དགེ་མཚན་ལྡན་ཞིང་ཕན་འབྲས་ཆེ་བའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པ། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁང་ཚོང་དང་མ་རྐང་ཁྲོམ་ར་བརྟན་པོ་ཡོང་བ་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱི་ཕྱོགས་ཀྱི་ཕོག་ཐུག་དོགས་ཟོན་དང་མེད་པར་བཟོ་བ། སྔོན་དཔག་བརྟན་གཏོང་དང་གསོན་ཤུགས་འཕེལ་བར་བྱེད་པ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་འགྲུབ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་སྟོན་གནང་ཡོད།
ཚོགས་འདུའི་ཐོག སང་ལོར་བརྟན་ཐོག་ཡར་འཕེལ་དང་། ཡར་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དྲང་སྲུང་གསར་གཏོད་དང་སྔོན་འཛུགས་རྗེས་གཏོར། མ་ལག་འདུས་གྲུབ། མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ནས། དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ་དང་། སྲིད་ཇུས་ཀྱི་བྱ་ཐབས་འཐུས་ཚང་དུ་གཏོང་བ། རྒྱུན་སྲོལ་ལས་བརྒལ་བ་དང་དུས་འཁོར་ལས་ལྡོག་པའི་ལེགས་སྒྲིག་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི“ཐབས་མང་མཉམ་བཟུང”ཡག་པོ་བྱས་ཏེ། སྤྱི་ཁོག་སྙོམས་སྒྲིག་གི་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་དགོས། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་འཇོག་ཕན་འབྲས་ཆེ་རུ་བཏང་སྟེ་རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་སྐྱེད་གཏོང་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། མཚོན་རྟགས་རང་བཞིན་གྱི་བསྒྱུར་བཅོས་བྱ་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་ཕྱི་དངུལ་བརྟན་པོ་ཡོང་བ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་ངང་དོགས་ཟོན་དང་སེལ་བར་བྱས་ནས། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པ་བྱེད་པའི་མཐའ་ཚད་བརྟན་པོར་སྲུང་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ས་ཁོངས་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཁོངས་འཕེལ་རྒྱས་གཏོང་བའི་གསོན་ཤུགས་ཆེ་རུ་གཏོང་དགོས། ཐཱན་ཉུང་དང་བཙོག་འབུད་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད་དང་འཕར་སྣོན་འགྲོ་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ལྗང་མདོག་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་གཏོང་དགོས་ཞེས་བསྟན་འདུག
ཚོགས་འདུའི་ཐོག ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས། ཕྱོགས་ཁག་གི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ནས། ལས་བྱེད་པས་ལས་སྒྲུབ་ལས་སྐྲུན་བྱེད་པའི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་དགོས། དམ་པ་དོན་གཉེར་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་དཔག་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྲིད་ཇུས་ཀྱི་སྤྱི་ཡོངས་ཕན་ནུས་ཆེ་རུ་གཏོང་དགོས། དམངས་འཚོ་འགན་ལེན་དང་བདེ་འཇགས་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་བས་གཏིང་ཟབ་དང་དེ་བས་དངོས་གཉེར་ཡོང་རྒྱུར་སྐུལ་འདེད་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པ། རུལ་སུངས་ཀྱི་གནད་དོན་ཐོན་སའི་ས་རྒྱུ་དང་ཆ་རྐྱེན་རྩ་མེད་བཟོ་རྒྱུར་ཤུགས་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། བརྗོད་དོན་གཙོ་བོའི་སློབ་གསོ་དང་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཕན་འབྲས་གསར་པ་ཐོབ་པ་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ། རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པ་དང་། “སྲུང་སྐྱོང་གཉིས”ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། བསྒྱུར་བཅོས་གལ་ཆེན་དོན་འཁྱོལ་བྱེད་ཚུལ་དེ་ལྟ་སྐུལ་ཞིབ་བཤེར་དང་སྐོར་ཞིབ་སྐོར་དཔྱོད་ཀྱི་ནང་དོན་དུ་བཅུག་སྟེ། ནུས་ལྡན་གྱི་ལྟ་སྐུལ་ཐོག་ནས་བསྒྱུར་བཅོས་བདེ་བླག་ཡོང་བར་འགན་ལེན་བྱེད་དགོས་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས། ཏང་གི་སྒྲིག་ཁྲིམས་སྐོར་གྱི་སློབ་གསོའི་གཅུན་སྡོམ་དང་འགན་སྲུང་སྐུལ་སློང་གི་ནུས་པ་ཕྱོགས་བསྡུས་ཀྱིས་འདོན་སྤེལ་བྱེད་དགོས་པ། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྤྱོད་ཚུལ་ཡོ་བསྲང་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་གཞི་གཅིག་ཅན་དུ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མུ་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། བསྒྱུར་བཅོས་དང་འཕེལ་རྒྱས་གྲུབ་འབྲས་ཀྱིས་དེ་བས་ལེགས་པ་དང་དེ་བས་དྲང་གཞག་ངང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲིར་ཤུགས་སྣོན་བརྒྱབ་སྟེ། ནན་པའི་ལྟེ་བའི་ནང་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་སྟོབས་ཆེན་ཞིག་གཏོད་དགོས་པ་བཅས་ནན་སྟོན་བྱས་ཡོད།
དེའི་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་2024ལོའི་ལས་ཀའི་གནས་ཚུལ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་སེང་གསན་པ་རེད།
ཚོགས་འདུའི་ཐོག་སང་ལོའི་ཟླ་1ཚེས་6ཉིན་ནས་ཚེས་8ཉིན་བར་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུར་མོས་མཐུན་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།