ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་སྒྲིག་འཛུགས་འདིའི་འགན་འཁུར་བ་དང་མཇལ་འཕྲད་གནང་།

སྤེལ་དུས 2024-12-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཟླ12པའི་ཚེས10ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར“1+10”གླེང་མོལ་ཚོགས་འདུར་ཞུགས་པར་ཕེབས་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་གཙོ་བོའི་འགན་འཁུར་བ་དང་མཇལ་འཕྲད་གནང་ཡོད། 
ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་གཙོ་བོའི་འགན་འཁུར་བ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་དང་། ཁོང་ཚོས་ཀྲུང་གོའི་དེང་རབས་ཅན་གྱི་བྱ་གཞག་ལ་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། 
             ཞི་ཅིན་ཕིང་གིས། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་འདི་ཉིད་ཟང་ཟིང་བརྗེ་སྒྱུར་གྱི་དུས་མཚམས་གསར་པར་སླེབས་ནས། སླར་ཡང་འགག་རྩའི་ལམ་བཞི་མདོ་ཁར་གནས་ཡོད། མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན་པ་དང་། རྒྱལ་ཁབ་ཁག་གྲུ་ཆུང190ལྷག་ཙམ་གྱི་ཐོག་ཏུ་སྡོད་པ་ཞིག་མིན་པར། ལས་དབང་གཅིག་སྦྲེལ་གྱི་གྲུ་གཟིངས་ཆེན་པོ་གཅིག་གི་ཐོག་སྡོད་པ་ཞིག་ཡིན་པས། ཕན་ཚུན་དབར་ཕར་ཕྱོགས་ཀྱི་འཕེལ་རྒྱས་དེ་རང་སོའི་གོ་སྐབས་སུ་བརྩི་བ་ལས་འགྲན་སློང་དུ་མི་བརྩི་བ་དང་། ཕན་ཚུན་དབར་ཕར་ཕྱོགས་རོགས་ཟླར་བརྩི་བ་ལས་འགྲན་ཡར་མི་བརྩི་བར། “གོ་ལ་ཧྲིལ་པོ་མཉམ་རོགས”དང་། མཐུན་སྒྲིལ་རོགས་ལས། གཉིས་ཕན་མཉམ་རྒྱལ་བཅས་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་འགྱུར་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་གཙོ་བོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་གཞུང་དྲང་གི་འཛམ་གླིང་ཞིག་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད། 
             གསར་སྤེལ་དངུལ་ཁང་གསར་པའི་འགོ་འཛིན་ལུའོ་སའེ་ཧྥུ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱི་སྤྱི་འདོམས་ཀེ་ཨོར་ཅི་ཡེ་ཝ། འཛམ་གླིང་དངུལ་ཁང་གི་འགོ་འཛིན་ཕེང་ཨན་ཅེ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་དབྱི་ཝུའེ་ལ་བཅས་ཀྱིས་ཕྱི་ཕྱོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད། ཁོང་ཚོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་པ་མ་ཟད། ཀྲུང་གོས་དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱུང་བ་དང་། ལྷག་པར་དུ་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་སུ་མིའི་རིགས་ཀྱི་ངོ་མཚར་བཏོད་ཡོད་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཐད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་ཡོད་པ། དེའི་ཐོག་ནས་ཀྲུང་གོ་སྲིད་གཞུང་གིས་འཛིན་པའི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ནི་ལེགས་འགྲུབ་ལྡན་པ་ཞིག་ཡིན་ལ། ལག་ལེན་དུ་འཁྱོལ་ཐུབ་པ་ཞིག་ཀྱང་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ནས། འཛམ་གླིང་ལ་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དཔལ་འབྱོར་འཕར་སྣོན་འགྲོ་བའི་སྒུལ་ཤུགས་གལ་ཆེན་དང་བརྟན་ལྷིང་གི་ཀ་ཕུར་ལྟ་བུ་ཞིག་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་མཁན་ཞིག་ཡིན། ཀྲུང་གོས་རྒྱུན་མཐུད་ངང་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བས། སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་བྱུང་བ་དང་། འཛམ་གླིང་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་གོ་སྐབས་ཧ་ཅང་ཆེན་པོ་བསྐྲུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་བཏོན་གནང་ཞིང་། དེའི་ཐོག་ནས་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་གོའི་འགན་སེམས་གང་ལེགས་མཚོན་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་འཁོར་ནང་བསྡད་ནས་རང་ངོས་འཕེལ་རྒྱས་ཡོང་བ་བྱེད་པར་སྟེགས་བུ་གལ་ཆེན་མཁོ་འདོན་བྱས་ཡོད། མིག་སྔའི་འཛམ་གླིང་གི་དཔལ་འབྱོར་དུས་བབ་ལ་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་ཡོད་པ་དང་། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་གཉིས་སྨྱོ་ཧམ་ཆེ་རུ་ཕྱིན་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་མིག་རྒྱང་ཀྲུང་གོར་ཕྱོགས་རྒྱུ་ཡིན་པས། ཀྲུང་གོས་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གལ་ཆེན་གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ལ་ཡིད་ཆེས་ཀྱང་ཡོད། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་གཙོ་བོས་ཀྲུང་གོ་ཕྱོགས་དང་རོགས་ལས་དམ་ཟབ་བྱེད་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། རང་མོས་ཉོ་ཚོང་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས། འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་གྱི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་གསུངས་གནང་ཡོད། 
             ཞི་ཅིན་ཕིང་གིས་ཕྱི་ཕྱོགས་འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་པ་དང་འབྲེལ། འཛམ་གླིང་གི་དཔལ་འབྱོར་དང་ཀྲུང་གོའི་དཔལ་འབྱོར། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སོགས་ཕ་རོལ་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐད་ལན་བསྐྱོན་གནང་ཡོད། 
             ཞི་ཅིན་ཕིང་གིས། ཇི་ལྟར་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་དང་རྒྱུན་མཐུད་རུང་བའི་འཕར་སྣོན་གྱི་ལམ་བུའི་ཐོག་སྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། རྒྱལ་ཁབ་ཁག་གི་དཔལ་འབྱོར་ལ་རང་རང་སོ་སོའི་དཀའ་ངལ་ཡོད་པས། མཉམ་ལས་བྱས་ཏེ་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་མ་ལག་བསྐྲུན་པ་དང་། གསར་གཏོད་ཀྱིས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས། ཐཱན་ཉུང་ལག་རྩལ་སོགས་ཀྱི་གོ་སྐབས་གལ་ཆེན་ཁོང་དུ་ཡག་པོ་ཆུད་པར་བྱེད་པ། དཔལ་འབྱོར་འཕར་སྣོན་འགྲོ་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གསར་པ་གཏོད་པ། ཤེས་བྱ་དང་ལག་རྩལ། ཤེས་ལྡན་མི་སྣ་བཅས་རྒྱལ་མཚམས་སྒྲོལ་ནས་འཁོར་སྐྱོད་བྱེད་པར་རྒྱབ་སྐྱོར་བཅས་བྱེད་དགོས། “སྒོ་ར་ཆུང་ཆུང་བསྐྲུན་པ་དང་གྱང་མཐོན་པོ་བརྩེགས་པ”“སྦྲེལ་ཐག་གཅོད་པ”སོགས་བྱས་ཚེ། རང་གཞན་གཉིས་ཀར་ཕན་ཐོགས་མེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཡག་པོ་བྱུང་ཚེ་གཞི་ནས་འཛམ་གླིང་ཡག་པོ་ཡོང་ཐུབ་པ་དང་འཛམ་གླིང་ཡག་པོ་བྱུང་ཚེ་ཀྲུང་གོ་དེ་བས་ཡག་པ་ཡོང་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་ཁག་གིས་དཔལ་འབྱོར་ཐད་ཕན་ཚུན་བརྟེན་རེས་བྱེད་པ་དེ་སྐྱོན་སྤངས་དགེ་སྒྲུབ་དང་གཉིས་ཕན་མཉམ་རྒྱལ་གྱི་བྱ་བ་བཟང་པོར་བརྩི་དགོས་པ་ལས་ཉེན་ཁར་བརྩི་མི་རུང་ཞེས་བསྟན་གནང་ཡོད།
             ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་དང་ལྷག་པར་དུ་ཉེ་ཆར་ཀྲུང་གོས་བཏོན་པའི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་ངོ་སྤྲོད་གནང་བ་དང་། ཁོང་གིས། ལོ40ལྷག་ཙམ་རིང་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་བརྒྱུད། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ནས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་ལེགས་སྐྱེས་འབུལ་ཚད30%ཙམ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོ་ཕྱོགས་ལ་ད་ལོའི་དཔལ་འབྱོར་འཕར་སྣོན་གྱི་དམིགས་ཚད་མངོན་འགྱུར་ཐུབ་ནས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་ཆེ་ཤོས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་ཐུབ་རྒྱུའི་ཡིད་ཆེས་ཆེན་པོ་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་སྒོ་དབྱེ་ཁོང་ཡངས་ཤིག་ཡིན། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་གཏོད་པ་བཅས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་དེ་བས་མང་བ་བསྐྲུན་པ་དང་འཕེལ་རྒྱས་ཀྱི་ཕན་པ་དེ་བས་མང་བ་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
             ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ10སོང་རིང་ཐོན་པའི་དགེ་མཚན་ལྡན་པའི་འཕེལ་རིམ་ངོ་སྤྲོད་གནང་བ་དང་། ཀྲུང་གོ་ནི་ལག་ལེན་པ་དང་བྱ་སྤྱོད་སྤེལ་མཁན་ཞིག་ཡིན་ཏེ། “གཟེར་འདེབས”སྙིང་སྟོབས་ལ་བརྟེན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཀྲུང་གོ་དང་འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་སྦྲེལ་ཟམ་ཞིག་བསྐྲུན་ཡོད། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཁག་ནས་མུ་མཐུད་དེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས། ཞི་བདེ་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད། 
             གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སྐོར་ལ། ཞི་ཅིན་ཕིང་གིས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བར་ཕན་ནུས་ལྡན་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་ཁ་འབྲལ་ཐབས་མེད། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཀྱིས་དུས་བསྟུན་མདུན་སྐྱོད་བྱས་ཏེ། དུས་རབས་ཀྱི་འབོད་སྒྲ་དང་འཛམ་གླིང་མི་དམངས་ཀྱི་རེ་སྒུག་ལ་ལན་ཆ་བྱེད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་བསྒྱུར་བཅོས་ཁྲོད་ཧུར་ཐག་ཞུགས་པ་དང་དེར་སྐུལ་འདེད་ཧུར་ཐག་གཏོང་བ། དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཛུགས་པ། འཛམ་གླིང་དཔལ་འབྱོར་གནས་སྟངས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་མཚོན་པ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་ཁག་ལ་དེའི་ཐད་ཐུན་མོང་གི་ངོས་འཛིན་ཁག་གཅིག་བྱུང་ཡོད་པས། འགག་རྩ་ནི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཐད་བསྒྱུར་བཅོས་གང་འདྲ་བྱས་ནའང་། ཚང་མས་ངེས་པར་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་དང་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁག་གི་དབང་ཆ་འདྲ་མཉམ་དང་གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 
             ཞི་ཅིན་ཕིང་གིས་ད་དུང་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་འཛིན་པའི་ཐོག་མཐའ་བར་གསུམ་གྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་སྲིད་གཞུང་དང་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་དང་མཉམ་ལས་རྒྱ་སྐྱེད། མི་མཐུན་སར་དོ་དམ་ཚོད་འཛིན་བཅས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ། རྒྱུན་མཐུད་རུང་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་གི་ཕྱོགས་སུ་སྐྱོད་རྒྱུའི་རེ་བ་ཡོད། སྒོ་ཁྲལ་དམག་འཐབ་དང་ཉོ་ཚོང་དམག་འཐབ། ཚན་རྩལ་དམག་འཐབ་བཅས་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་དཔལ་འབྱོར་གྱི་ཆོས་ཉིད་དང་རྒྱབ་འགལ་ཡིན་པས། རྒྱལ་ཁ་ཐོབ་མཁན་ཡོང་མི་སྲིད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སེམས་ནུས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས། རང་ཉིད་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་ཅེས་ནན་སྟོན་གནང་ཡོད།
             ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།