ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དུས་རབས20པའི་ལོ་རབས70པར། དཔེ་མཚོན་ཟློས་གར《སྒྲོན་དམར་ཟིན་ཐོ》ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་རེད་ཅེས་བརྗོད་ཆོག་སྟེ། 《སྒྲོན་དམར་ཟིན་ཐོ》བོད་ལྗོངས་སུ་སླེབས་རྗེས་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་དེ་བོད་ཀྱི་ལྷ་མོའི་ཟློས་གར་དུ་འཁྲབ་པ་རེད། སྟངས་སྟབས་དང་ཉམས་འགྱུར་གཅིག་ཀྱང་། གཞས་ལེན་སྟངས་མི་འདྲ་བའི་སྒོ་ནས་ལི་ཐེ་མའེ་དང་ལི་ཡུས་ཧོ་སོགས་གངས་ལྗོངས་མཐོ་སྒང་ནས་ཚང་མའི་སྤྱན་ལམ་དུ་འཕུལ་བ་རེད།
ལོ་ངོ45ཡི་རྗེས་སུ། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་བཙུགས་ནས་ལོ་ངོ60འཁོར་བའི་ལྷ་མོའི་རོལ་དབྱངས་འདུ་ཚོགས་ཀྱི་གར་སྟེགས་སུ་ལྷ་མོའི་འཁྲབ་སྟོན་རྣམ་པའི《སྒྲོན་དམར་ཟིན་ཐོ》ཡི་ནང་གི་ལི་ཐེ་མའེ་ཡི་འཁྲབ་སྟོན་པ་གནམ་གང་གིས་སླར་ཡང་མི་སྣ་དེ་འཁྲབ་སྟོན་བྱས་པ་དང་། དེའི་ནང་གི་ཆེས་ལེགས་པའི་ཚན་པ་འཁྲབ་པ་རེད།
ལྷ་མོའི་འཁྲབ་སྟོན་རྣམ་པའི《སྒྲོན་དམར་ཟིན་ཐོ》ནང་གི་ལི་ཐེ་མའེ་འཁྲབ་མཁན་གནམ་གང་གི་ལོ་ངོ45ཡས་མས་སྔོན་གྱི་འཁྲབ་ཚན་ནང་གི་སྣང་བརྙན།
གནམ་གང་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་བཙུགས་ནས་ལོ་ངོ60འཁོར་བའི་བྱེད་སྒོའི་ནང་ཞུགས་པ།
ཚུལ་འདི་ལས་གནམ་གང་དགའ་ཞིང་སྤྲོ་བས་བརྟས་སུ་བཅུག “1993ལོ་ནས་བཟུང་ངས་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་ཁུར་ནས2012ལོར་ལས་འཁྱུར་ངལ་གསོ་བྱས་པ་ཡིན་ལ། དེ་ནས་བཟུང་གར་སྟེགས་སུ་བུད་མྱོང་མེད། ཐེངས་འདིའི་རོལ་དབྱངས་འདུ་ཚོགས་ཀྱིས་ང་རང་གར་སྟེགས་སུ་ཕྱིན་ནས་ཡང་བསྐྱར་ལི་ཐེ་མའེ་མི་སྣ་འཁྲབ་ཏུ་བཅུག ངོ་མ་སེམས་འགུལ་ཆེན་པོ་ཐེབས་བྱུང་”ཞེས་དེ་ལྟར་བརྗོད་བཞིན་གནམ་གང་གི་མིག་ནས་མཆི་མ་དབང་མེད་དུ་བཞུར།
1972ལོར། གནམ་གང་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པར་རྒྱུགས་འཕྲོད་སྐབས་ད་དུང་དམའ་རིམ་སློབ་འབྲིང་ཡང་སློབ་མཐར་ཕྱིན་མེད། 2020ལོར་གནམ་གང་སླར་ཡང་གར་སྟེགས་སུ་བུད་པ་དང་། དགུང་ལོ64ལ་སླེབས་ཡོད། སྔོན་ཆད་གཞོན་ཉམས་དོད་པའི་ངོ་གདོང་དེ་ད་ལྟ་གཉེར་མས་ཁེངས་ཡོད་མོད། འོན་ཀྱང་ཁོ་མོའི་ངག་ཏུ་ད་དུང་སྔར་བཞིན་བརྗོད་ཀྱིས་མི་ལང་བའི་ལྷ་མོའི་ཟློས་གར་དང་འབྲེལ་བའི་གཏམ་རྒྱུད་མང་།
“སྐབས་དེ་དུས་ངས་ལྷ་ས་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་ཡོད། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་སློབ་མ་བསྡུ་བ་ཐོས་རྗེས་མིང་ཐོ་བཀོད་པ་ཡིན། སློབ་ཆུང་འགྲིམ་དུས། གནམ་གང་ནི་སློབ་གྲྭའི་དྲིལ་བསྒྲགས་རུ་ཁག་གི་རྐང་འཛིན་རུ་མི་ཡིན་ལ། རིག་རྩལ་ལེ་ཚན་མི་ཉུང་བ་ཞིག་འཁྲབ་སྟོན་བྱས། གླུ་གར་འཁྲབ་སྟོན་ལ་དགའ་བའི་ལྷན་སྐྱེས་འཇོན་ཐང་དེ་ལས་གནམ་གང་བདེ་བླག་ངང་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པར་ཞུགས་ཐུབ་པར་བྱུང་།
ཁོ་མོའི་སེམས་སུ་ལྷ་མོའི་ཟློས་གར་ལ་སྦྱོང་བ་བྱ་རྒྱུ་ནི་ཧ་ཅང་ལས་སླ་པོ་ཞིག་ཡིན་པར་འདོད། བསམ་ཡུལ་ལས་འདས་པ་ཞིག་ལ་དཀའ་ངལ་ཧ་ཅང་ཆེ་བ་རེད། དེ་ནས་བཟུང་ལྷ་མོའི་ཟློས་གར་ནི་གནམ་གང་ལ་མཚོན་ན་དགའ་ཕྱོགས་ཁོ་ན་ཙམ་མིན་ལ། འཁྲབ་སྟོན་ཁོ་ན་ཞིག་ཀྱང་མ་ཡིན། ལོ་ངོ་གསུམ་རིང་གི་སློབ་མའི་འཚོ་བའི་སྐབས་སུ། རྒན་རབས་པ་རྣམས་ཀྱིས་རིམ་པ་བཞིན་སློབ་ཁྲིད་བྱས་པ་དང་། གཞས་གདངས་དང་། གར་གྱི་སྟངས་སྟབས། འཁྲབ་རྩལ་བཅས་བསླབ་པ་དང་། དཀའ་ངལ་ཧ་ཅང་ཆེ”ཞེས་ཁོ་མོས་དེ་ལྟར་བཤད།
རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་དེ། གནམ་གང་གིས་ལྷ་མོའི་སྒྱུ་རྩལ་གྱི་སྟངས་སྟབས་དང་། གཞས་གདངས། འཁྲབ་རྩལ་བཅས་མགྱོགས་མྱུར་སྒོས་ཁོང་དུ་ཆུད་པ་རེད། 1975ལོར་ཁོ་མོས་ལྷ་མོའི་ཚོགས་པའི་ནང་ཞུགས་ཚུན་གྱི་མི་སྣ་གལ་ཆེན་ཞིག་སྟེ། ལྷ་མོའི་འཁྲབ་སྟོན་རྣམ་པའི《སྒྲོན་དམར་ཟིན་ཐོ》ཡི་ནང་གི་ལི་ཐེ་མའེ་འཁྲབ་སྟོན་བྱས་པ་རེད།
གཞས་གདངས་ནི་ལྷ་མོའི་འཁྲབ་སྟོན་གྱི་གཞས་གདངས་ཡིན་ལ། འཁྲབ་སྟོན་དང་སྟངས་སྟབས་ཚང་མ་དཔེ་མཚོན་ཟློས་གར་ལྟར་འཁྲབ་དགོས། དེ་ན་ཇི་ལྟར་བྱ། “བརྙན་ཕབ་ལྟར་ལྟ་ཞོར་སྦྱོང་ཞོར་བྱས་པ་དང་། མཇུག་མཐར་ངས་མི་སྣ་འདི་འཁྲབ་པར་ཚང་མའི་ཁས་ལེན་ཐོབ་སོང་”ཞེས་བཤད།
ལི་ཐེ་མའེ་འཁྲབ་པ་ནས་བཟུང་། གནམ་གང་གི་འཁྲབ་རྩལ་རིམ་བཞིན་ཇེ་བཟང་དུ་ཕྱིན་པ་དང་། དེ་རྗེས་ཁོང་གིས་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་སྟོན《སྣང་ས་འོད་འབུམ》ནང་གི་སྣང་ས་དང་དེ་བཞིན《རྒྱ་བཟའ་ཀོང་ཇོ》ཡི་ནང་གི་ཀོང་ཇོ་སོགས་ཀྱི་མི་སྣ་འཁྲབ་སྟོན་བྱས་པ་རེད།
“ལོ་མང་རིང་ངས་མི་སྣ་མང་པོ་འཁྲབ་པ་ཡིན། ཀོང་ཇོ་འཁྲབ་སྟོན་བྱས་མྱོང་ལ། གདོན་འདྲེ་ཡང་འཁྲབ་མྱོང་བ་དང་། རྒན་རྒོན་ཡང་འཁྲབ་མྱོང་། 1993ལོར་ཚོགས་གཙོ་གཞོན་པའི་འགན་ཁུར་བ་ནས་གར་སྟེགས་དང་ཁ་བྲལ”ཞེས་གནམ་གང་གིས་དེ་ལྟར་བཤད་པ་དང་། གར་སྟེགས་དང་ཁ་བྲལ་བ་ནི་ཡིད་ཕངས་པ་ཞིག་རེད། “ངས་འཁྲབ་མ་ཐུབ་པ་མིན་་་་་་”ཞེས་བཤད།
ཟླ་གཅིག་ལྷག་གི་ཡར་སྔོན་དུ། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་ནས་ཡོང་བའི་ཁ་པར་ཞིག་གིས་གནམ་གང་ཡང་བསྐྱར་གར་སྟེགས་སུ་ལོག་ནས་འཁྲབ་སྟོན་བྱེད་པའི་གོ་སྐབས་བྱུང་། “ཚོགས་པའི་ནང་ཞུགས་ནས་འཁྲབ་སྦྱོང་བྱས་པ་ན། སྔོན་ཆད་དང་འདྲ་བར་ལས་གནས་ཐོག་ཡོད་པའི་ལས་མི་ཞིག་ཡིན་པའི་ཚོར་སྣང་ཡོང་གི་འདུག”ཅེས་བཤད། སྦྱོང་བརྡར་བྱེད་པའི་གོ་རིམ་ཁྲོད་སྒྲ་གདངས་མཐོ་བའི་གླུ་དབྱངས་ལེན་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ལས། གནམ་གང་གིས་དངོས་ཡོད་ཀྱི་དྲན་ཚུལ་བརྗོད་པ་སྟེ། “སྔོན་ཆད་དེ་ལྟར་མ་རེད། ང་སྔ་ས་ནས་རྒན་ཡོལ་ཞུས་”ཞེས་བཤད།
“གར་སྟེགས་སུ་ལངས་པའི་ཚོར་སྣང་ཧ་ཅང་སྐྱིད་པོ་འདུག”བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་བཙུགས་ནས་ལོ60འཁོར་བའི་ལྷ་མོའི་རོལ་དབྱངས་འདུ་ཚོགས་བདེ་བླག་ངང་མཇུག་བསྒྲིལ་ཚར། གནམ་གང་དང་སློབ་གྲོགས་ཚོས་འཁྲབ་སྟོན་པའི་ཐོབ་ཐང་གི་ངོས་ནས་ན་གཞོན་གྱི་ལོ་ཟླ་བསྐྱར་དྲན་བྱས་ཤིང་། ཁོང་ཚོས་དེ་ནི་མཛེས་སྡུག་ལྡན་ལ་དྲན་གསོ་བྱེད་རིན་ཡོད་པའི་ཉིན་མོ་ཞིག་ཡིན་པར་འདོད། མཛེས་མཆོར་ཕུད་རྗེས་ཁོ་མོ་ཚོ་ཡང་རང་རང་གི་འཚོ་བའི་ཁྲོད་དུ་ཕྱིར་ལོག་མོད། འོན་ཀྱང་གནམ་གང་གི་སེམས་ནང་གི་ལྷ་མོའི་འཁྲབ་སྟོན་ལ་བཅངས་པའི་བརྩེ་བ་ཇེ་ཆུང་དུ་ཕྱིན་མེད་ལ། དེའང་ཁོང་གི་སྐད་འཕྲིན་གྱི་མིང་ལ“ལྷ་མོའི་རྣམ་ཤེས”ཞེས་བྲིས་ཡོད་པ་ནང་བཞིན་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།