ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

​གཞིས་རྩེ་ནས་རྒྱལ་ས་པེ་ཅིང་དུ་སྐྱོད་པའི་མཁའ་ལམ་ཤར་གཏོང་ཐུབ་པ།

སྤེལ་དུས 2021-12-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཁ་སང་སྔ་དྲོའི་ཆུ་ཚོད10དང་སྐར་མ20ཡི་སྟེང་དུ། བོད་ལྗོངས་ཀྱི་མཁའ་འགྲུལ་ཀུང་སིའི་མཐོ་སྒངA319རྟགས་ཅན་གྱི་གནམ་གྲུ་གཞིས་རྩེའི་ཞི་བདེ་གནམ་ཐང་ནས་བདེ་བླག་ངང་འཕུར་བ་དང་བསྟུན་ནས། བོད་ལྗོངས་མཁའ་འགྲུལ་ཀྱིས་བོད་ལྗོངས་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་གཞིས་རྩེ་ནས་རྒྱལ་ས་པེ་ཅིང་དུ་སྐྱོད་པའི“མཁའ་དབྱིངས་ཀྱི་གསེར་ཟམ”དངོས་སུ་ཤར་གཏོང་ཐུབ་པ་རེད། 

འཕུར་ཐེངས་ཐོག་མའི་གནམ་གྲུའི་ནང་གི་ལས་མིས་གཞིས་རྩེའི་ཞི་བདེ་གནམ་ཐང་དུ་མཉམ་པར་བླངས་པ།
          གཞིས་རྩེ་ནི་རྒྱལ་ཁབ་རིམ་པའི་ཟོག་འགྲེམས་ལྟེ་གནས་ཤིག་ཡིན་པའི་ཆ་ནས། དེ་ནི་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་མདུན་ཕྱོགས་གནས་ས་དང་གལ་ཆེ་བའི་ཚོང་དོན་ཟོག་འགྲེམས་ལྟེ་གནས་ཤིག་རེད། དེ་རུ་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཡོད་ལ།ཕུན་སུམ་ཚོགས་པའི་ཐོན་རྫས་ཐོན་ཁུངས་དང་རྔམ་མཐུག་པའི་མི་ཆོས་རིག་གནས་ཀྱི་ལོ་རྒྱུས་ཀྱང་ཡོད་སྟབས། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པའི་ཁྲོད་དུ་གནས་བབ་གལ་ཆེན་ཟིན་པ་དང་དམིགས་བསལ་གྱི་དགེ་མཚན་ཡང་ལྡན་ཡོད།

གཞིས་རྩེ་གྲོང་ཁྱེར་གྱི་མཛེས་ལྗོངས།
          ད་ཐེངས་བོད་ལྗོངས་མཁའ་འགྲུལ་གྱིས་གཞིས་རྩེ=ཁྲེང་ཏུའུ་ཧྲོང་ལིའུ=པེ་ཅིང་ཏ་ཞིན་བར་གྱི་མཁའ་ལམ་གསར་དུ་བཏོད་པ་དེས་གཞིས་རྩེ་དང་རྒྱལ་ས་པེ་ཅིང་དབར་ཕན་ཚུན་འབྲེལ་འདྲིས་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་བཏང་བ་དང་། དེ་བཞིན་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར་ཚོགས་པ་དང་ཕན་ཚུན་མཉམ་འབྲེལ་དང་སྤེལ་རེས་བྱེད་པའི་འབྲེལ་བ་ཇེ་དམ་དུ་བཏང་ཡོད། དུས་མཚུངས་སུ། གཞིས་རྩེ་འདི་ཉིད་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བར་ཡང་ཕན་པ་ཡོད།

        བོད་ལྗོངས་མཁའ་འགྲུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ”བཅས་དོན་ཆེན་བཞི་ལ་གནད་འཁེལ་ཞབས་ཞུ་བྱེད་པ། “བོད་ལྗོངས་ལ་དགའ་ཞེན་དང་། བོད་ལྗོངས་ནས་རྐང་འཛུགས་པ། བོད་ལྗོངས་འཛུགས་སྐྲུན་དང་། མཐའ་མཚམས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་ཁེ་ལས་རྩ་དོན་ནན་ཏན་ལག་བསྟར་བྱེད་པ། ཧུར་ཐག་སྒོས་བོད་ལྗོངས་ཀྱི་མཁའ་ལམ་དྲ་རྒྱ་འཆར་འགོད་དང་བཀོད་སྒྲིག་བྱེད་པ། བྱ་སྤྱོད་དངོས་ལ་བརྟེན་ནས་སྐྱེལ་འདྲེན་གྱི“འགན་ལེན་ལམ་ཐིག”དང་མཁའ་ཐོག་གི“ཚེ་སྲོག་ལམ་ཐིག”མི་རིགས་ཀྱི“མཐུན་སྒྲིལ་ཐིག”དང་སྤྱི་ཚོགས་ཀྱི“ཡར་ཐོན་ལམ་ཐིག”གི་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀྱི་དོན་སྙིང་གསལ་བཤད་བྱས་པས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་འཛུགས་སྐྲུན་བྱེད་པར་བྱས་རྗེས་གལ་ཆེན་བཞག་པ་རེད། 
          མཁའ་ལམ་དུས་ཚོད།
          TV9809  གཞིས་རྩེ།10:20-12:40 ཁྲེང་ཏུའུ་ཧྲོང་ལིའུ།16:00-18:30 པེ་ཅིང་ཏ་ཞིན(ཉིན་རེར་འཕུར་ཐེངས་གཅིག་ཡོད།)
          TV9810  པེ་ཅིང་ཏ་ཞིན།18:30-21:35 ཁྲེང་ཏུའི་ཧྲོང་ལིའུ།06:55+1-09:40+1 གཞིས་རྩེ།(གཟའ་འཁོར་རེའི་གཟའ་མིག་དམར་དང་། གཟའ་ཕུར་བུ། གཟའ་སྤེན་པ་བཅས་ལ་ཡོད།)
          TV9810  པེ་ཅིང་ཏ་ཞིན།19:45-22:50 ཁྲེང་ཏུའུ་ཧྲོང་ལིའུ།06:55+1-09:40+1 གཞིས་རྩེ།(གཟའ་འཁོར་རེའི་གཟའ་ཟླ་བ་དང་། གཟའ་ལྷག་པ། གཟའ་པ་སངས། གཟའ་ཉི་མ་བཅས་ལ་ཡོད།)
རྩོམ་སྒྲིག་པ། བདེ་སྒྲོན།