ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་རིགས་ཨ་མས་ལོ་40ཏག་ཏག་བསྐྱོད་པ།

སྤེལ་དུས 2022-01-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། གསར་འགོད་པ་བོད་ལྗོངས་གྲོ་མོ་རྫོང་རིན་ཆེན་སྒང་གྲོང་ཚོའི་ཚེ་རིང་ཆོས་སྒྲོན་གྱི་རང་ཁྱིམ་གསར་པར་སྐྱོད་སྐབས། ཐབ་ཚང་ནང་དུ་ལོ་69ལ་སླེབས་པའི་ཚེ་རིང་ཆོས་སྒྲོན་དང་། ལོ་63ལ་སླེབས་པའི་བདེ་སྐྱིད། ལོ་61ལ་སླེབས་པའི་བུ་ཁྲིད་བཅས་ཀྱིས་གྲོ་ཞིབ་རྫི་བ་དང་། མེ་ཁ་གསོས་ནས་ཁ་ཟས་བཟོ་བའི་ལས་ལ་བྲེལ་བཞིན་མཆིས། བོད་རིགས་ཀྱི་ཁྱད་ལྡན་བཟའ་བཅའ་དེ་དག་ནི་ལོ་གསར་གྱི་མཁོ་ཆས་ཡིན་པའི་ངོས་ནས་རི་སྟེང་གི་སོ་ལྟ་ཁང་གི“ལོ་ཆུང་དམག་མི”ཚོར་སྐྱེལ་རྒྱུ་རེད།
        དེ་ནི་ཨ་མ་རྒན་མོ་གསུམ་གྱིས་སོ་ལྟ་ཁང་གི་དཔོན་དམག་ཚོར་ལོ་གསར་གྱི་མཁོ་ཆས་སྐྱེལ་བའི་ལོ་40པ་དེ་ཡིན།
        1982ལོར། ལོ་23ལ་སླེབས་པའི་བདེ་སྐྱིད་གྲོ་མོར་མནའ་མར་སླེབས་མ་ཐག་པའི་སྐབས་སུ་ཐག་རིང་ལུང་ཁུག་གི་རི་རྩེར་གཉེན་ཉེ“བཅིངས་འགྲོལ་དམག”སྡོད་ཀྱི་ཡོད་པ་ཤེས། ས་གནས་དེའི་མི་རྣམས་ཀྱིས་རི་སྟེང་གི་ཆ་རྐྱེན་ཧ་ཅང་ཞན་པ་མ་ཟད། རྒྱུན་དུ་ཁ་བ་ཆེན་པོ་བབས་ནས་རི་ལམ་འགགས་པ་ཤེས་ཀྱི་ཡོད། བདེ་སྐྱིད་ཀྱིས“བཅིངས་འགྲོལ་དམག་མིས”དཀའ་ཚེགས་ཆེ་བའི་དགུན་ཁ་ཇི་ལྟར་སྐྱེལ་གྱི་ཡོད་མེད་ལ་ཡ་མཚན་ཆེན་པོ་སྐྱེ་ཡི་ཡོད།
        རྗེས་སུ་བདེ་སྐྱིད་ཀྱིས་བུད་ཤིང་འཐུ་མཁན་གྱི་ཨ་ཅག་གཅིག་དང་མཉམ་དུ་རི་རྩེར་ཚལ་སྐྱེལ་རྒྱུའི་གྲོས་བྱས། “ང་ཚོས་རང་ཁྱིམ་དུ་བཏབ་པའི་པད་ཚལ་དང་། ལ་ཕུག ཞོག་ཁོག་སོགས་ཕལ་ཆེར་རྒྱ་མ་སུམ་ཅུ་བཞི་བཅུ་ཙམ་འཁྱེར་ཡོད”ཅེས་བདེ་སྐྱིད་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད་པ་དང་། ཐོ་རེངས་ཆུ་ཚོད་4དང་ཕྱེད་ཀར་རྡོག་ཐོན་བྱས་ན་ཉིན་དགུང་ཆུ་ཚོད་2པར་སོ་ལྟ་ཁང་དུ་འབྱོར་གྱི་ཡོད། “དང་ཐོག་སྐྱོད་སའི་སོ་ལྟ་ཁང་ལ་གདོང་དཀར་ལ་ཟེར་གྱི་ཡོད། ཁ་བ་ཆེན་པོ་བབས་པས་རི་ལམ་འགགས་པ་དང་། ལམ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་དོག་ཏུ་འགྲོ་བ་དང་གངས་ཀྱང་མཐུག་ཏུ་སོང་ནས་ལམ་ནོར་ཐེབས་གྲབས་བྱས”ཞེས་བདེ་སྐྱིད་ཀྱིས་བཤད།
        ཁྱིམ་དུ་ལོག་རྗེས་བདེ་སྐྱིད་ཀྱིས་གྲོང་མི་ཚོར་དེའི་སྐོར་གླེང་སྐབས་མི་མང་པོ་ཞིག་གིས་ལྟ་བར་འགྲོ་འདོད་ཆེན་པོ་བྱེད་ཀྱི་ཡོད། རྡོག་ཐོན་ཐེངས་གཉིས་པ་བྱེད་སྐབས། བདེ་སྐྱིད་ལ་རོགས་པ་ཚེ་རིང་ཆོས་སྒྲོན་དང་བུ་ཁྲིད་གཉིས་མང་དུ་ཕྱིན་ཡོད། དུས་དེ་ནས་བཟུང་བོད་རིགས་བུད་མེད་གསུམ་གྱིས་གཟའ་འཁོར་རེའམ་ཡང་ན་ཟླ་ཕྱེད་ལ་བྲག་ཉག་དང་། གདོང་དཀར་ལ། རྫ་ལེབ་ལ་སོགས་སོ་ལྟ་ཁང་ལ་རིན་པ་མི་དགོས་པར་ཚལ་སྐྱེལ་གྱི་ཡོད།
        ལོ་10ལྷག་ཙམ་གྱི་གོང་ནས་སོ་ལྟ་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་ནས་ཚང་མའི་འཚོ་བ་ཡང་ཡག་ཏུ་ཕྱིན་ཡོད་མོད། འོན་ཀྱང་ཨ་མ་གསུམ་པོས་ད་དུང་སོ་ལྟ་ཁང་ལ་ཚལ་དང་དངོས་ཟོག་རྒྱུན་འཁྱོངས་བྱས་ནས་སྐྱེལ་གྱི་ཡོད། “རི་ལ་འཛེགས་པའི་ལམ་དེ་སྔོན་ལས་ཧ་ཅང་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་གངས་བབས་ན་ད་དུང་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། ཉེ་དུས་ཁ་བ་ཆད་རྗེས་ང་ཚོས་རླངས་འཁོར་ཞིག་གླས་ནས་འགྲོ་རྩིས་ཡོད། གལ་ཏེ་དངོས་གནས་སྐྱོད་མ་ཐུབ་ན། ང་ཚོས་ཐོན་ཤོག་གི་བློ་མཐུན་ཚོར་དབོར་རོགས་ཞེས་ཞུ་རྒྱུ་ཡིན”
        ལོ་40ཡི་ལོ་ཟླའི་ནང་། གུ་དོག་ཅིང་ཉེན་ཁ་ཆེ་བའི་ལམ་བུ་དེར་ཨ་མ་གསུམ་པོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་གངས་རླུང་ལ་མ་འཛེམ་པར་ནགས་ཚལ་དང་གངས་རི་བརྒལ་ནས་སྐྱོད་ཡོད། ཉིན་ལོག་ཐུབ་ཆེད་ཁོང་ཚོས་རྒྱུན་དུ་ཐོ་རེངས་ཆུ་ཚོད་བཞི་པར་ཐོན་པ་དང་། མཚན་དགུང་དུ་གཞི་ནས་ཁྱིམ་དུ་འབྱོར་གྱི་ཡོད། ལམ་བར་དུ་སྦི་ཅི་ལིར་བརྟེན་ནས་འཇིགས་སུ་རུང་བའི་དྲེད་མོང་འབུད་ཐབས་བྱེད་མྱོང་ལ་ཁ་བ་བུ་ཡུག་ལ་གཡོལ་ཆེད་བྲག་ཕུག་ཏུ་ཆུ་ཚོད་ལྔ་ཙམ་སྡོད་མྱོང་ཡང་ཡོད།
        ལོ་40ཡི་རིང་སོ་ལྟ་ཁང་གི་དཔོན་དམག་ཚོ་ཁག་ཐེངས་མང་པོ་བརྗེས་ན་ཡང་། ཨ་མ་གསུམ་པོ་རི་ལ་འཛེགས་པའི་གོམ་སྟབས་ལ་འགྱུར་ལྡོག་བྱུང་མྱོང་མེད་པ་དང་ཁོང་ཚོ་གསུམ་པོ་དཔོན་དམག་ཚོའི་སེམས་ནང་གི་རེ་སྒུག་ཅིག་ཏུ་གྱུར་ཡོད། ས་བབ་སྨི་4655ཟིན་པའི་བྲག་ཉག་སོ་ལྟ་ཁང་དུ་ལོ་10བསྡད་པའི་པན་ཀྲང་ཧྥན་ཀྲའོ་ཧྥུ་ཡིས་མྱོང་ཚོར་ཟབ་མོས“ཁོང་ཚོས་ཨ་མ་ལྟ་བུའི་བརྩེ་སེམས་ཟབ་མོ་བཅངས་ཤིང་སེམས་ཁྲལ་ཡང་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད།
        གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཤོག་ཅིག་གི་ཧྲང་ཝེ་དམག་དཔོན་སློབ་སྟོན་པ་ལང་ཞའོ་ལུང་གིས་གསར་འགོད་པར“1982ལོ་ནས་བཟུང་། ཨ་མ་གསུམ་པོས་སྔ་རྗེས་སུ་སོ་ལྟ་ཁང་དེ་དག་ལ་ཚལ་ཏུན་80ལྷག་ཙམ་བསྐྱལ་བ་དང་སྦྲག་བསྐུར་ཁྲི་ལྷག་ཙམ་གཏོང་སྐྱེལ་བྱས་ཡོད་ཅིང་། ཕར་འགྲོ་ཚུར་འོང་གི་ལམ་ཐག་སྤྱི་ལེ་ཁྲི་7ཙམ་ཟིན་གྱི་ཡོད”ཅེས་བཤད།
        “གུང་ཁྲན་ཏང་གིས་ང་ཚོ་ཞིང་བྲན་ལ་བཅིངས་འགྲོལ་བཏང་ནས་རང་ཁྱིམ་རང་བདག་བྱུང་ཡོད། བཅིངས་འགྲོལ་དམག་མིས་ཚང་མར་སྲུང་སྐྱོབ་དང་རྒྱལ་ཁབ་སྲུང་སྐྱོང་བྱེད་ཀྱི་ཡོད། ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད། བོད་ཀྱི་ཤོད་རྒྱུན་ལ་ཤམ་བྷ་ལ་ཞེས་པའི་གནས་ཡག་པོ་ཞིག་ཡོད་པ་དང་དེ་སུས་ཀྱང་མཐོང་མྱོང་མེད། ངས་བལྟས་ན་དེ་ནི་ང་ཚོས་ད་ལྟ་ཉིན་ལྟར་ལོངས་སྤྱོད་བྱེད་བཞིན་པའི་འཚོ་བ་སྐྱིད་པོ་དེ་རེད་སྙམ་གྱི་འདུག”ཅེས་ཚེ་རིང་ཆོས་སྒྲོན་གྱིས་བཤད།
རྩོམ་སྒྲིག་པ། སངས་སྐྱབས།