ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཉིང་ཁྲི་གྲོང་རྡལ་གྱིས་དཔེ་མཚོན་སྣེ་ཁྲིད་དང་ཡུལ་བབ་ལ་མཐའ་འཁྱོངས་བསྟུན་ཏེ་གྲོང་གསེབ་ཀྱི་རང་རྟེན་ནུས་པ་ཆེ་རུ་བཏང་བ།

སྤེལ་དུས 2022-01-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་གྱིས་དཔེ་མཚོན་སྣེ་ཁྲིད་དང་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་མཚོན་ཁག་གཅིག་ཧུར་ཐག་བཏོད་ནས་གྲོང་གསེབ་ཐོན་ལས་ཀྱི“རང་རྟེན”ནུས་པ་ཆེ་རུ་བཏང་ཞིང་། གནད་ཀྱིས་ཁྱོན་ལ་སྣེ་ཁྲིད་དང་། ཆ་ཤས་ཀྱིས་ཁྱོན་ཡོངས་ལ་སྣེ་ཁྲིད། གཙོ་གནད་ཚད་བརྒལ་གྱིས་སྤྱི་ཡོངས་འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱས་ཏེ་ཉིང་ཁྲི་གྲོང་རྡལ་གྱི་གྲོང་གསེབ་དར་རྒྱས་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཡོད།
            “དེ་རིང་ང་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནས་བགོ་འགྲེམས་སྒོར་5880རག་པ་མ་ཟད། ད་དུང་གླིང་ཁའི་ནང་ལས་ཀ་བྱས་པའི་གླ་ཆ་སྒོར་1860ཡང་རག་བྱུང་། ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་སྲིད་ཇུས་བཟང་པོ་འདི་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོར་གྲོང་ཚོ་ནས་ཕྱིར་བསྐྱོད་མི་དགོས་པར་ཡོང་འབབ་གསོག་རྒྱུ་བྱུང་། ཏང་གི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ངེས་རེད”ཅེས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་ཡུལ་མི་པད་མ་ཤི་ལོག་གིས་དགའ་ཚོར་ཆེན་པོས་བཤད།
            གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བཏང་ཞིང་། 2020ལོའི་ཟླ་4པར་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོས“ཏང་ཀྲི་པུའུ+ཞིང་དུད”ཀྱི་བྱེད་སྟངས་སྤྱད་དེ“སྤྲིན་པ་གཡང་སྐྱིད་གླིང་ཁ”ཞེས་པའི་ཞིང་དུད་སྤྲོ་སྐྱིད་ཁང་གི་རྣམ་གྲངས་ལག་ལེན་བསྟར་ཡོད། 2021ལོ་ཚུན་དུ་རྣམ་གྲངས་དེའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་47.64ལྷག་ཙམ་ཟིན་པ་དང་རྣམ་གྲངས་ནང་ཞུགས་མཁན་ཞིང་དུད་45ཡོད་ཅིང་། ཞིང་དུད་རེར་བགོ་འགྲེམས་སྒོར་5880བརྒྱབ་ཡོད།
            ཀླུ་སྟེང་གྲོང་ཚོའི་ཡག་པོ་འདུག་སྐྱེ་ཁམས་ཞིང་ལས་ཡུལ་སྐོར་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་འབྱོར་སྐབས། མཉམ་ལས་ཁང་གི་ལས་མི་རྣམས་ཞོགས་པ་སྔ་པོ་ནས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་ཡོད་ཅིང་། ཚང་མས་གཟབ་ནན་གྱི་སྒོ་ནས་ཀླུ་སྟེང་གི་བོད་སྒོང་དང་། ཉང་ངུའི་ཀུ་ཤུ། སྦྲ་ནག་གི་མར་སོགས་ཐུམ་རྒྱག་བཞིན་འདུག
            “མཉམ་ལས་ཁང་འདི་2020ལོའི་ཟླ་10པར་བཙུགས་པ་དང་གྲོང་ཚོའི་ཞིང་འབྲོག་པ་དུད་ཚང་69མཉམ་ལས་ཁང་གི་གཉེར་སྐྱོང་ནང་ཞུགས་ཡོད། 2021ལོའི་སྟོན་ཁ་ནས་བཟུང་། མཉམ་ལས་ཁང་གིས་མང་ཚོགས་ལ་ཀུ་ཤུ་རྒྱ་མ་ཁྲི་1ལྷག་ཙམ་འཚོང་རོགས་བྱས་པར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་ཡོད”ཅེས་ཀླུ་སྟེང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས།
            རང་བྱུང་ཐོན་ཁུངས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་བཏང་བ་ཕུད། ཉིང་ཁྲི་གྲོང་རྡལ་གྱིས་ད་དུང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་བྱས་ཏེ། གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་བཏང་ཡོད། ཉིང་ཁྲི་གྲོང་རྡལ་གྱིས་ཀླུ་སྟེང་གྲོང་ཚོའི“རྒྱལ་དར་གཅིག”དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་སྔོག་འདོན་བྱས་པ་བརྒྱུད། “གསར་བརྗེའི་གཏམ་རྒྱུད”འགྲེམས་སྟོན་ཁང་བསྐྲུན་ཞིང་། བོད་ལྗོངས་གསར་རྙིང་བསྡུར་བའི་འགྲེམས་པང་དང་། “རྒྱལ་དར་གཅིག”གི་ཚོན་རིས་གྱང་། གློག་བརྙན《ཞིང་བྲན》སོགས་སྟོན་པ་བརྒྱུད་ནང་དོན་ཕུན་སུམ་ཚོགས་པ་དང་སློབ་གསོའི་དོན་སྙིང་གཏིང་ཟབ་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཧུར་ཐག་བཏོད་ཡོད། དེ་དང་དུས་མཚུངས་སུ་བོན་རི་མཛེས་ལྗོངས་ཁུལ་དང་ལག་འཚེམ་རྒྱལ་དར་གྱི་བྱེད་སྒོར་བརྟེན་ནས། ཏང་ཡོན་གྱིས་ཡུལ་མི་དང་ཡུལ་སྐོར་བར་སྐུལ་ཁྲིད་བྱས་ཏེ་གྲོང་ཚོ་ཡོངས་དང་། གྲོང་རྡལ་ཡོངས། ཐ་ན་བྲག་ཡིབ་ཆུས་བཅས་སུ་གསར་བརྗེའི་ཡུལ་སྐོར་དུས་ཆེན་བཏང་ཞིང་། གསར་བརྗེའི་ཐོན་ཁུངས་དང་རང་བྱུང་མཛེས་ལྗོངས་ཟུང་འབྲེལ་དམ་ཟབ་བྱས་ཏེ་གསར་བརྗེའི་ཡུལ་སྐོར་གྱི་སྤུས་རྟགས་བཏོད་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོན།