ཟླ6པའི་ཚེས15ཉིན་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་མི་སྒེར་གྱིས་ཞལ་འདེབས་སུ་ཕུལ་བའི་ཉར་ཚགས་རིག་དངོས་ཁག་ཅིག་དངོས་སུ་དང་ལེན་བྱས་པ་དང་། རིག་དངོས་ཁག176དེ་ཕོ་བྲང་པོ་ཏ་ལར་ཉར་ཚགས་ཡག་པོ་དང་ཞིབ་འཇུག་བེད་སྤྱོད་བྱེད་རྒྱུ་རེད།
རིག་དངོས་ལས་དོན་མི་སྣས་ཞལ་འདེབས་འབུལ་མཁན་བློ་བཟང་བསྟན་འཛིན(གཡོན་གྱི་བཞི་པ)གྱིས་ཕུལ་བའི་རིག་དངོས་ལ་ལྟ་བཞིན་པ།
ད་ཐེངས་ཞལ་འདེབས་སུ་ཕུལ་བའི་རིག་དངོས་ཁག176གི་ནང་དུ་སྐུ་འདྲ་དང་། ཐང་ག མཆོད་ཆས། ཆོས་དཔེ། ཆོས་གོས་སོགས་ཚུད་ཡོད་ཅིང་། དེའི་ཁྲོད་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས4དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་དངོས21། རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་རིག་དངོས35། སྤྱིར་བཏང་གི་རིག་དངོས110བཅས་ཡོད་པ་མ་ཟད། ད་དུང་གཏན་འཁེལ་བྱ་རྒྱུར་ལུས་ཡོད་པའི་རིག་དངོས་དང་གཟུགས་འདས་རིག་དངོས་བཅས་ཚུད་ཡོད།
བོད་ལྗོངས་རིག་དངོས་གསལ་འབྱེད་ལྟེ་གནས་ཀྱིས་གསལ་འབྱེད་བྱས་པ་བརྒྱུད། ཞལ་འདེབས་སུ་ཕུལ་བའི་རིག་དངོས་ཀྱི་སྣ་ཁ་ཕུན་སུམ་ཚོགས་པ་དང་ཉར་ཚགས་ཡག་པོ་བྱུང་ཡོད་ལ། རིག་དངོས་ཁག་ཅིག་ལོ་རབས་ཡུན་རིང་སོང་བ་དང་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་པར་ངོས་འཛིན་བྱེད་ཀྱིན་ཡོད། རིག་དངོས་རྩ་ཆེན་དེ་དག་ཞལ་འདེབས་སུ་ཕུལ་བ་དེས་ཕོ་བྲང་པོ་ཏ་ལའི་རྟེན་མཛོད་ཁང་སོགས་སུ་ཉར་ཚགས་བྱས་པའི་རིག་དངོས་ཐོན་ཁུངས་སྔར་བས་ཕུན་སུམ་ཚོགས་པོར་ཕྱིན་པ་རེད།
ཞལ་འདེབས་འབུལ་མཁན་བློ་བཟང་བསྟན་འཛིན་གྱིས་རིག་དངོས་ལེགས་སྒྲིག་བྱེད་བཞིན་པ།
གླེང་དགོས་པ་ཞིག་ལ་ཞབས་འདེབས་སུ་ཕུལ་བའི་རིག་དངོས་ཁྲོད་སྤྱི་ལོའི་དུས་རབས15པར་བཞེངས་པའི་རྒྱལ་བ་རིགས་ལྔའི་ཐང་ག་ཚོན་མདངས་རྣམ་པར་བཀྲ་བ་ཞིག་ཡོད་པ་བཞེངས་རྩལ་ཁྱད་དུ་འཕགས་པ་ཞིག་འདུག ཐང་ག་དེའི་རྒྱབ་ངོས་ཀྱི་མཛད་བྱང་ནས་ར་སྤྲད་པ་ལྟར་ན་སྨན་ཐང་ལུགས་ཀྱི་ཐང་ག་བཞེངས་མཁན་སྨན་བླ་དོན་གྲུབ་དང་མཁྱེན་བརྩེ་ལུགས་ཀྱི་ཐང་ག་བཞེངས་མཁན་མཁྱེན་བརྩེ་ཆེན་མོའི་སློབ་དཔོན་ལྷ་རིས་པ་གྲགས་ཅན་སྟོད་པ་བཀྲ་ཤིས་རྒྱལ་པོའི་རི་མོའི་བརྩམས་ཆོས་ཤིག་རེད། ཐང་ག་དེས་བོད་ལྗོངས་ཀྱི་སྤྱི་ལོའི་དུས་རབས15པའི་ནང་སྨན་ཐང་ལུགས་དང་མཁྱེན་རྩེ་ལུགས་ཀྱི་གསར་གཏོད་དང་། འཕོ་འགྱུར། འཕེལ་རྒྱས་བཅས་ལ་ཞིབ་འཇུག་བྱ་རྒྱུར་ཡིད་རྟོན་རུང་བའི་དཔྱད་གཞི་མཁོ་འདོན་བྱས་ཡོད།
ཞལ་འདེབས་འབུལ་མཁན་བློ་བཟང་བསྟན་འཛིན་གྱིས་དུས་ཡུན་རིང་པོའི་ནང་དམངས་ཁྲོད་ཀྱི་རིག་དངོས་རྩ་ཆེན་ལ་དོ་སྣང་བྱས་པ་དང་འབྲེལ་ནུས་ཤུགས་ཡོད་རྒུས་མ་དངུལ་འབོར་ཆེན་བཏང་ནས་བླུ་ཉོ་དང་ཉར་ཚགས་བྱེད་ཀྱིན་ཡོད། ཁོང་གིས་ཆུང་དུས་ནས་བོད་ལྗོངས་ཀྱི་རི་མོ་མཁས་ཅན་ཡེ་ཤེས་ཤེས་རབ་སོགས་རྒན་རབས་པའི་བསླབ་བྱ་མང་པོའི་ཤུགས་རྐྱེན་ཐེབས་ནས་ཉར་ཚགས་ཀྱི་བསམ་ཚུལ་བྱུང་ཞིང་། ཐེངས་འདིའི་ཞལ་འདེབས་ཀྱིས་ཀྱང་རིག་དངོས་དེ་དག་ཉར་ཚགས་ཡག་པོ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཤད།
ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་རིག་གནས་སྲུང་སྐྱོང་ཁོའོ་ཡི་ཁོའོ་ཀྲང་སྤེན་པ་བློ་བཟང་གིས། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་ཞབས་འདེབས་སུ་ཕུལ་བའི་རིག་དངོས་ཀྱི་སྲུང་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རིག་གཞུང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་རྗེས་མར་སྤྱི་ཚོགས་ཡོངས་ལ་འགྲེམས་སྟོན་བྱ་རྒྱུ་ཡིན་ཞེས་བཤད།
བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་ཞའོ་ཁྲོན་ཅང་གིས། ཐེངས་འདིའི་ཞལ་འདེབས་ནི་བོད་ལྗོངས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་རིག་དངོས་སྲུང་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཐེངས་འདིའི་ཞལ་འདེབས་གོ་སྐབས་སུ་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོངས་རིག་དངོས་བྱ་གཞག་ནང་གང་ནུས་ཀྱིས་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། རྩ་ཆེའི་ཤུལ་བཞག་ལ་མི་ཚང་མས་གཅེས་སྤྲས་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས་ཞེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།