བོད་ལྗོངས་སྨན་གླིང་རྫོང་གིས་སྦྱངས་པ་གོ་ཆོད་མཐའ་འཁྱོངས་བྱས་ནས་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱས་པ།
འདས་ཟིན་པའི་ལོ་བཅུའི་ནང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འགྱུར་ལྡོག་གཏིང་ཟབ་དང་མཆོང་སྐྱོད་ཆེན་པོ་བྱུང་ནས། དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། རྒྱལ་སྲིད་དར་ཞིང་དམངས་སེམས་མཐུན་པ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་དགའ་འོས་པའི་རྣམ་པ་ཞིག་ཐོན་ཡོད།
སྨན་གླིང་རྫོང་དུ་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱེད་བཞིན་པ།
སྨན་གླིང་རྫོང་ནི་བོད་ལུགས་གསོ་རིག་དང་བོད་སྨན་འབྱུང་གནས་ཀྱི་གྲས་ཤིག་ཡིན་ཞིང་། མིག་སྔར་རྫོང་ཡོངས་ཀྱི་བོད་སྨན་སྨན་རྒྱུ་འདེབས་ཁྱོན་མུའུ་ཁྲི་ཙམ་ཟིན་ཡོད་ལ། གཙོ་བོ་ལིང་ཙི་ཆིན་དང་། པོ་ལིང་ཀྭ རུ་ཏ། ལྕ་བ། སྡོང་ཕུང་། མཱ་ཁ། ཀྱེ་ལྕེ། ལོ་མ་བདུན་ལྡན་མེ་ཏོག་སོགས་བཏབ་ཡོད།
མིག་སྔར་སྨན་གླིང་རྫོང་འདི་ཉིད་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད།
སྨན་གླིང་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དང་ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་དུ་གནས་པས“མེ་ཏོག་གི་ལུང་ཤུར་དང་སྨན་གྱི་ལུང་པ”ཞེས་འབོད་ཀྱི་ཡོད།
བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། སྨན་གླིང་རྫོང་གིས《བོད་སྨན་སྨན་རྒྱུ་འདེབས་འཛུགས་ཀྱི་རོགས་སྐྱོར་བྱེད་ཐབས》ཆེད་མངགས་བཏོན་ནས། བོད་སྨན་སྨན་རྒྱུ་འདེབས་འཛུགས་དང་། ལས་སྣོན། བྲིན་ཚོང་བཅས་རང་བརྟེན་འཕེལ་རྒྱས་གཏོང་མཁན་ཞིང་དུད་དང་མཉམ་ལས་རྩ་འཛུགས་ལ་རྫོང་ནོར་སྲིད་ཀྱིས་མ་དངུལ་ངེས་ཅན་གྱི་རོགས་སྐྱོར་བྱེད་པ་དང་ཆབས་ཅིག ཆེད་ལས་ལག་རྩལ་མི་སྣ་དང་མཐུན་སྦྱོར་གྱིས་བོད་སྨན་སྨན་རྒྱུ་འདེབས་གསོ་དང་། འདེབས་འཛུགས། ཞིང་ནང་དོ་དམ་བཅས་ལ་མཛུབ་ཁྲིད་ཀྱང་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། སྨན་གླིང་རྫོང་གིས་སྨན་གླིང་གྲོང་རྡལ་དུ་ཀོང་པོའི་བོད་སྨན་སྨན་རྒྱུ་གསོ་སྦྱོང་ཚོད་ལྟའི་རྟེན་གཞི་བཙུགས་ནས། ཞིང་འབྲོག་མང་ཚོགས་ཚོར་བོད་སྨན་སྨན་རྒྱུ་འདེབས་སྟངས་གསོ་སྦྱོང་དང་། དེ་བཞིན་མིག་སྔའི་རི་སྐྱེས་སྨན་རྒྱུ་འདུལ་གསོ་དང་། སོན་འདྲེན་ཚོད་འདེབས། སོན་བཟང་འདེབས་གསོ་སོགས་བྱས་པས་རྩ་ཆེའི་རི་སྐྱེས་བོད་སྨན་སྨན་རྒྱུ་སྣ་ཁ10ལྷག་ཙམ་ཚོད་འདེབས་ལེགས་འགྲུབ་བྱུང་ཡོད། དེ་དང་ཆབས་ཅིག་གནས་ཡུལ་ལྷོ་པ་མི་རིགས་ཤང་གནས་ཡུལ་གྲོང་ཚོ་དང་། ཁྱུང་གླིང་གྲོང་ཚོ། ཨོ་རོང་གྲོང་རྡལ་རིབ་གྲོང་ཚོ། ཆབ་ནག་ཤང་འདམ་རྩ་གྲོང་ཚོ་བཅས་ལ་ལིང་ཙི་ཆིན་དང་། ཁ་ཆེ་ཤ་སྐམ། རུ་ཏ་སོགས་རྩ་ཆེའི་སྨན་རྒྱུ་མུའུ180ཁྱབ་གདལ་བཏང་ནས་བཏབ་པ་མ་ཟད། དེ་ས་གནས་དེ་གའི་མང་ཚོགས་ཚོའི་འབབ་འཕར་ཕྱུག་འགྱུར་ཡོངས་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད།

སྨན་གླིང་རྫོང་གི་ཀོང་པོའི་སྨན་ལུང་གཡུ་ཐོག་བོད་ལུགས་གསོ་རིག་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་།
འདས་ཟིན་པའི་ལོ་བཅུའི་ནང་། སྨན་གླིང་རྫོང་གིས“སྨན་གླིང”གི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ་མ་ཟད། ཏར་ཡ་ཀན་དང་། ཆེས་བྲིན་བོད་སྨན། ཅིང་ཏུའུ་ཉན་ཚི་ཨན་སོགས་གྲགས་ཅན་ཁེ་ལས་ནང་འདྲེན་ཡང་བྱས་ནས། “ཁྱིམ་ཚང་ཞིང་ར་དང་། འདེབས་འཛུགས་རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་བརྒྱུད། ཀོ་ཤ་དཀར་པོ་མུའུ800ལྷག་ཙམ་བཏབ་པར་ལོ་རེའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི785བྱུང་སྟེ་མང་ཚོགས་ལ་འབབ་འཕར་སྒོར་ཁྲི369ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཉི་མ་དམར་པོའི་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རའི་ནགས་ཁྲོད་དུ་རི་སྐྱེས་ཀོ་ཤ་དཀར་པོ་ཚོད་འདེབས་ལེགས་འགྲུབ་བྱུང་ནས“སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན”ལ་ཕན་འབྲས་རགས་ཙམ་ཐོན་ཡོད།
རྫོང་ཁོངས་ཀྱི་དོན་དངོས་དང་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་ཏེ་སྨན་གླིང་རྫོང་གིས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་ནས། རྫོང་ཡོངས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་གིས་རིག་གནས་ཡུལ་སྐོར་དང་། ཆུ་གློག་ནུས་རྒྱུ། ཚོང་དོན་ཟོག་འགྲེམས། བོད་ལུགས་གསོ་རིག་དང་བོད་སྨན། ས་མཐོའི་སྐྱེ་དངོས་བཅས“ཐོན་ལས་ཆེན་པོ་ལྔ”མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
2022ལོར་སྨན་གླིང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར21.8ཟིན་པ་དེ་དུས་མཚུངས་ལས4.96%འཕར་ཡོད་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར28054ཟིན་པ་དེ་དུས་མཚུངས་ལས་11%འཕར་ཡོད།
སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་ཟུར་ཞིག
“རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྨན་གླིང་རྫོང་གི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ནས། གནད་དོན་ཐག་གཅོད་བྱེད་ནུས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ནུས་ཆེ་རུ་ཏན་ཏིག་གཏོང་བ་དང་། སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་ཡོང་བ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྨན་གླིང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་གྱིས་བྱ་གཞག་ཁག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན” ཞེས་སྨན་གླིང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཧྲི་ཆིན་གྱིས་བཤད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་གྲོལ་རྗེས་སྨན་གླིང་རྫོང་གི་ཤང(གྲོང་རྡལ)ཁག་གི་རྨང་བརྟན་གཞུང་ལས་ཁང་དང་། གྲོང་ཚོར(སྡེ་ཁུལ)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དོན་དངོས་ལ་གཞི་ཚུགས་ནས“རིགས་པའི་གཞུང་ལུགས་སློབ་ཁང”ཡག་པོ་གཉེར་བ་དང་། “དྲ་ཐོག་སློབ་ཁང”འཛུགས་པ། “སྐོར་སྐྱོད་སློབ་ཁང”གཏོད་པ། “ལག་ལེན་སློབ་ཁང”སྐྲུན་པ་སོགས་ཀྱི་རྣམ་པ་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན“ལམ་བུ་གསར་པར་སྐྱོད་པ”དང“མི་སེམས་སུ་གཏིང་ཟབ་ཟུག་པར”སྐུལ་འདེད་བཏང་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བཞིན་པ།
“རིགས་པའི་གཞུང་ལུགས་ཀྱི་སློབ་ཁང”ཡག་པོ་གཉེར་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཡོངས་ཁྱབ་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད། སྨན་གླིང་རྫོང་གི་ཤང(གྲོང་རྡལ)ཁག་དང་གྲོང་ཚོར(སྡེ་ཁུལ)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཏང་ནང་གི་རྩ་འཛུགས་ཀྱི་འཚོ་བ་དང་ཟུང་འབྲེལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཅིག་སྡུད་ཆེད་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ནས། ཏང་ཡོན་དང་མང་ཚོགས་ཚོས་སློབ་སྦྱོང་གཏིང་ཟབ་དང་། སློབ་སྦྱོང་ཞིབ་ཚགས། སློབ་སྦྱོང་མཐར་ཕྱིན་བཅས་ཡོང་རྒྱུར་སྐུལ་འདེད་བཏང་བ་མ་ཟད། དུས་རབས་གསར་པར་བསམ་བློ་གསར་པས་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱང་བྱས་ཡོད། “དྲ་ཐོག་སློབ་ཁང”བཙུགས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན“དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང”བྱེད་པར་སྐུལ་འདེད་བཏང་ནས། སྨན་གླིང་རྫོང་གི་ཤང(གྲོང་རྡལ)ཁག་དང་གྲོང་ཚོར(སྡེ་ཁུལ)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ་དང་། སྐད་འཕྲིན་སྤྱི་རྟགས། ཁྱུག་དབྱིངས་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མང་ཚོགས་ཚོས་ཁོམ་པ་ཡོད་དུས་སིལ་ཧྲུག་ཅན་གྱི་རང་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་འབྲེལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་གལ་ཆེའི་གསར་འགྱུར་གསར་ཤོས་དང་། དགོངས་པ་གསར་པའི་གསལ་འགྲེལ། དབང་གྲགས་ལྡན་པའི་དཔྱད་གཏམ་རྩོམ་ཡིག ལེགས་བཤད་སོགས་ཀྱི་ནང་དོན་ལེགས་སྒྲིག་ཀྱང་བྱས་ཏེ་གྲོང་ཚོ་ཁག་གི་སྐད་འཕྲིན་ཚོགས་པར་འོས་སྦྱོར་ཡང་བྱས་ཏེ་མང་ཚོགས་ཚོས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་དང་། གང་སར་སློབ་སྦྱོང་། རྒྱུན་དུ་ནས་སློབ་སྦྱོང་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།
དེ་དང་ཆབས་ཅིག་སྨན་གླིང་རྫོང་གིས“སྐོར་སྐྱོད་སློབ་ཁང”བཙུགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན“མང་ཚོགས་དང་འབྲེལ་འདྲིས་དམ་ཟབ”ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྫོང་ཡོངས་ཀྱི་གྲོང་ཚོར(སྡེ་ཁུལ)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“འཚོ་བ་དང་། དོན་དངོས། དགོས་མཁོ་བཅས་དང་ཉེ་བཅར”བྱ་རྒྱུའི་དམིགས་ཚད་མཐའ་འཁྱོངས་ཀྱིས་ཏང་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་དང་ཏང་ཡོན་རྒན་གྲས་སོགས་གདན་འདྲེན་ཞུས་ཏེ་ཉེ་འགྲམ་གྱི་དཔེ་མཚོན་ལ་དབྱེ་ཞིབ་བྱས་ནས་ཚོགས་འདུའི་དགོངས་དོན་དང་། སྲིད་ཇུས་རིགས་པའི་གཞུང་ལུགས། ཞིང་ཕན་སྲིད་ཇུས་བཅས་གསལ་འགྲེལ་བྱེད་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་སྟབས་བསྟུན་སྣ་མང་གི་བྱེད་ཐབས་ཐོག་ནས་སྐོར་སྐྱོད་རྣམ་པ་དང་མཉམ་འགུལ་རྣམ་པའི་སྒྲོག་འགྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དུས་ཐོག་ཏུ་ཁྱིམ་གྱི་སྒོ་རྩ་དང་ཞིང་ནང་དང་མུ་ཁར་བརྒྱུད་བསྒྲགས་བྱས་ཡོད། གཞན་ཡང་སྨན་གླིང་རྫོང་གིས་བཙུགས་པའི“ལག་ལེན་སློབ་ཁང”གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ“ཕན་འབྲས་དངོས་ཐོན་རྒྱུར”སྐུལ་འདེད་བཏང་བ་དང་། སྨན་གླིང་རྫོང་གི་གྲོང་ཚོར(སྡེ་ཁུལ)བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་བྱ་རྒྱུ་དང་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། གྲོང་གསེབ་དར་རྒྱས་དང་། གཞི་རིམ་བཅོས་སྐྱོང་། དང་བླངས་ཞབས་ཞུའི་འཐབ་ས་དང་པོ་བཅས་སུ“ལག་ལེན་སློབ་ཁང”བཙུགས་ཏེ། མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ། མང་ཚོགས་ཀྱི་བདེ་སྡུག་དུས་ཐོག་ཏུ་ཉན་པ་དང་ཨ་ལན་སློག་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དངོས་ནུས་ཤུགས་ཡོད་རྒུས་སེལ་བ་བཅས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཚོའི་བདེ་འཇགས་ཚོར་སྣང་དང་། སྐྱིད་སྣང་། ཐོབ་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ཡོད།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
“ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་ཏན་ཏིག་འཁུར་དགོས” ཡན་ཧྲི་ཆིན་གྱིས། སྨན་གླིང་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”དམིགས་ཚད་ལ་དམ་པོར་དམིགས་པ་དང “1364”ཡི་འཕེལ་རྒྱས་འཐབ་ཇུས་ལ་དམིགས་ནས། སྨན་གླིང་འདི་ཉིད་ཉིང་ཁྲིའི་ཞི་མཐུན་བརྟན་ལྷིང་གི་འཐབ་ཇུས་རྟེན་གཞི་དང་། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། ལྗོངས་ཡོངས་ཀྱི་མཐའ་སྟོབས་མཐའ་དར་གྱི་དཔེ་སྟོན་བཅས་སུ་ཧུར་ཐག་གཏོད་པ་དང་། སྨན་གླིང་གི་རིག་གནས་ཡུལ་སྐོར་གྲོང་ཁུལ་དང་། ཆུ་གློག་གྲོང་ཁུལ། བདེ་ཐང་གྲོང་ཁུལ། མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་ཁུལ་བཅས་སྐྲུན་པའི་ལས་འགན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་སྨན་གླིང་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཞེས་བརྗོད།
རྩོམ་སྒྲིག་པ། བདེ་སྒྲོན།