ཟླ7པའི་ཚེས22ཉིན་བོད་རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་དང་། སློབ་གསོ་ཐིང་། སྡེ་ཚོགས་ཨུ་ལྷན། བུད་མེད་མཉམ་འབྲེལ་ལྷན་ཚོགས། སྒོ་ཁྲལ་ལས་དོན་གཞུང་དོན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི“དུས་རབས་གསར་པའི་གཞོན་ནུ་བཟང་པོ”ཞེས་པའི་བྱེད་སྒོ་ལྷ་སར་སྤེལ་བ་རེད།
བྱེད་སྒོ་དེ་བོད་ལྗོངས་ཇོ་མོ་གླང་མའི་ལོ་ཆུང་མཉམ་གཞས་ཚོགས་པ་དང་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་མཉམ་དུ་འཁྲབ་པའི་ལོ་ཆུང་བྱིས་པའི་གླུ་གཞས་ཁྲོད་འགོ་ཚུགས་པ་དང་རྒྱལ་ཡོངས་ཀྱི་ལྔ་བཟང་ཁྱིམ་ཚང་གི་འཐུས་མི་ཝུན་ལི་ཤིང་དང་། ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་དགེ་ལེགས་པ་སངས་དང་། རྒྱལ་ཡོངས་ཀྱི“དང་བླངས་པ་ཡག་ཤོས”བཀྲ་ཤིས་དོན་གྲུབ། རྒྱལ་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཕུར་བུ་སྒྲོལ་མ། དེ་བཞིན་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་དཔེ་བཟང་བ་བྱམས་པ་ཚེ་རིང་སོགས་ཀྱིས་གཙོ་གནད་ཐོག་ཁྱབ་བསྒྲགས་བྱས་པའི“དུས་རབས་གསར་པའི་གཞོན་ནུ་བཟང་ཤོས5ལ་བྱ་དགའ་སྤྲད་པ་རེད།
“ངའི་བརྗེད་པར་དཀའ་བའི་ཉམས་མྱོང་ནི་ན་ནིང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི2022ལོའི‘ཀྲུང་གོའི་སྙན་ཚིག་ཚོགས་ཆེན’ནང་ཞུགས་ནས་ངའི་མཐོང་རྒྱ་ཆེ་རུ་བཏང་བ་དང་སློབ་གྲྭ་དང་ལེ་དབར་ཁྲི་ཡི་ལམ་བུའི་ཐོག་སྐྱོད་པའི་གོམ་པ་དང་པོ་སྤོས་པ་ཡིན། ཟླ་བ་གཅིག་ལྷག་ཙམ་ནང་ང་དང་མི་རིགས་ཁག་གི་ན་ཟླ་ཚོ་མཉམ་དུ་རྩལ་འགྲན་དང་སློབ་སྦྱོང་སྤེལ་རེས་བྱས་ནས་རང་ཉིད་ཀྱི་ཞན་ཆ་མཐོང་བ་བྱས་བྱུང་། གོམ་སྟབས་རྗེས་མར་ངས་མུ་མཐུད་དུ་འབད་བརྩོན་བྱས་ནས་དེ་བས་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་བཤད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་ནས་ཡིན་པའི་པད་མ་གཡུ་མཚོ་ཡིས་ཚང་མར་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་བརྗེད་པར་དཀའ་བའི་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད།
ཕུགས་བསམ་སྐོར་གླེང་སྐབས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆ་ཚང་སློབ་ཆུང་ནས་ཡོང་བའི་ཀརྨ་བསོད་ནམས་དབང་འདུས་ཀྱིས“ང་ཆེན་པོ་ཆགས་རྗེས་དགེ་རྒན་ཞིག་བྱས་ནས་སྦྱངས་པའི་ཤེས་བྱ་ཕ་ཡུལ་དུ་ཁྱེར་སྟེ་རང་ཉིད་དང་འདྲ་བའི་ཞིང་འབྲོག་ཁུལ་གྱི་ཕྲུ་གུ་རྣམས་ལ་མདུན་ལམ་ཡོད་པ་དང་ཕུགས་བསམ་ཡོད་པ། རྒྱལ་ཁབ་ལ་ཕན་ཐོགས་ཡོད་པ་བཅས་ཀྱི་མི་སྣར་འགྱུར་རོགས་བྱ་འདོད་འདུག”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་བོད་རང་སྐྱོང་ལྗོངས་ཀྱི“དུས་རབས་གསར་པའི་གཞོན་ནུ་བཟང་པོ”20ཁྱབ་བསྒྲགས་བྱས་པ་དང་། གཞོན་ནུ་ཚོས་ཏང་ལ་དགའ་ཞེན་དང་། འབད་འབུངས་ཡར་བརྩོན། འབད་འབུངས་ཕོད་པ། ལེགས་སྐྱེས་འབུལ་རྒྱུར་དགའ་བ། ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་བཅས་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ན་སོ་དར་ལ་མ་བབས་པའི་མིས་སྤྱོད་ཡོན་གཉིས་ལྡན་དང་དགེ་སྒྲུབ་ཡར་བརྩོན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱོད་བཟང་ལ་བརྟེན་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་འགྱུར་རྒྱུར་འབད་བརྩོན་བྱས་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧའེ་ཀྲོའུ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དང་། སྒྲུབ་འགན་འཁུར་མཁན་ཚན་པ། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ། ས་ཁུལ་ཁག་དང་གྲོང་ཁྱེར་ཁག་གི་ཤེས་དཔལ་གཞུང་དོན་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཁྱིམ་བདག་དང་སློབ་མའི་ལྟད་མོ་བ་སོགས་མི170ལྷག་ཙམ་ཡོངས་བསྒྲགས་བྱེད་སྒོར་ཞུགས་ཡོད།