ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་རྒྱ་ཚ་རྫོང་དུ་མཐོ་སྒང་ཆུ་འབྲས་ལ་ལོ་ལེགས་བྱུང་ཡོད།

སྤེལ་དུས 2023-10-30 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཀླུ་མོ་མཚོ་ཡིས་བསྒྱུར།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་དཔའ་མདའ་གྲོང་ཚོའི་ས་གནས་མང་ཚོགས་ཀྱིས་ས་བབ་སྨི3170མཚམས་སུ་འདེབས་འཛུགས་བྱས་པའི་མཐོ་སྒང་ཆུ་འབྲས་ལོ་ལེགས་བྱུང་ཡོད། གསར་འགོད་པ་དཔལ་མདའ་གྲོང་ཚོར་སོང་ནས་རྒྱང་བལྟ་བྱས་པའི་ཚེ། འབྲས་ཞིང་གསེར་མདོག་ལྡན་པ་དང་སྙེ་མའི་རྦ་རླབས་ཁྲོད་མང་ཚོགས་ཀྱི་ལག་ཏུ་ཟོར་བ་བཟུང་སྟེ་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ནས་མུའུ་གྲུ་བཞི་མ20ལྷག་ཡོད་པའི་མཐོ་སྒང་ཆུ་འབྲས་ལོ་ཏོག་བརྔ་བསྡུ་བྱེད་བཞིན་ཡོད། 

གསེར་མདོག་གི་འབྲས་ཞིང་དུ་ལོ་ལེགས་བྱུང་བའི་རྣམ་པ་མངོན་ཡོད།
          གསེར་མདོག་ལྡན་པའི་འབྲས་སོ་འདི་ཐོབ་པ་ནི་ལས་སླ་པོ་ཞིག་མ་རེད། “དེ་སྔོན་མཐོ་སྒང་ལ་འཚམ་པའི་ཆུ་འབྲས་བདམས་གསོ་བྱ་ཆེད། ང་ཚོས་དཀའ་ཁག་མང་པོ་ཞིག་མྱངས་སོང་”ཞེས་བོད་རང་སྐྱོང་ལྗོངས་ཞིང་ཕྱུགས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་གཞོན་པ་ཧྥན་ཁྲོན་ཁོན་གྱིས་གསར་འགོད་པར་བཤད། ཁོང་ཚོས2019ལོ་ནས་བཟུང་ཆུ་འབྲས་འདེབས་འཛུགས་བྱེད་མགོ་བརྩམས་མོད། འོན་ཀྱང་དུས་ཡུན་རིང་པོར་རྒྱལ་ཁ་མ་ཐོབ། 2020ལོའི་ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོར། ཁོ་དང་ཆུང་མ་གཉིས་ཞིང་ཁར་འཆམ་འཆམ་དུ་འགྲོ་བའི་སྐབས་སུ་ཆུ་འབྲས་སྙེ་མ་རྡོག་པོ་ཞིག་མཐོང་། “སྐབས་དེར་ང་རང་སེམས་ངར་སྐྱེད་སོང་། འཕྲལ་མར་འབྲས་ཞིང་དུ་ལྡིང་ནས་ཞིབ་པར་བལྟས་པ་ན། དངོས་ནས་རྒྱུད་འདྲེས་ཆུ་འབྲས་རྡོག་གཅིག་ལ་འབྲས་བུ་སྨིན་ཡོད ”ཅེས་བཤད། 

པར་འདི་ནི་རྒྱ་ཚ་རྫོང་དཔལ་མདའ་གྲོང་ཚོའི་འབྲས་ཞིང་དུ་ལོ་ལེགས་བྱུང་བའི་རྣམ་པ་རེད།
          ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད། ཧྥན་ཁྲོན་ཁོན་གྱིས་རྒྱུད་འདྲེས་ཆུ་འབྲས་ཁྲོད་དྲོད་ཚད་དམའ་བ་ཐེག་ནུས་པ་དང་འོད་ཀྱི་ཕན་འབྲས་མཐོ་བའི་ཁྱད་ཆོས་ལྡན་པའི་ཆུ་འབྲས་བདམས་གསོ་བྱས་པ་སྟེ། བོད་ལྗོངས་སུ་དམིགས་བསལ་དུ་ཡོད་པའི“LS-02”དང“LS-68”ས་བོན་རིགས་གཉིས་ཀྱིས་ལྷོ་ཁ་གྲོང་ཁྱེར་དུ་མཐོ་སྒང་ཆུ་འབྲས་མེད་པའི་སྟོང་ཆ་བསྐངས་བ་མ་ཟད། དེ་དང་ཆབས་ཅིག རྒྱལ་ཡོངས་དང་འཛམ་གླིང་ཧྲིལ་བོར་དྲོད་ཚད་དམའ་བ་ཐེག་ནུས་པའི་ཆུ་འབྲས་འཛུགས་གསོ་དང་བདམས་གསོ་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།


པར་འདི་ནི་ས་གནས་མང་ཚོགས་ལ་མཐོ་སྒང་ཆུ་འབྲས་འདེབས་འཛུགས་ལག་རྩལ་དམར་ཁྲིད་བྱེད་བཞིན་པའི་རྣམ་པ་རེད། 
          གྲོང་མིས་མཐོ་སྒང་ཆུ་འབྲས་འདེབས་འཛུགས་ལག་རྩལ་མགྱོགས་མྱུར་ངང་ཁོང་དུ་ཆུད་པར་བྱ་ཆེད། ཧྥན་ཁྲོན་ཁོན་གྱིས་འབྲས་ཞིང་མུའུ20གྲོང་མིར་སྤྲད་ནས་འདེབས་འཛུགས་བྱས་སུ་བཅུག ད་ལྟ། ས་གནས་གྲོང་མི་མང་པོས་ཆུ་འབྲས་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་ཡོད། “དེ་རིང་གི་རྒྱལ་ཁ་ནི་ང་ཚོའི་ཐུན་མོང་འབད་པ་དང་ཧུར་བརྩོན་བྱས་པའི་མཇུག་འབྲས་ཡིན”ཞེས་ཧྥན་ཁྲོན་ཁོན་གྱིས་བཤད། 

པར་འདི་ནི་ཆུ་འབྲས་ལོ་ལེགས་བྱུང་ཡོད་པས་གྲོང་མིའི་གདོང་ལ་འཛུམ་གྱིས་ཁེངས་པའི་རྣམ་པ་རེད། 

པར་འདི་ནི་ས་གནས་ཞིང་པ་མང་ཚོགས་ཀྱིས་ལོ་ཏོག་བརྔ་བསྡུ་བྱེད་བཞིན་པའི་རྣམ་པ་རེད།
          ཆེད་མཁས་པས་ཡུལ་དངོས་སུ་ཐོན་འབོར་ཚོད་རྩིས་བྱས་པ་ལྟར་ན། རྒྱ་ཚའི་ཆུ་འབྲས་སོན་རིགས་གསར་བ་སྟེ2022LS-68མུའུ་རེའི་ཐོན་འབོར་སྤྱི་རྒྱ556.16ཟིན་ཡོད། སྔོན་དཔག་བྱས་པ་ལྟར་ན། ནས་འདེབས་འཛུགས་དང་བསྡུར་ན་ཆུ་འབྲས་འདེབས་འཛུགས་ཀྱི་ཡོང་སྒོ་ལྡབ་གཅིག་གིས་མཐོ་བ་རེད”ཅེས་རྒྱ་ཚ་རྫོང་གླིང་མདའ་ཤང་གི་ཤང་ཀྲང་ཚེ་བརྟན་བཀྲ་ཤིས་ཀྱིས་བཤད། །
རྩོམ་སྒྲིག་པ། ལྷ་འབྲུག་རྒྱལ།