ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་བྲག་གཡབ་རྫོང་གི་ཕྱུག་འགྱུར་ལམ་བུ།

སྤེལ་དུས 2023-11-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          སྟོན་ཟླ་བཅུ་པའི་བྲག་གཡབ་རྫོང་དུ་ཤིང་ཏོག་གི་དྲི་ཞིམ་གང་སར་འཐུལ་ལ། ཕྱུགས་རིགས་ཀྱི་ཤ་ཤེད་རྒྱས་པ་དང་། ཞིང་ཞོར་ཐོན་རྫས་དང་ཕྱུགས་རིགས་འབོར་ཆེན་ཁྲོམ་རར་བཙོངས་ནས། ཞིང་འབྲོག་མང་ཚོགས་ཚོར་ལོ་རེའི་ལོ་ལེགས་དུས་བཟང་འཆར་ཏེ་དགའ་སྤྲོའི་དཔལ་ལ་རོལ་བཞིན་མཆིས། བྲག་གཡབ་རྫོང་གིས་སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་དངོས་འཛིན་དངོས་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཨུད་ཀྱི“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས། ཞིང་འབྲོག་ལས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞི་ཚུགས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་བྲིན་ཚོང་ཐབས་ལམ་རྒྱ་སྐྱེད་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་སྟེ་བརྗོད་དོན་གཙོ་བོའི་སློབ་གསོའི“དཔྱིད་དཔལ”དེ་མང་ཚོགས་ཚོར་དངོས་ཕན་གཏོད་པའི“འབྲས་བཟང”ལ་དངོས་སུ་འགྱུར་བར་བྱས་ཡོད། 
          ཤིང་འབྲས་ལྡུམ་རའི་ནང་གི“འབབ་འཕར་ཤིང” 
          བྲག་གཡབ་ཀྱི་ཀུ་ཤུ་མི་ཚང་མས་རྒྱུས་མངའ་ཡོད་ལ། མཁར་སྒང་གི་ཀུ་ཤུའི་སོས་མངར་དང་དྲི་ཞིམ་ལ་རྒྱ་ཆེའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། 

ཀུ་ཤུའི་ཐོན་འབབ་ལེགས་པོ་བྱུང་བས་ཞིང་པའི་གདོང་ལས་འཛུམ་མདངས་འཕྱུར་བཞིན་པ།
          མཁར་སྒང་ཞང་གི“འབབ་འཕར་ཤིང”ལ་འབྲས་བཟང་སྨིན་ནས། ལོ་རེར་ཀུ་ཤུ་ཏུན27ཐོན་ཡོད་ཅིང་། སྔོན་ཆད་འདེབས་འཛུགས་དུད་ཚང་གིས་ཉིན་ལྟར་ལམ་འགྲམ་དུ་ཉི་འོད་ཆེ་ལ་ལྷག་རླུང་ཁྲོད་ཁྲོམ་བཏོན་ནས་འཚོངས་དགོས་ལ། རིན་གོང་ཡང་མཐོ་པོ་རག་གི་མེད་། ད་ཆ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཚོང་འགུགས་མ་འདྲེན་ཤུགས་ཆེན་གྱི་རྒྱབ་སྐྱོར་འོག“ཅུས་ཧྲེང་ཡོན”ཀུ་ཤུའི་སྐྱུར་ཆུ་ལས་སྣོན་བཟོ་གྲྭ་བྲག་གཡབ་ཐོན་ལས་གླིང་དུ་གཞིས་ཆགས་པ་མ་ཟད། མཁར་སྒང་ཞང་ཀུ་ཤུ་འདེབས་འཛུགས་དུད་ཚང་དང་ཉོ་སྒྲུབ་གྲོས་མཐུན་ཡང་བཞག་ནས“ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”རྣམ་པ་བཏོད་དེ། མང་ཚོགས་ཚོའི་ཀུ་ཤུ་ཚོང་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཡོད་ལ། ཁེ་ལས་ཀྱི་ཐོན་སྐྱེད་ལ་མཁོ་བའི་མ་བཅོས་རྒྱུ་ཆ་ཡང་འགན་ལེན་ཐུབ་ཡོད། སྔོན་ཆད་མང་ཚོགས་ཀྱིས་ཁྲོམ་བཏོན་ནས་བཙོངས་པ་དང་བསྡུར་ཚེ་ཁེ་ལས་ཀྱིས་སྤྲད་པའི་ཉོ་སྒྲུབ་རིན་གོང་དེ་ཁྲོམ་རའི་སིལ་ཚོང་རིན་གོང་ལས3%ཡིས་མཐོ་བས། མང་ཚོགས་ཀྱི་ངལ་ནུས་བཅིངས་འགྲོལ་གཏོང་རོགས་བྱེད་པ་དང་ཆབས་ཅིག་བརྟན་པོའི་ངང་འབབ་འཕར་ཡོང་ཐབས་ཀྱང་བྱས་ཡོད། 
          མཁར་སྒང་ཞང་གི་ཀུ་ཤུ་འདེབས་མཁན་ཟླ་བས“དེ་སྔ་ཀུ་ཤུའི་ཐོན་ཚད་དམའ་ལ་འབྲས་བུ་ཆུང་བའི་ཁར་ང་ཚོས་ཡལ་བཞུར་དང་ལུད་རྒྱག་སྟངས་ཀྱང་མི་ཤེས་པས། རྫོང་གིས་ཞིང་ལས་ལག་རྩལ་དགེ་རྒན་མངགས་ནས་ཤིང་འབྲས་ལྡུམ་རྭ་རུ་གྲོང་ཚོ་ཡོངས་ཀྱི་འདེབས་འཛུགས་དུད་ཚང་ལ་ཡལ་བཞུར་དང་ལུད་རྒྱག་སྟངས། ཤིང་འབྲས་དབྱེ་འབྱེད། ནད་དང་འབུའི་གནོད་འཚེ་འགོག་བཅོས་སོགས་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱེད་ཡོད། ད་ཆ་ང་ཚོས་བཏབ་པའི་ཀུ་ཤུ་ཆེ་ཡང་མངར་ལ “ཅུས་ཧྲེང་ཡོན”ཀུ་ཤུའི་སྐྱུར་ཆུ་ལས་སྣོན་བཟོ་གྲྭ་དང་བྲིན་ཚོང་གི་གྲོས་མཐུན་བཞག་ནས་ཤིང་འབྲས་ལྡུམ་རའི་ཀུ་ཤུ་འཚོང་ཐུབ་ཀྱི་ཡོད་པས། ཏང་དང་སྲིད་གཞུང་གིས་ང་ཚོའི་ཡོང་འབབ་ཇེ་མང་དུ་བཏང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
          འབྲོག་རའི་ནང་གི“འབབ་འཕར་གུར” 
          ནམ་མཁའ་སྔོ་ཞིང་དྭངས་ལ་རླུང་བུ་སིལ་སིལ་ལྡང་བའི་མུ་མེད་རྩྭ་ཐང་སྟེང་སྦྲ་གུར་དཀར་པོ་མང་དག་ཅིག་ཡོད་ཅིང་། བྲག་སྨར་གཞུང་ལམ་བརྒྱུད་མཁན་ཡུལ་སྐོར་བ་ཚོས“ཟ་ལས”སྒར་སའི་གུར་ནང་དགའ་སྤྲོའི་དཔལ་ལ་རོལ་ཏེ་སྟོན་དུས་ཀྱི་ས་མཐོའི་མཛེས་ལྗོངས་མྱོང་རོལ་བྱེད་ཀྱི་ཡོད། 

          ཨ་ཚུར་ཞང“ཟ་ལས”སྒར་སའི་མཛེས་ལྗོངས།
          བྲག་སྨར་གཞུང་ལམ་ངོགས་སུ་གནས་པའི་ཨ་ཚུར་ཞང་གི“ཟ་ལས”སྒར་ས་ནི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཤིག་ཡིན་ཞིང་། གུར་བོགས་གཏོང་དང་། ཁྱད་ལྡན་བཟའ་འཐུང་། སྒར་སྡོད་མྱོང་ཚོར། ཡུལ་སྐོར་ལྟ་སྐོར་བཅས་ཀྱི་ཞབས་ཞུ་གཙོ་བོར་བྱེད་པ་དང་། ཡུལ་སྐོར་བའི་ཞབས་ཞུ་དང་། གད་སྙིགས་གསོག་འཇོག ཆུ་གློག་མཁོ་སྤྲོད་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བསྐྲུན་ཏེ་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ལ་སྟབས་བདེའི་ཟ་འཐུང་དང་། ཞག་སྡོད། ཡུལ་སྐོར་སོགས་ཀྱི་ཞབས་འདེགས་ཞུས་ཏེ་ས་གནས་དེ་གའི་ཞིང་འབྲོག་པར་གཏན་འཇགས་ཡོང་འབབ་བཏོད་ཡོད། 

ཡུལ་སྐོར་བས་བྱེད་སྒོ་སྣ་ཚོགས་ལ་མྱོང་རོལ་བྱེད་བཞིན་པ།
          ཨ་ཚུར་ཞང་ཨ་ཆུང་གྲོང་ཚོའི་གྲོང་མི་རྡོ་བསྟན་གྱིས“ད་ལོ་ཨ་ཆུང་གྲོང་ཚོའི‘ཟ་ལས’སྒར་སས་འགྲོ་འོང་བྱེད་མཁན་གྱི་ཡུལ་སྐོར་བར་སྣེ་ལེན་ཞུས་ཏེ་གྲོང་ཚོ་ཧྲིལ་པོར་མཉམ་སྡེབ་ཡོང་འབབ་སྒོར་ཁྲི5ལྷག་ཙམ་བཏོད་ནས། ཁྱིམ་གྱི་སྒོ་འགྲམ་ནས་ང་ཚོར་གཏན་འཇགས་ཡོང་འབབ་བཏོད་བྱུང་བས། ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོ་ཐག་རིང་འབྲོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁྲལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སང་ལོ་ང་ཚོས་རྟ་བཞོན་པ་དང་འབྲོག་པའི་འཚོ་བ་ཉམས་ལེན་སོགས་ཁྱད་ལྡན་རྣམ་གྲངས་མང་དུ་བཏང་ནས‘ཟ་ལས’སྒར་ས་ཇེ་ལེགསདང་འབྲོག་པ་ཚོའི་ཁེ་སྤོགས་ཇེ་མང་དུ་གཏོང་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད། 
          ཁྱིམ་གྱི་སྒོ་འགྲམ་གྱི“འབབ་འཕར་ས་ཚིགས”
          བྲག་གཡབ་རྫོང་གི་དབྱར་རྩྭ་དགུན་འབུ་དང་། གླ་སྲིན། གྲོ་མ། སྙི་བ་སོགས་ནགས་ཁྲོད་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་ལ། ནགས་ཁྲོད་ཐོན་ཁུངས་ལོ་རེར་རྒྱ་མ་ཁྲི30ལྷག་ཙམ་ཐོན་གྱི་ཡོད། སྔོན་ཆད་ཞིང་འབྲོག་མང་ཚོགས་ཚང་མས་གཉེན་ཉེ་དང་གྲོགས་པོ་བརྒྱུད་འཚོང་ཐབས་བྱེད་ཀྱི་ཡོད་ལ་རིན་གོང་མཐོ་པོ་རག་གི་མེད། 

          བྲག་གཡབ་རྫོང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཀྱི་དགོས་མཁོ་དང་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས། སྨི་ངོས་གྲུ་བཞི་མ400ཡི་ནགས་ཁྲོད་ཐོན་ཁུངས་ཉོ་ཚོང་ལྟེ་གནས་བསྐྲུན་པས། ཞིང་འབྲོག་མང་ཚོགས་ཀྱི་ནགས་ཁྲོད་ཐོན་ཁུངས་དག་གཅིག་གྱུར་གྱི་གཏན་འཇགས་ཉོ་ཚོང་བྱ་ཡུལ་ཡོད་ལ། སྲིད་གཞུང་གིས་ཚོང་ལམ་འཚོལ་རོགས་དང་། ཉོ་མཁན་འཚོལ་རོགས། རིན་གོང་གླེང་རོགས་བཅས་བྱས་པས་ལོ་རེར་ཉོ་ཚོང་བྱེད་ཚད་སྒོར་ཁྲི300ལྷག་ཙམ་ཟིན་གྱི་ཡོད། 
          འཁན་ཐང་ཞང་རྟ་རུ་གྲོང་ཚོའི་གྲོང་མི་ཚེ་རྣམ་གྱིས“དབྱར་རྩྭ་དགུན་འབུའི་ཡོང་འབབ་ནི་ང་ཚོའི་ནང་མི་བདུན་གྱི་ལོ་གཅིག་གི་དཔལ་འབྱོར་ཡོང་འབབ་གཙོ་བོ་དེ་ཡིན་ཞིང་། ང་ཚོས་གྲོང་སྡོད་ལས་དོན་རུ་ཁག་དང་ཞང་གི་ལས་བྱེད་པའི་ས་ནས་ཤེས་རྟོགས་བྱུང་གསལ་ལ། ད་ཆ་རྫོང་གིས་ནགས་ཁྲོད་ཐོན་ཁུངས་གཅིག་སྡུད་ཉོ་ཚོང་ལྟེ་གནས་བཙུགས་པས། ད་ལོ་བཏུས་པའི་དབྱར་རྩྭ་དགུན་འབུ་དག་དེར་འཁྱེར་ཚེ་གནས་དེར་སྦྱིན་བདག་མང་པོ་ཡོད་པས་མྱུར་དུ་བྲིན་གྱི་ཡོད་ལ་བློ་ཡིད་ཚིམ་པའི་རིན་གོང་ཞིག་ཀྱང་ལམ་སེང་རག་གི་ཡོད། ཏང་དང་སྲིད་གཞུང་གིས་ང་ཚོ་མི་སེར་ཚོའི་ཕྱོགས་གང་སར་སེམས་ཁྲལ་གནང་བས་ད་ཆ་ང་ཚོར་ཁ་བསླུས་ཐེབས་དོགས་ཀྱི་སེམས་ཁྲལ་མི་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད། 
          ཐང་ཆེན་ཐོག་གི“འབབ་འཕར་ཐང་ཁྲོམ”
          ཤིང་འབྲས་ཀྱི་དྲི་ཞིམ་གང་སར་འཐུལ་རྒྱུ་ཡོད་པ་ནི་སྟོན་དུས་ཀྱི་ལག་རྟགས་ཡག་ཤོས་དེ་རེད་ལ། འབྲུ་རིགས་སྣ་ལྔར་ལོ་ལེགས་འབྲས་བཟང་བྱུང་བ་ནི“ཞིང་གསུམ”ལས་དོན་གྱི་གྲུབ་འབྲས་བཟང་ཤོས་དེ་རེད། 

          ད་ལོའི་ཟླ9པའི་ཚེས23ནས24ཉིན་བར། བྲག་གཡབ་རྫོང་གིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དྲུག་འཚོགས་པར་བརྟེན་ནས། ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་དངོས་རྫས་བརྗེ་རེས་ཚོགས་འདུ་འཚོགས་ཏེ་ཞང(གྲོང་རྡལ)13དང་དམངས་གཉེར་ཁེ་ལས20ལྷག་ཙམ་གྱི་ནམ་དུས་ཤིང་འབྲས་དང་། ཚགས་ཤ་དང་ལུག་ཤ་སོས་པ། གསེར་དངུལ་ཡོ་བྱད། ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་དངོས་ཟོག་བརྗེ་རེས་སྒོར་ཁྲི30ལྷག་ཙམ་བྱས་ཡོད། ཟླ10པའི་ཚེས28ཉིན། བྲག་གཡབ་རྫོང་གིས“སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་སྟོན་དུས་སུ་ཞིང་སྐྱོར་དང་འབབ་འཕར་གཏོད་རོགས་བྱེད་པའི”བྱེད་སྒོ་དང་འབྲོག་ལས་ཐོན་རྫས་མངགས་ཉོའི་མཛད་སྒོ་འཚོགས་ནས། འབྲོག་ལས་ཐོན་རྫས་ཏུན150ལྷག་ཙམ་གྱི་སྔོན་ཚོང་མངགས་ཐོ་བཞག་པ་དང་། ནོར་ལུག་གི་ཤ་རྒྱ་མ10721.12ས་གནས་ས་ཐོག་ཏུ་བཙོངས་པ། ཆབ་མདོ་གྲོང་ཁྱེར་གྱི་ཚོགས་ར་གཙོ་བོར་ཚགས་ཤ་ཏུན120ཡི་བྲིན་ཚོང་འདོད་བློ་བཞག་པ་མ་ཟད། བྱེད་སྒོའི་ཐོག་ད་དུང་ས་གནས་དེ་གའི་མར་དང་ཕྱུར་བ། བོད་བྱ་དང་བོད་བྱའི་སྒོ་ང་སོགས་ཞིང་འབྲོག་ཐོན་རྫས་ཚོང་རྒྱུར་སྐུལ་ཁྲིད་བྱས་པས་བྲིན་ཚོང་དངུལ་འབོར་སྒོར་ཁྲི52.38ལྷག་ཙམ་ཟིན་ཡོད། 
          གཙང་གསར་ཞང་ཁྲ་མོ་གྲོང་ཚོའི་གྲོང་མི་བློ་བཟང་བསྟན་འཛིན་གྱིས“སྲིད་གཞུང་གིས་གཙང་གསར་ཞང་དུ་འབྲི་གཡག་རྒྱགས་གསོའི་རྟེན་གཞི་བསྐྲུན་ཞིང་། དེ་གར་ངས་འབྲི་གཡག་རྒྱགས་གསོ་སོགས་ཆེད་ལས་ལག་རྩལ་ཤེས་བྱུང་ལ། ད་ཆ་དངོས་ཟོག་སྤེལ་རེས་ཚོང་འདུས་དང་ཞིང་སྐྱོར་ཉོ་ཚོང་ལས་སྟེགས་ཡོད་པས། ངའི་ཁྱིམ་གྱི་བཤས་བཏང་མ་ཐག་པའི་འབྲི་གཡག་གཉིས་ཀ་བཙོངས་ཟིན་ལ། ས་གནས་ས་ཐོག་ཏུ་ཉོ་མཁན་དང་གྲོས་མཐུན་བཞག་པ་དང་རིན་གོང་ཡང་འཚམ་པོ་འདུག་པས་བྲིན་ཚོང་གི་གནད་དོན་ལ་སེམས་ཁྲལ་སྤུ་ཙམ་ཡང་མིན་འདུག ང་ཚོ་གསོ་ཚགས་དུད་ཚང་གི་ངོས་ནས་བརྗོད་ན་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་ཧ་ཅང་སྟབས་བདེ་པོ་འདུག་པས་རྗེས་སུ་ལོ་ལྟར་བྱེད་སྒོ་དེའི་ནང་ཞུགས་ཀྱི་ཡིན”ཞེས་བཤད། 


རྩོམ་སྒྲིག་པ། ལྷ་འབྲུག