ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

པཎ་ཆེན་རིན་པོ་ཆེ་མཆོག་གིས་དགེ་འདུན་པ་ཚོར་ཞལ་གསུང་གལ་ཆེན་གནང་འདུག

སྤེལ་དུས 2023-11-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          “ང་ཚོ་ནི་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས། སྨོན་ལམ་འདུ་ཚོགས་ལ་ཞུགས་པའི་སྐབས་དང་ཆོས་ལ་ཐོས་བསམ་ཉམས་ལེན་བྱེད་པའི་སྐབས། ཡང་ན་སངས་རྒྱས་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཞུགས་པའི་སྐབས་གང་ཡིན་རུང་མི་རྣམས་ལ་བག་ཆགས་ཧ་ཅང་ཡག་པོ་ཞིག་འཇོག་དགོས།” ཟླ11པའི་ཚེས20ནས་ཚེས24ཉིན་གྱི་བར་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་སྔ་རྗེས་སུ་གཞིས་རྩེ་རྣམ་གླིང་རྫོང་ལྷ་སྡིངས་དགོན་དང་། པ་སྣམ་རྫོང་སྤོས་ཁང་དགོན། གྲངས་མེད་ཅན་དགོན་བཅས་སུ་ཕེབས་ནས་མཆོད་མཇལ་དང་བཀའ་ཆོས་གནང་ཞིང་། དེའི་རིང་ལ་དགེ་འདུན་པ་ཚོར་སངས་རྒྱས་ཆོས་ལ་དད་བཀུར་གྱི་བསམ་པ་རྣམ་དག་ཅིག་འཆང་དགོས་པ་དང་། ལག་ཐོགས་ཁ་པར་སོགས་གློག་རྡུལ་ཐོན་རྫས་ལ་མགོ་འཁོར་དྲག་རྒྱུ་མེད་པའི་བཀའ་སློབ་གནང་། 
          ཉེ་བའི་ལོ་གཉིས་ཀྱི་རིང་ལ། པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་ལྗོངས་སུ་སྤེལ་བའི་ཆོས་ལུགས་གྱི་བྱེད་སྒོ་ཁག་གི་ཐོག་ཏུ། ལག་ཐོགས་ཁ་པར་གྱིས་ཐོས་བསམ་སྒོམ་སྒྲུབ་ལ་སྟབས་བདེ་བསྐྲུན་ཡོད་ཀྱང་། དགེ་འདུན་པ་རྣམས་ཀྱིས་དེའི་ཉེས་དམིགས་ལའང་དགོངས་པ་ཡག་པོ་བཞེས་དགོས་ཞེས་ཐེངས་དུ་མར་གསུངས།
          ཟླ11པའི་ཚེས20ཉིན། པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གླིང་རྫོང་ལྷ་སྡིངས་དགོན་དུ་ཕེབས་ནས་མཆོད་མཇལ་ཞུས་ཤིང་བཀའ་ཆོས་གནང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་ལྷ་སྡིངས་དགོན་པའི་འདུ་ཁང་དུ་རིམ་པ་བཞིན་དགོན་དེའི་དགེ་འདུན་པ་རྣམས་ཀྱིས་ཕུལ་བའི་མཎྜལ་ཕྱག་བཞེས་གནང་ཞིང་། རྗེས་སུ་དགེ་འདུན་པ་རྣམས་ལ་རྗེ་ཙོང་ཁ་པས་མཛད་པའི《ལམ་གཙོ་རྣམ་གསུམ》གྱི་ལུང་གནང་བ་དང་འབྲེལ་ཕྱག་དབང་གནང་བ་དང་། འགྱེད་བསྐྱོན་པ། ད་དུང་འདུ་ཁང་ལ་རབ་གནས་མཛད།

          ལྷ་སྡིངས་དགོན་པའི་མཁན་པོ་ལྷུན་གྲུབ་སྦྱིན་པས་ངོ་སྤྲོད་གནང་བ་ལྟར་ན། དགོན་པ་དེ་ནི་ལྷ་སྡིངས་རི་ཁྲོད་དུ་ཆགས་ཤིང་དགེ་འདུན་པ4ལས་མེད་པའི་དགོན་པ་ཆུང་ཆུང་ཞིག་ཡིན་པ་དང་།  མིག་སྔར་ཨར་འདམ་ཀྱི་ལམ་གསར་པ་ཞིག་དགོན་པར་ཤར་གཏོང་ཐུབ་ཡོད་པ་རེད། ལྷུན་གྲུབ་སྦྱིན་པས། ང་ཚོའི་དགོན་པའི་གཞི་ཁྱོན་ཧ་ཅང་ཆུང་ལ་དགེ་འདུན་པའང་ཉུང་ཉུང་རེད། པཎ་ཆེན་རིན་པོ་ཆེ་མཆོག་གིས་སྐུ་ངལ་ལ་མ་འཛེམས་པར་ལྷ་སྡིངས་དགོན་དུ་ཆིབས་བསྒྱུར་གནང་ནས་བཀའ་ཆོས་གནང་བ་དེ་ང་ཚོར་མཚོན་ན་བསམ་གྱིས་མི་ཁྱབ་པའི་སྐལ་པ་བཟང་པོ་ཞིག་རེད། ད་ཐེངས་ནི་ལོ་ངོ་ཉིས་བརྒྱ་སུམ་བརྒྱའི་རིང་བོད་བརྒྱུད་ནང་བསྟན་གྱི་དེད་དཔོན་ཁོང་ཉིད་དགོན་འདིར་ཞབས་སོར་འཁོད་ཐེངས་དང་པོ་ཡིན་ལ། འདི་ནི་དགོན་པས་སྤྲུལ་སྐུ་སྤྱན་འདྲེན་སོགས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་རྒྱུར་ཉམས་མྱོང་གསོག་རྒྱུའི་ཐད་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད་ཅེས་གསུངས།
          ཟླ11པའི་ཚེས23ཉིན། པཎ་ཆེན་རིན་པོ་ཆེ་མཆོག་གིས་པ་སྣམ་རྫོང་གི་སྤོས་ཁང་དགོན་དུ་མཆོད་མཇལ་ཞུས་ཤིང་བཀའ་ཆོས་གནང་། སྤོས་ཁང་དགོན་གྱི་ན་གཞོན་དགེ་འདུན་པ་ཐུབ་བསྟན་ཤེས་རབ་ཀྱིས་སེར་སྦྲེང་སྒྲིག་སྐབས་སུ་ཆོས་དུང་འབུད་མཁན་གྱི་འགན་འཁུར་གྱིན་ཡོད། ཁོང་གིས། ང་ཚོའི་དགོན་པར་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ཡོད། དགོན་པས་ཟླ་བ་གཅིག་གི་རིང་ལ་གྲ་སྒྲིག་དང་ནང་སྦྱོང་སོགས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་གུས་སྲོལ་རྒྱས་ཤོས་ཀྱི་ཐོག་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཕེབས་བསུ་ཞུས་པ་ཡིན་ཞེས་གསུངས།
          ཐུབ་བསྟན་ཤེས་རབ་ཀྱིས། དགོན་པའི་དགེ་འདུན་པར་རྒྱུན་གཏན་གྱི་བྱ་བ་གཙོ་བོ་གཉིས་ཡོད་པ་སྟེ། དེ་ནི་ཐོས་བསམ་སྒོམ་སྒྲུབ་དང་ཉེ་འགྲམ་གྲོང་ཚོའི་དད་ལྡན་མང་ཚོགས་ལ་རིམ་གྲོ་བསྒྲུབ་རྒྱུ་དེ་གཉིས་ཡིན། “པཎ་ཆེན་རིན་པོ་ཆེ་མཆོག་ང་ཚོ་སྤོས་ཁང་དགོན་པར་ཕེབས་ཐེངས་ཐོག་མ་ཡིན་པས། ཧ་ཅང་དགའ་པོ་བྱུང་ལ་སེམས་འགུལ་ཡང་ཚད་མེད་ཐེབས་བྱུང་། ང་ཚོས་ངེས་པར་དུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་གནང་བའི་བཀའ་ཆོས་དང་ཁྲིད་ལུང་ལ་ནན་ཏན་ངང་ཉན་པ་དང་། ཁོང་མིག་དཔེར་འཛིན་པ་དང་།  ཁོང་གི་བཀའ་སློབ་ལ་བརྩི་སྲུང་ཞུ་རྒྱུ་ཡིན”ཞེས་གསུངས།
          པཎ་ཆེན་རིན་པོ་ཆེ་མཆོག་གིས་སྤོས་ཁང་དགོན་དུ་དགེ་འདུན་པ་རྣམས་ལ་ང་ཚོ་ཚང་མ་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་པ་ཡིན་ལ། ལྷག་པར་དུ་དུས་རབས21པར་སླེབས་ཀྱང་མུ་མཐུད་དུ་ཆོས་རྣལ་མར་སྐྱབས་སུ་འགྲོ་བའི་སྐལ་བ་ཐོབ་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་ལ་ཐོས་བསམ་བྱ་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཞིག་ཡིན་ལ། ཚོགས་དང་བསོད་ནམས་ཆེན་པོ་ཞིག་ཀྱང་ཡིན། ང་ཚོས་གང་དེ་ལས་སླ་པོར་བྱུང་བ་ཞིག་མིན་པ་ཤེས་དགོས་ཞེས་གསུངས། 
          པཎ་ཆེན་རིན་པོ་ཆེ་མཆོག་གིས། ང་ཚོས་རང་ཉིད་ཀྱིས་ཐོས་བསམ་ཉམས་ལེན་བྱེད་པའི་སངས་རྒྱས་ཆོས་ལུགས་ལ་དད་སེམས་ཆེན་པོ་དང་དད་བཀུར་གྱི་བསམ་པ་ཡོད་དགོས་ཏེ། པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་མཆོག་གིས“དགོན་པ་ནི་དགོན་པ་འདྲ་བ་ཞིག་དང་གྲྭ་པ་ནི་གྲྭ་པ་འདྲ་བ་ཞིག་དགོས”ཞེས་གསུངས་དོན་གཙོ་བོ་ཡང་དེ་ཡིན། ང་ཚོས་བྱ་བ་གང་ཞིག་བསྒྲུབས་ཀྱང་མི་གཞན་ལ་བག་ཆགས་བཟང་པོ་ཞིག་ཀྱང་འཇོག་མ་ཐུབ་ཚེ། གནད་དོན་གཞན་དག་ལ་བསམ་གཞིགས་བྱེད་ཟེར་བ་དེ་དེ་བས་ཀྱང་གླེང་ཐབས་བྲལ། ཚང་མ་ཉམས་ལེན་པ་ཞིག་ཡིན་པའི་ངོས་ནས་སྤྱོད་ལམ་ལེགས་པར་སྲུང་བ་དང་། རང་ཉིད་ཀྱི་བསྟན་པ་ལ་དད་ཞེད་དང་རང་ཉིད་ཀྱི་དགོན་པར་གཅེས་སྤྲས་བྱེད་དགོས་ཞེས་གསུངས་གནང་བ་རེད།
 
          ཚེས24ཉིན། གྲངས་མེད་ཅན་དགོན་པའི་འགྲམ་དུ་དད་ལྡན་མང་ཚོགས་ཚོས་མངོན་མིན་རིག་གནས་ཤུལ་བཞག་ཞབས་བྲོ་སྟེ།  ནོར་ཁྱུང་གྲོང་ཚོའི་གཞས་ཆེན་འཁྲབ་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཕེབས་བསུ་ཞུས། གཞས་ཆེན་རུ་ཁག་གི་འགན་འཁུར་བ་བསོད་ནམས་དངོས་གྲུབ་ཀྱིས། པཎ་ཆེན་རིན་པོ་ཆེ་མཆོག་ལ་བསུ་བ་ཞུ་ཆེད་ང་ཚོས་བཀྲ་ཤིས་བདེ་ལེགས་ཀྱི་ནང་དོན་ལྡན་པའི་གཞས་ཚིག་དང་དུམ་ཚན་བདམས་པ་ཡིན་ལ། དེ་ནི་པཎ་ཆེན་རིན་པོ་ཆེ་མཆོག་ལ་གཟིགས་མོ་ཡག་ཤོས་སྤྱན་འབུལ་ཞུ་འདོད་པས་ཡིན་ཞེས་གསུངས། 
          པཎ་ཆེན་རིན་པོ་ཆེ་མཆོག་གིས་གྲངས་མེད་ཅན་དགོན་དུ་དགེ་འདུན་པ་རྣམས་ལ་དགེ་བར་བསྔོ་བའི་ཡིད་ཆེས་དང་བློ་སྟོབས་ཡོད་དགོས། གལ་ཏེ་དེ་དག་སྒྲུབ་མ་ཐུབ་ཚེ་རབ་ཏུ་བྱུང་བར་དོན་སྙིང་མེད་ཅིང་ཆོས་ལ་ཐོས་བསམ་ཡང་བྱེད་ཐབས་བྲལ། ང་ཚོས་གསུང་རབ་བསྟན་བཅོས་ཅི་ཙམ་བཀླགས་ཀྱང་རུང་། ཐ་ན་གསུང་རབ་ཚིག་གཅིག་མ་གཏོགས་མ་ངེས་ཀྱང་། དེ་ཉིད་སེམས་རྒྱུད་འདུལ་བྱེད་དུ་བཟུང་སྟེ་ནང་སེམས་ཀྱི་ཉོན་མོངས་དུག་གསུམ་གྱི་མགོ་བོ་གནོན་གང་ཐུབ་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་སངས་རྒྱས་ཆོས་ལུགས་ལ་ཐོས་བསམ་བྱེད་པའི་དགོས་དོན་དངོས་དེ་མཚོན་ཐུབ་ཅེས་གསུངས་གནང་བ་རེད།

          པཎ་ཆེན་རིན་པོ་ཆེ་མཆོག་གིས། ད་ལྟའི་གོ་སྐབས་ནི་ཧ་ཅང་ཡག་པོ་རེད། པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་ཀྱང“བོད་བརྒྱུད་ནང་བསྟན་དེ་བསྟན་པ་ཡང་དར་གྱི་དུས་སྐབས་སུ་སླེབས་རྒྱུ་རེད་ཅེས་གསུངས་མྱོང”ཞེས་གསུངས་གནང་བ་རེད། 
          པཎ་ཆེན་རིན་པོ་ཆེ་མཆོག་གིས། ང་ཚོས་སྤྱི་ཚོགས་ཡར་རྒྱས་འགྲོ་བ་དང་། དཔལ་འབྱོར་གོང་དུ་འཕེལ་བ། རྒྱལ་སྟོབས་ཇེ་ཆེར་འགྲོ་བ། དངོས་པོའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་སོགས་ཕྱོགས་གང་ཅིའི་ཐད་འགྱུར་ལྡོག་ཆེན་པོ་འགྲོ་བའི་དུས་རབས་འདིར་བོད་བརྒྱུད་ནང་བསྟན་གྱི་གོང་འཕེལ་ཆེན་པོའི་ཆེད་མཉམ་དུ་སྨོན་ལམ་འདེབས་པ་དང་ཤུགས་རྒྱག་དགོས། དེ་ལྟར་བྱས་ན་ད་གཟོད་མིང་དོན་དང་མཚུངས་པའི་དགེ་འདུན་པ་རྣལ་མ་ཞིག་ལ་འགྱུར་ཐུབ་ཅེས་གསུངས་གནང་བ་རེད། 
          ས་ཆ་གང་དུ་ཕེབས་ཀྱང་པཎ་ཆེན་རིན་པོ་ཆེ་མཆོག་གིས་ལམ་བར་དུ་ཕེབས་སྒུག་ཞུ་མཁན་གྱི་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་ཡོད་པ་རེད།
          པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཆེས་ཆེ་བའི་སྤྲུལ་སྐུ་ཞིག་ཡིན་ལ། ཁོང་ནི1990ལོའི་ཟླ2པའི་ཚེས13ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་སྐུ་འཁྲུངས་ཤིང་། 1995ལོའི་ཟླ11པའི་ཚེས29ཉིན་གསེར་བུམ་དཀྲུགས་འདོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་། 

རྩོམ་སྒྲིག་པ། ལྷ་འབྲུག